Jump to content

ཤྲི་ལངྐ། Sri Lanka

Wikipedia ལས།

ཤྲི་ལངྐ་འདི་ རྒྱ་གར་གྱི་ཤར་ལྷོ་ཁ་ཐུག་ལུ་ཆགས་ཏེ་ཡོད་མི་ མཚོ་གླིང་ཆུང་ཀུ་ཅིག་ཨིན་རུང་ མ་འདྲཝ་སྦེ་ཡོདཔ་ཨིན། རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་༦༥,༦༡༠ དེ་ཅིག་ ཡོད་པའི་ས་ཁོངས་ནང་ ས་ཆ་སྔོ་ལྗང་ཅན། མཚོ་འགྲམ། སྔོན་མའི་སྲོལ་རྒྱུན་རྙིངམ། དེ་ལས་ ལོ་ངོ་སྟོང་ཕྲག་ལས་བཅད་དེ་ ཡོངས་གྲགས་ཅན་སྦེ་གནས་ཏེ་ཡོད་པའི་ལམ་སྲོལ་ཚུ་ཡོདཔ་ཨིན་པས།

སའི་གནས་སྟངས།

རྒྱལ་ཁབ་འདི་ནང་ ས་ཆའི་གནས་སྟངས་མ་འདྲཝ་ཡོདཔ་ད་ དེ་ཡང་ དབུས་ཕྱོགས་ལུ་ས་ཁ་མཐོ་དྲགས་དང་ ཆར་ཆུ་ལྡན་པའི་ནགས་ཚལ་མཐུག་དྲགས་ལས་ ས་ཁ་དམའ་ས་ཐང་དང་ མཚོ་འགྲམ་ཚུན་ཚོད་ཡོདཔ་ཨིན།

རྒྱལ་ས་ལྟེ་བ།

ཤྲི་ལངྐ་ལུ་ གཞུང་འབྲེལ་གྱི་ཁྲིམས་བཟོའི་རྒྱལ་ས་ལྟེ་བ་ ཤྲི་ ཇ་ཡ་ཝར་ཌི་ནེ་པུ་ར་ ཀོཊ་ཊི་དང་ ཚོང་འབྲེལ་ལྟེ་བ་དང་ཁྲོམ་སྦོམ་ཤོས་འབད་མི་ ཀོ་ལོམ་བོ་གཉིས་ཡོདཔ་ཨིན།

ཤྲི་ལངྐ་གི་གཞུང་འབྲེལ་རྒྱལ་ས་ལྟེ་བ་ ཤྲི་ ཇ་ཡ་ཝར་ཌི་ནེ་པུ་ར་ ཀོཊ་ཊི་འདི་ རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་གདན་ས་ཡང་ཨིནམ་དང་ མིང་ཐུང་སྦེ་ ཀོཊ་ཊི་ཟེར་ཡང་སླབ་ཨིན་པས། ཚོང་འབྲེལ་གྱི་རྒྱལ་ས་ལྟེ་བ་ ཀོ་ལོམ་བོ་ལས་ ཤར་ལྷོ་ཁ་ཐུག་ལུ་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་ཁར་ཆགས་ཏེ་ཡོད་མི་ ཀོཊ་ཊི་གིས་ ཤྲི་ལངྐ་གི་སྲིད་དོན་དང་བདག་སྐྱོང་ལས་འགན་ཚུ་ནང་ འགན་ཁུར་གཙོ་བོ་འབགཔ་ཨིན།

དུས་རབས་༡༥ པའི་ནང་ ཀོཊ་ཊི་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་འོག་ལུ་ རྒྱལ་རབས་དང་ལྡན་པའི་རྒྱལ་ས་ལྟེ་བ་ཅིག་ཨིན་རུང་ ཤུལ་ལས་ ཀོ་ལོམ་བོ་གི་དེང་སང་གི་ཁྲོམ་ཚོགས་རྒྱ་སྐྱེད་ནང་ལུ་ མཉམ་འབྲེལ་འབད་ནུག། སྤྱི་ལོ་༡༩༨༢ ལུ་ གཞུང་འབྲེལ་ཐོག་ལས་ ཁྲིམས་བཟོའི་ལྟེ་བ་སྦེ་ ངོས་འཛིན་འབད་ཡོདཔ་ད་ ཀོ་ལོམ་བོ་འདི་ དཔལ་འབྱོར་དང་བཀོད་ཁྱབ་ལྟེ་བ་སྦེ་ལུས་ནུག།

ད་རེས་ནངས་པ་ ཀོཊ་ཊི་འདི་ སྔོ་ལྗང་དང་མཚོ་ དེ་ལས་ འཆར་གཞི་ལེགས་ཤོམ་སྦེ་བརྩམ་ཡོད་པའི་ཁྲོམ་ཨིནམ་ལས་ ཀོ་ལོམ་བོ་གི་འུར་ཟིང་དང་ཕྱདཔ་ད་ལུ་ ཙག་ཏོག་ཏོ་དང་ སྡོད་ཁྱིམ་མངམ་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། ཇོཕ་རེ་ བ་ཝ་གིས་བཟོ་བཀོད་འབད་མི་ སྤྱི་ཚོགས་སྒྲིང་ཁྱིམ་འདི་ དི་ཡ་ཝ་ན་མཚོ་གི་མཚོ་གླིང་ཅིག་ནང་ལུ་ཆགས་ཏེ་ཡོདཔ་ཨིན།

ཀོཊ་ཊི་འདི་ སྔོན་ལུགས་ཀྱི་སྲོལ་ཁྱུན་དང་ དེང་སང་གི་གོང་འཕེལ་སླ་བསྲེ་སྟེ་ གཞུང་གི་སྒྲིང་ཁྱིམ་དང་ ཁྲོམ་ཚོགས་ཀྱི་གཞི་རྟེན་མཐུན་རྐྱེན་ཚུ་དང་གཅིག་ཁར་ གྱང་ཁོག་དང་ལྷ་ཁང་ དེ་ལས་ ལམ་སྲོལ་གྱི་ས་ཁོངས་ཚུ་ཡོདཔ་ཨིན། ཤྲི་ལངྐ་གི་མི་མང་ཤོས་ཅིག་གིས་ ད་ལྟོ་ཡང་ ཀོ་ལོམ་བོ་འདི་ རྒྱལ་ས་ལྟེ་བ་སྦེ་བརྩི་དོ་ཡོད་རུང་ ཤྲི་ ཇ་ཡ་ཝར་ཌི་ནེ་པུ་ར་ ཀོཊ་ཊི་འདི་ རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོའི་ ལྟེ་བ་ཅིག་སྦེ་རང་ལུས་ཡོདཔ་ལས་ མ་འོངས་པའི་ཁྲིམས་བཟོའི་ལས་དོན་ཚུ་ནང་ ལཱ་འཕྲོ་མཐུད་དེ་ར་འབད་ནི་ཨིན་མས།

གནམ་གཤིས།

ཤྲི་ལངྐ་ལུ་ གནམ་གཤིས་ཚ་དྲོད་ཀྱི་ཉམས་མྱོང་ཡོདཔ་ལས་ ཆར་ཆུའི་དུས་ཚོད་ཚར་གཉིས་ཀྱི་ ཤུགས་རྐྱེན་འོག་ལུ་ རློན་གཤེར་དང་སྐམ་པའི་དུས་ཚོད་མ་འདྲཝ་སྦེ་ཡོདཔ་ཨིན། ལྷོ་ནུབ་ཀྱི་ཆར་ཆུ་དེ་ སྤྱི་ཟླ་༥ པ་ལས་༩ པ་ཚུན་ ལྷོ་དང་ནུབ་ཕྱོགས་ལུང་ཕྱོགས་ཚུ་ནང་ རྐྱབ་དོ་ཡོདཔ་ད་ བྱང་ཤར་གྱི་ཆརཔ་དེ་ སྤྱི་ཟླ་༡༢ པ་ལས་༢ པ་ཚུན་ བྱང་དང་ཤར་ཁ་ཐུག་ལུ་ རྐྱབ་དོ་ཡོདཔ་ཨིན་པས། དྲོད་ཚད་འདི་ལོ་གཅིག་གི་རིང་ལུ་རང་ ས་དྲོད་ཡོདཔ་སྦེ་སྡོད་དོ་ཡོདཔ་དང་ མཚོ་མཐའི་ས་ཁོངས་ཚུ་ནང་ སྤྱིར་སྙོམས་ལུ་ དྲོད་ཤུགས་ཀྱི་ཚད་༢༧ ལས་༣༠ (སེལ་ཤི་ཡསི་)གི་བར་ན་ཡོདཔ་ཨིན།

བྱུང་རབས།

ལོ་ངོ་༢༥༠༠ ལྷགཔ་ཅིག་གི་ལོ་རྒྱུས་ཐོ་བཀོད་འབད་དེ་ཡོད་མི་ ཤྲི་ལངྐ་འདི་ སྔོན་མའི་རྒྱལ་བརྒྱུད་རྒྱལ་ཁབ་དང་ དབང་འོག་རྒྱལ་ཁབ་ དེ་ལས་ ནང་པའི་ཆོས་ལུགས་དར་ཁྱབ་ཀྱི་གནས་སྟངས་ཚུ་བྱུང་ཨིན། སྤྱི་ལོ་༡༩༤༨ ལུ་ རང་དབང་མ་ཐོབ་ཚུན་ཚོད་ པཱོར་ཅུ་གལ་དང་ ཌཆ་ དེ་ལས་ མཐའ་མཇུག་ཁར་ བིརི་ཊིཤ་གིས་ དབང་འཛིན་འབད་ནུག། ལོ་ངོ་བཅུ་ཕྲག་གསུམ་དེ་ཅིག་གི་རིང་ལུ་ ནང་འཁྲུག་བྱུང་མི་འདི་ སྤྱི་ལོ་༢༠༠༩ ལུ་ མཇུག་བསྡུ་ཡོདཔ་ལས་ ཞི་བདེ་དང་ བསྐྱར་བཟོའི་དུས་སྐབས་གསརཔ་ཅིག་ འགོ་བཙུགས་ནུག།

མི་རློབས་དང་མི་རིགས།

ཤྲི་ལངྐའི་མི་རློབས་ས་ཡ་ ༢༢ དེ་ཅིག་ཡོདཔ་ཨིན། མི་རིགས་གཙོ་བོ་ཚུ་ཡང་ སིན་ཧ་ལིས་ (ཧ་ལམ་བརྒྱ་ཆ་༧༥) དང་ ཏཱ་མིལ་ (བརྒྱ་ཆ་༡༥) དེ་ལས་ མུས་ལིམ་ (བརྒྱ་ཆ་༩) ཚུ་ཨིན། རྒྱལ་ཁབ་འདི་ མི་རིགས་དང་ལམ་སྲོལ་མ་འདྲཝ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་རུང་ མི་རིགས་མཐུན་ལམ་གྱི་ཐད་ཁར་ཡང་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན།

སྐད་ཡིག།

ཤྲི་ལངྐ་གིས་ སིན་ཧ་ལ་དང་ ཏཱ་མིལ་སྐད་ཡིག་ཚུ་ གཞུང་འབྲེལ་སྐད་ཡིག་སྦེ་ངོས་འཛིན་འབད་དེ་ཡོདཔ་ད་ ཤེས་རིག་དང་ཚོང་འབྲེལ་ དེ་ལས་ གཞུང་ནང་ ཨིང་སྐད་འདི་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། སྐད་གཉིས་ཤེས་ནི་འདི་ དམིགས་བསལ་གྱིས་ ཁྲོམ་ཚོགས་ནང་ལུ་ ཡོངས་གྲགས་ཡོདཔ་ཨིན།

ཆོས་ལུགས།

ནང་པའི་ཆོས་ལུགས་འདི་ ཡོངས་གྲགས་ཅན་ཅིག་ཨིནམ་དང་ མི་རློབས་བརྒྱ་ཆ་༧༠ དེ་ཅིག་གིས་ ཆོས་ལུགས་འདི་ལུ་ དད་པ་བསྐྱེད་དོ་ཡོདཔ་ཨིན། ཧིན་དུའི་ཆོས་ལུགས་དང་ ཨིསི་ལམ་ དེ་ལས་ ཡེ་ཤུའི་ཆོས་ལུགས་ཚུ་ཡང་ ལག་ལེན་འཐབ་སྟེ་ རྒྱལ་ཁབ་ཀྱི་ ལམ་སྲོལ་སྣ་ཚོགས་ཡོད་མི་ཚུ་ གསལ་སྟོན་འབདཝ་ཨིན། ཆོས་ལུགས་ཀྱི་དུས་སྟོན་ སྟོན་པའི་དུས་ཆེན་ལྔ་འཛོམས་༼ནང་པ་༽ དང་ དི་ཝ་ལི་༼ཧིན་དུ་༽ ཨིཌ་༼མུས་ལིམ་༽ དེ་ལས་ ཡེ་ཤུའི་འཁྲུངས་སྐར་དུས་སྟོན་ཚུ་ ཁྱབ་ཆེཝ་སྦེ་ བརྩི་སྲུང་འབད་དོ་ཡོདཔ་ཨིན།

ལམ་སྲོལ་དང་གྱོན་ཆས།

ཤྲི་ལངྐའི་ལམ་སྲོལ་འདི་ སྔར་སྲོལ་དང་ དབང་འོག་བཙུགས་པའི་སྐབས་ཀྱི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། ཞབས་ཁྲ། སྙན་ཆ། སྒྱུ་རྩལ། དེ་ལས་ བཞེས་སྒོའི་ལམ་སྲོལ་ཚུ་ ཡོངས་གྲགས་སྦེ་ཡོདཔ་ཨིན། རང་ལུགས་ཀྱི་གྱོན་ཆས་ནང་ ཨམ་སྲུ་ཚུ་གི་དོན་ལུ་ ས་རི་དང་ ཕོ་སྐྱེས་ཚུ་གི་དོན་ལུ་ ས་རོང་ཚུ་ཚུདཔ་ཨིན་རུང་ ནུབ་ཕྱོགས་ཕྱི་གླིང་པའི་གྱོན་ཆས་འདི་ ཁྲོམ་ཚོགས་ནང་ལུ་ ཡོངས་གྲགས་ཡོདཔ་ཨིན། ལམ་སྲོལ་ནང་ཤུགས་རང་ ཆོས་ཕྱོགས་ཀྱི་ཆོ་ག་དང་ མི་སྡེའི་སྤུང་འཛོམས་ལས་དོན་ཚུ་ཨིན་པས།

རྩེད་རིགས།

ཤྲི་ལངྐ་ལུ་ ཀིརི་ཀེཊ་(གཡུག་རིལ་)འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ རྒྱལ་ཡོངས་སྡེ་ཚན་འདི་ འཛམ་གླིང་ནང་ མིང་གཏམ་ཐོན་སྟེ་ཡོདཔ་ཨིན། གཞན་ཡོངས་གྲགས་ཅན་གྱི་རྩེད་རིགས་ཚུ་ཡང་ རག་བི་དང་ བོ་ལི་བཱོལ་ (རྒྱལ་ཡོངས་རྩེད་རིགས་) དེ་ལས་ ལུས་རྩེད་ཚུ་ཨིན།

གཞུང་སྐྱོང་དང་སྲིད་ལུགས།

ཤྲི་ལངྐ་འདི་ དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་དང་ སྲིད་འཛིན་གྱིས་ རྒྱལ་ཁབ་དང་ གཞུང་གི་འགོ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ བློན་ཆེན་གྱིས་ རྒྱབ་སྐྱོར་གྱི་ འགན་ཁུར་གཙོ་བོ་ཅིག་ འབགཔ་ཨིན་པས། ཁྲིམས་བཟོའི་དབང་ཚད་ སྤྱི་ཚོགས་ལུ་ཡོདཔ་ཨིན། རྒྱལ་ཁབ་འདི་ བདག་སྐྱོང་གི་དོན་ལུ་ མངའ་སྡེ་༩ དང་ རྫོང་ཁག་༢༥ ལུ་དབྱེ་སྟེ་ཡོདཔ་ཨིན།

དཔལ་འབྱོར།

ཤྲི་ལངྐའི་དཔལ་འབྱོར་དེ་ སོ་ནམ། བགོ་ལ། ལྟ་བཤལ། དེ་ལས་ ཕྱི་རྒྱལ་གྱི་ལཱ་འབད་མི་ཚུ་ལས་ དངུལ་བཏང་མི་ལུ་གཞི་བཞག་དོ་ཡོདཔ་ཨིན་པས། ཇ་དང་འགྱིབ་ དེ་ལས་ བེ་ཏ་ཚུ་ ཕྱིར་ཚོང་འཐབ་སའི་ ཐོན་སྐྱེད་གཙོ་བོ་ཅིག་ཨིན་པས། སྤྱི་ལོ་༢༠༢༢ ལུ་ དངུལ་འབྲེལ་གྱི་ དཀའ་ངལ་ཚུ་རྩིས་ཏེ་ འདས་པའི་ལོ་ཚུ་ནང་ དཔལ་འབྱོར་གྱི་ གདོང་ལེན་ཚུ་ བྱུང་ཡོད་རུང་ བསྐྱར་ཞིབ་དང་ རྒྱལ་སྤྱིའི་གྲོགས་རམ་ཚུ་གིས་ རྒྱལ་ཁབ་བརྟན་ཏོག་ཏོ་བཟོ་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

ཤྲི་ལངྐ་གིས་ འཛམ་གླིང་ནང་ ཕྱི་འབྲེལ་གྱི་མཐུན་ལམ་ཚུ་ ངར་ཡེང་ཡེ་སྦེ་ བདག་འཛིན་འཐབ་དོ་ཡོདཔ་མ་ཚད་ འཛམ་གླིང་སྤྱི་ཚོགས། ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ། ཀ་མཱན་ཝེལཊ། དེ་ལས་ རྒྱལ་སྤྱིའི་ཚོགས་པ་གཞན་ཚུ་གི་ འཐུས་མི་ཅིག་ཨིན་པས། རྒྱ་གར་དང་རྒྱ་ནག་བཟུམ་གྱི་ ལུང་ཕྱོགས་དབང་ཚད་ཅན་ཚུ་དང་ མཐུན་ལམ་ཚུ་འདྲ་མཉམ་སྦེ་བཞག་དོ་ཡོདཔ་ཨིན།

ལྟ་བཤལ།

ལྟ་བཤལ་འདི་ ལས་སྡེ་གཙོ་བོ་ཅིག་ཨིནམ་དང་ འདི་ནང་ ཤྲི་ལངྐ་གི་དང་ཕུའི་ལྷ་ཁང་། རི་དྭགས་སེམས་ཅན་ལྟ་བཤལ། མཚོའི་མཐའམ། དེ་ལས་ ཡུ་ནེསི་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ སི་གི་རི་ཡ་དང་ ཨ་ནུ་ར་དྷ་པུ་ར་ཚུ་ཡོདཔ་ཨིན་པས། ལྟ་བཤལཔ་ཚུ་ མཚོ་གླིང་འདི་གི་ མགྲོན་སྐྱོང་། རྫས་སྦྱོར་སྣ་མང་བཞེས་སྒོ། དེ་ལས་ མཐོང་སྣང་མཛེས་ཏོག་ཏོ་ཚུ་ལུ་ དགའ་སྤྲོ་འབྱུང་དོ་ཡོདཔ་ཨིན།

མཇུག་དོན།

ཤྲི་ལངྐ་འདི་ སྲོལ་ཁྱུན་ཕྱུགཔོ་ དེ་ལས་ རང་བཞིན་གྱི་མཛེས་ཏོག་ཏོ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ སྔོན་མའི་ལམ་སྲོལ་དང་ དེང་སང་གི་རེ་འདོད་ཚུ་ གཞན་དང་མ་འདྲཝ་སྦེ་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་པའི་རྒྱལ་ཁབ་ཅིག་ཨིན།

རྒྱབ་རྟེན།

https://en.wikipedia.org/wiki/Sri Lanka

"https://dz.wikipedia.org/w/index.php?title=ཤྲི་ལངྐ།_Sri_Lanka&oldid=38906" ལས་ སླར་འདྲེན་འབད་ཡོདཔ།