Jump to content

ས་ག་ཟླ་བའི་དུས་ཆེན།

Wikipedia ལས།

ལོ་བསྟར་ཧོར་ཟླ་བཞི་པ་འདི་ ས་ག་ཟླ་བའི་དུས་ཆེན་ཟེར་ སངས་རྒྱས་ཀྱི་དུས་ཆེན་བཞིའི་ནང་ལས་གཅིག་ཨིན། དུས་ཆེན་འདི་ལུ་ རྒྱལ་བའི་དུས་ཆེན་གསུམ་འཛོམས་དང་ ལྔ་འཛོམས་ཟེར་བརྩི་སྲོལ་གཉིས་ཡོདཔ་ལས་ དུས་ཆེན་གསུམ་འཛོམས་ཀྱི་ལུགས་ལས་འབད་བ་ཅིན་ ཟླ་བ་ ༤ པའི་ཚེས་ ༧ ལུ་ སྐུ་བལྟམས་པ་དང་ ཚེས་ ༡༥ ལུ་སངས་རྒྱས་པ་དང་ མྱ་ངན་ལས་འདས་པ་སྦེ་དུས་ཆེན་གསུམ་འཛོམས་བརྩིཝ་ཨིན།

དུས་ཆེན་ལྔ་འཛོམས་སྦེ་བརྩི་བ་ཅིན་ ཟླ་ ༤ པའི་ཚེས་ ༡༥ ལུ་ལྷུམས་སུ་བཞུགས་པ་ སྐུ་བལྟམས་པ་ བདུད་བཏུལ་བ་ སངས་རྒྱས་པ་ མྱ་ངན་ལས་འདས་པ་དང་ དུས་ཆེན་ལྔ་འཛོམས་སྦེ་བརྩིཝ་ཨིན། ནཱ་ལུ་རང་ལུགས་འབྲུག་རྩིས་དང་འཁྲིལ་ཏེ་ དུས་ཆེན་ལྔ་འཛོམས་ཀྱི་ཁུངས་སྦེ་ཞུ་བ་ཅིན།

༡ ལྷུམས་སུ་ཞུགས་པའི་དུས་ཆེན།

དེ་ཡང་བདག་ཅག་གི་སྟོན་པ་ སྐུ་འཕྲེང་འདི་གི་སྔོན་མ་དགའ་ལྡན་ལྷ་ཡུལ་ལུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐུ་འཁྲུངས་ཏེ་ ལྷ་ཚུ་ལུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གནང་ནུག། དེ་སྐབས་སྔོན་མ་སངས་རྒྱས་མར་མེ་མཛད་ཀྱིས་ལུང་བསྟན་པ་རྗེས་སུ་དྲན་ཏེ་ གླིང་བཞིའི་མི་ཚུ་ཆོས་ཀྱིས་གདུལ་བར་དགོངས་ཏེ། འཕགས་པ་བྱམས་པ་མགོན་པོ་རང་གི་རྒྱལ་ཚབ་ཏུ་བསྐོས་སྦེ་ ལྷོ་ཕྱོགས་འཛམ་བུ་གླིང་ལུ་ ཤཱཀྱའི་རིགས་ཀྱི་ཡབ་རྒྱལ་པོ་ཟས་གཙང་དང་། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སྦེ་ འཁྲུངས་ནིའི་ཐུགས་བཞེད་གནང་ནུག། གླང་པོ་གཞོན་ནུ་ཐལ་དཀར་མཆེ་བ་དྲུག་ལྡན་ དངུལ་གྱི་མདོག་ལྟར་དཀར་བ་མགོ་མེ་ཤེལ་ལྟར་དམར་བ། ལུས་གསེར་གྱི་མདོག་བཟུམ་ཅིག་ལུ་སྤྲུལ་ཏེ་ རྡོ་རྗེའི་འགྲོས་སྟངས་ཀྱིས་བྱོན་ཏེ་ ཡུམ་གྱི་སྙན་ཁུང་གཡས་པ་ལས་མར་ལྷུམས་སུ་བཞུགསཔ་ད་ ཡུམ་གྱི་རྨི་ལམ་ལུ་ཡང་ འདི་བཟུམ་གྱི་སྣང་བ་བྱུང་བ་མ་ཟད་ སྐུ་ལུས་ཡང་ཤིན་ཏུ་བདེ་བར་གྱུར་ནུག།

དེ་ཡང་ མདོ་སྡེ་རྒྱ་ཆེར་རོལ་པའི་ལུགས་ལྟར་སྤྱི་ལོའི་སྔོན་ ༩༦༢ ས་མོ་ལུག་གི་ལོ་དཔྱིད་ཟླ་ཐ་ཆུང་ ཧོར་ཟླ་ ༤ པ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་ཡུམ་སྒྱུ་མ་ལྷ་མཛེས་འདི་ ཡུལ་སེར་སྐྱའི་རྒྱལ་པོའི་ཁབ་ཀྱི་ཕོ་བྲང་གི་ནང་ན་ གསེར་ཁྲི་མགུ་ལུ་གཟིམས་སྦེ་བཞུགས་ས་ལུ། བར་སྣང་ལས་སྤྲིན་གྱི་གསེབ་ནས་ ཡུམ་གྱི་ལྷུམས་དེ་ཡང་ ལྟ་ན་སྡུག་པ་འཁོར་བའི་སྐྱོན་གྱིས་མ་གོས་ཤིང་ རྒྱལ་སྲས་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པའི་གནས་ གཞལ་མེད་ཁང་ལུ་བྱིན་གྱིས་བརླབས། དེ་ལས་ལྷུམས་ནང་ལུ་བཞུགས་རིང་ལུ་ཡང་ ལྷ་དང་མི་བྱེ་བ་ཁྲི་ཕྲག་བྱེ་བ་མང་པོ་ལུ་ སྐྱེ་གནས་རྣམ་པར་སྦྱོང་བའི་ཆོས་གནང་སྟེ་བཞུགས་ནུག།

༢ སྐུ་བལྟམས་པའི་དུས་ཆེན།

སངས་རྒྱས་སྐུ་བལྟམས་རནམ་ད་ ཡུམ་སྒྱུ་མ་ལྷ་མཛེས་དེ་ གནས་ཕུན་སུམ་ཚོགས་པ་ལུམྦིའི་ཚལ་ལུ་བྱོན་ཏེ་ མྱ་ངན་མེད་པའི་ལྗོན་ཤིང་རྩ་བར་སྐྱེ་དགུའི་བདག་མོ་ལུ་སྐུ་བརྟེན་སྦེ་བཞུགསཔ་ད་ ཡུམ་གྱི་མཆན་ཁུང་གཡས་པ་ལས་ ན་ཚ་ག་ནི་ཡང་མེད་པར་སྐུ་འཁྲུངས་ནུག། ལྷའི་དབང་པོ་བརྒྱ་བྱིན་གྱིས་བདུད་རྩིའི་ཆུ་གིས་ བྱང་ཆུབ་སེམས་དཔའི་སྐུ་ལུ་སྐུ་ཁྲུས་གསོལ་ཞིང་ ལྷ་ཚངས་པ་གིས་དར་དཀར་གྱི་ན་བཟའ་ཕུལ། བར་སྣང་གི་ལྷ་ཚུ་གིས་བསྟོད་དབྱངས་ཀྱི་སྒོ་ལས་སྲི་ཞུ་ཕུན་སུམ་ཚོགས་པར་ཞུ་ནུག།

བྱང་ཆུབ་སེམས་དཔའ་སྐུ་འཁྲུངསཔ་ཅིག་ཚད་མེད་བཞི་གི་ལམ་ལུ་ངེས་པ་བསྟན་པའི་ཕྱིར་ ཕྱོགས་བཞི་ལུ་གོམ་པ་བདུན་བདུན་སྤོ་སྟེ་བྱོན་པའི་ཤུལ་ལུ་པདྨའི་མེ་ཏོག་བདུན་བདུན་བྱུངམ་མ་ཚད་ ལུམྦིའི་ཚལ་ལུ་མེ་ཏོག་ཚུ་རང་བཞིན་གྱིས་ཤར་བ་དང་ སེར་སྐྱའི་གྲོང་ཁྱེར་གྱི་སྦུག་ལུ་ བྱང་ཆུབ་ཀྱི་ལྗོན་ཤིང་དང་ སྐྱེད་མོས་ཚལ་ལྔ་བརྒྱ་དང་ གཏེར་ལྔ་བརྒྱ་ཡང་བྱུང་བ་སོགས་ལྟས་བཟང་སྣ་ཚོགས་བྱུངམ་མ་ཚད་ ཡབ་རྒྱལ་པོའི་དོན་ག་ར་གྲུབ་ནི་འདི་གིས་མཚན་ལུ་ཡང་ རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཟེར་བཏགས་གནང་ནུག།

༣ བདུད་བཏུལ་བའི་དུས་ཆེན།

དེ་ཡང་བྱང་ཆུབ་སེམས་དཔའ་ རྒྱལ་བུ་དོན་གྲུབ་དགུང་ལོ་ ༣༥ བཞེས་པའི་ས་ག་ཟླ་བའི་ ཚེས་ ༡༥ ལུ་སངས་རྒྱས་རནམ་ད་ རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་ལུ་སྐུ་རྒྱབ་གཏད་དེ་བཞུགས་སྦེ་ སྲོད་འཁོར་ཕག་གི་དུས་ཚོད་ལུ་ལྷོདཔ་ད་ བདུད་ག་ར་འཇོམས་པའི་ཏིང་ངེ་འཛིན་ལུ་ མཉམ་པར་བཞག་སྟེ་ འཇིག་རྟེན་གྱི་ཁམས་ག་ར་ ཏིང་ངེ་འཛིན་གྱི་ འོད་ཟེར་གྱིས་ཁྱབ་པར་མཛདཔ་ད། བདུད་ཀྱི་གནས་ཚུ་ག་ར་དཀྲོགས་ཏེ་ བདུད་ཀྱི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་མངའ་བདག་ བདུད་སྡིག་ཏོ་ཅན་དགའ་རབ་དབང་ཕྱུག་གིས་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་སངས་རྒྱས་ནི་ལུ་བར་ཆད་བརྩམ་ནིའི་དོན་ལུ་ ཤ་རོགསཔ་བཟུམ་བཟོ་སྟེ་ འོངས་ཞིནམ་ལས་ སེར་སྐྱའི་གྲོང་ཁྱེར་ནི་ལྷས་བྱིན་གྱིས་དབང་ཚར་ཡི། ཕོ་བྲང་ཚུ་བཅོམ། བཙུནམོ་ཚུ་ཁྱིམ་ནང་སྒོ་བསྡམ་རྐྱབ། ཡབ་ཟས་གཙང་བཙོན་ལུ་བཙུགས། ཤཱཀྱའི་རིགས་ཚུ་ག་ར་ཕམ་ཚར་ཡི། ཁྱོད་འདི་ཁར་ག་ཅི་འབད་སྡོདཔ་སྨོ་ཟེར་སླབཔ་ད། ལན་ལུ། མངོན་པར་སངས་རྒྱས་པའི་སླད་དུའོ་ཟེར་གསུངས་ནུག།

བདུད་ཀྱིས་སངས་རྒྱས་ནི་འདི་ ཚོགས་ལེ་ཤ་བསགས་དགོཔ་ཨིན། ཁྱོད་འདི་རྒྱལ་པོའི་བུ་སྐྱིད་ཏོང་ཏོ་སྦེ༌ སྡོད་མི་ཅིག་ཨིན་ཟེར་སླབཔ་ད། བྱང་ཆུབ་སེམས་དཔའ་གིས། ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་རྐྱངམ་གཅིག་གིས་ འདོད་ཁམས་ཀྱི་རྒྱལཔོ་ཐོབ་པ་ཅིན། ང་གིས་བསྐལ་པ་དཔག་ཏུ་མེད་པར་ ཚོགས་གཉིས་བསགས་ཡོདཔ་ལས་ ག་ཅི་འབད་འཚང་མི་རྒྱ་ཟེར་གསུངསཔ་ད། བདུད་དགའ་རབ་དབང་ཕྱུག་ང་རྒྱལ་བསྐྱེད་དེ་ མཛུབ་མོ་གཉིས་ཆ་ར་ཡར་ལྷོངས་ཏེ། ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་ཁྱོད་ནི་ཡེ་ཕམ་ཡིན། ཟེར་སླབ་ད། བྱང་ཆུབ་སེམས་དཔས། ཕྱག་མཛུབ་ས་ལུ་བཙུགས་ཏེ། ས་འདི་འགྲོ་བ་ཀུན་གྱི་དཔང་ཡིན་ཏེ།། རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད།། འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད།། ས་ཁྱོད་འདི་ལ་བདག་གི་དཔང་བྱོས་ཤིག། ཟེར་གསུངསཔ་ཅིག་སའི་ལྷ་མོ་བརྟན་མ་ གཟུགས་ཕྱེད་ཀ་ཅིག་ས་ཁ་ལས་ཐོན་སྦེ་སའི་ཐལཝ་ཆུང་ཀུ་ཅིག་ལགཔ་ལུ་བཟུང་སྦེ་ ང་གིས་སའི་དཀྱིལ་འཁོར་འདི་ཙམ་གྱི་ཚད་ལུ་བགྱང་ཚུགས། བྱང་ཆུབ་སེམས་དཔའ་འདི་གིས་ སངས་རྒྱས་ནི་གི་དོན་ལུ་དབུ་དང་ ཡན་ལག་བྱིན་མི་འདི་ གྱངས་ཁ་བགྱང་མི་ཚུགས། ད་འཚང་རྒྱ་བའི་དུས་ལུ་བབས་ཨིན་ཟེར་སླབ་སྦེ་ཡལ་སོང་ནུག།

དེ་ལུ་དགའ་རབ་དབང་ཕྱུག་ངོ་ཚ་སྟེ་ རང་གི་གཡུས་ཁ་ལུ་ལོག་སོང་སྦེ་ བདུད་ཀྱི་དམག་དཔུང་བྱེ་བ་ཕྲག་སུམ་ཅུ་སོ་དྲུག་ གྲ་སྒྲིག་རྐྱབ་སྟེ་འོངསཔ་ད། བྱང་ཆུབ་སེམས་དཔའ་གིས་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལུ་མཉམ་པར་བཞགཔ་ལས། མདའ་མདུང་རལ་གྲིའི་མཚོན་ཆ་དང་ རྡོ་དང་དུག་གི་ཆརཔ་བཟུམ་ཕབ་མི་འདི་ཚུ་ག་ར་ མེ་ཏོག་མན་ད་ར་བ་དང་པདྨ་ལུ་གྱུར་ཏེ་བབས་ནུག། མི་སྙན་པའི་སྒྲ་སྐད་རྐྱབ་མི་འདི་ བསྟོད་དབྱངས་ཀྱི་སྒྲ་ལུ་གྱུར་སོངམ་ལས། བདུད་ཀྱི་དམག༌དཔུང་ཚུ་གི་འདོད་པའི་དུག་གི་སྡོང་པོ་ས་ཁ་ལུ་འགྱེལ། མེ་ཏོག་གི༌མདའ་ལྔ་ས་ཁ་ལུ་བུད། ང་རྒྱལ་གྱི་བྲག་རི་རྩ་བ་ལས་བརྡལ། བདུད་ཀྱི་དམག་དཔུང་ཚུ་ཉམས་ཐག། ཆུ་སྲིན་གྱི་རྒྱལ་མཚན་ནི་ནུབ། དྲན་པ་ཡང་མེདཔ་བཟུམ་སྦེ་མགུ་འཐོམ་འཐོམ་སོང་ནུག།

དེ་ལས་ གཡུས་ཁར་ལོག་སྦེ་ དོ་རུང་དགའ་རབ་དབང་ཕྱུག་ཁོ་རང་གི་བུམོ་གསུམ་མཛེས་ཤིང་ཡིད་དུ་འོང་བའི་ གོས་དང་རྒྱན་ཚུ་བཏགས། ལང་ཚོ་རྒྱས་པའི་ཉམས་ཅན་གསུམ་གྱིས་ཆགས་པའི་ཟུར་མིག་གིས་བལྟ་ཞིང་ ཨོམ་དང་བརླད་དོ་སྟོན། ཨ་བུག་གཡུགས་ཏེ་འོང་རུང་ བུམོ་འདི་གསུམ་བཟོ་མ་ལེགས་པའི་ཨང་རྒས་གསུམ་ལུ་བྱིན་གྱིས་བརླབས་ནུག། བུམོ་གསུམ་གནམ་མེད་ས་མེད་ངོ་ཚ་སྟེ་ ཨ་རྟག་ཧ་ལུགས་འགྱོ་ནི་ཅིག་ཟེར་གསོལ་བ་བཏབ་ལས་ བྱང་ཆུབ་སེམས་དཔའ་གིས་ ཕྱིན་ཆད་འདི་བཟུམ་མི་འབད་ནི་གི་དམ་བཅའ་གནང་ནུག། བདུད་ཀྱིས་གནས་སྐབས་ག་དེ་སྦེ་རང་བཏོན་ཏེ་ བར་ཆད་རྐྱབ་པར་འོང་རུང་ བྱང་ཆུབ་སེམས་དཔའི་བྱམས་པའི་ཏིང་ངེ་འཛིན་གཅིག་གིས་བདུད་ག་རང་བཏུལ་གནང་ནུག།

༤ མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན།

དེ་ཡང་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་ཉིད་ དགུང་གྲངས་ཉེར་དགུ་ལས་འགོ་བཟུང་སྟེ་ ཆུ་ཀླུང་ཆེན་པོ་ནཻ་རཉྫ་ནའི་འགྲམ་དུ་ ལོ་དང་པ་གཉིས་ལུ་ཉིནམ་རེ་ལུ་ཆུམ་ཕུད་རྡོག་རེ་རེ་གསོལ། ལོ་གཉིས་པ་གཉིས་ལུ་ཆུ་ཐིགས་པ་རེ་རེ་གསོལ། ལོ་གསུམ་པ་གཉིས་ལུ་ཅི་ཡང་མ་གསོལ་བར་ལོ་དྲུག་དཀའ་བ་སྤྱད་པའི་ཤུལ་ལུ། ནམ་མཁའ་ལས་ལྷ་ཚུ་གིས་ ད་ནི་སྔོན་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ནི་ ཆུ་བོ་འདི་བརྒལ་བའི་ཕ་རོལ་ན་རྡོ་རྗེ་གདན་ཞེས་བྱ་བ་ཡོད། དེར་གཤེགས་སུ་གསོལ་ཞེས་ ལུང་བསྟན་པ་ལྟར་རྡོ་རྗེ་གདན་ལུ་འབྱོནམ་ད་ བརྒྱ་བྱིན་གྱིས་བསྐུལ་བའི་ རྩྭ་འཚོང་བཀྲིས་ལས་རྩྭ་ཀུ་ཤ་བསྣམས་ཏེ་བྱང་ཆུབ་ཤིང་གི་རྩ་བ་ལུ་ ཀུ་ཤའི་རྩེ་མོ་གཡས་ཁ་ཐུག་སྦེ་བཏིང་བའི་ཐོག་ལུ་ སྐྱིལ་ཀྲུང་སྦེ་བཞུགས་ཏེ། སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཟེར་ཐུགས་ཀྱི་དམ་མཅའ་བརྟན་ཏོག་ཏོ་བཞེས་ཏེ་བཞུགས་ནུག། བྱང་ཆུབ་སེམས་དཔའ་རང་ཉིད་ དགུང་ལོ་སུམ་ཅུ་སོ་ལྔ་བཞེས་པའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལུ་བདུད་བཏུལ། གུང་ཐུན་གྱི་མཐར་བསམ་གཏན་བཞི་པའི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་ ཐོ་རངས་སྟག་གི་དུས་སམ་ཚེས་ ༡༦ གི་དྲོ་པ་ཤར་བརྡ་བཏང་བའི་ (རྒྱལ་རྔ་བརྡུང་བའི་) དུས་ཚོད་ལུ་ལྷོདཔ་ད་ ལྷའི་མིག་གི་མངོན་ཤེས་དང་ ཟག་པ་ཟད་པའི་མངོན་ཤེས་བསྐྱེད་དེ་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་བཞི་མཐར་ཕྱིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནུག།

དེ་སྐབས་ལུ་ལྟས་བཟང་པོ་ས་གཡོ་བ་བཅོ་བརྒྱད་འབྱུང་སྟེ། དེ་ཡང་། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། རྡེག རབ་ཏུ་རྡེག ཀུན་ཏུ་རབ་ཏུ་རྡེག འཁྲུག རབ་ཏུ་འཁྲུག ཀུན་ཏུ་རབ་ཏུ་འཁྲུག འུར་འུར་ རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ་ རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་སྟེ་བཅོ་བརྒྱད་ལུ་གཡོ་བ་དང་། འཇིག་རྟེན་གྱི་ཁམས་འདི་ན་ ཕྱེད་ཡོལ་ གླང་གི་དུས་ལས་འགོ་བཙུགས་ཏེ་ཟླཝ་སྒྲ་གཅན་གྱིས་བཟུང་བ་སོགས་ ལྟས་སྣ་ཚོགས་དང་བཅས་མངོན་པར་རྫོགས་པར་སངས་རྒྱས་སོ་ནུག།

༥ སྐུ་མྱ་ངན་ལས་འདས་པའི་དུས་ཆེན།

དེ་ཡང་བདག་ཅག་གི་སྟོན་པ་དགུང་གྲངས་བདུན་ཅུ་དོན་བརྒྱད་ཀྱི་ལོ་ལུ་མྱ་ངན་ལས་འདའ་བར་དགོངས་རུང་ བྲམ་ཟེ་སུ་ཀ་སིད་དྷི་དང་ཙུནྡ་གཉིས་ཀྱིས་ སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་བཏབ་ད་ ལོ་གསུམ་བཞུགས་པར་ཞལ་གྱིས་བཞེས་ཏེ་མྱང་འདས་ཀྱི་མདོ་འབུམ་པ་ཚུ་གསུངས་ཏེ་བཞུགས་ནུག། ལོ་གཉིས་ཀྱི་རྒྱབ་ལས་བདུད་ཀྱིས་ མྱ་ངན་ལས་འདའ་བར་གསོལ་བ་བཏབ་བཞིན་དུ་སངས་རྒྱས་ཀྱིས་ཞལ་བཞེས་གནང་ནུག

དེ་ཡང་སངས་རྒྱས་སྟོང་རྩའི་ལོ་རྒྱུས་ཆེན་མོ་ལས། བདུད་ཚུ་གིས་སངས་རྒྱས་མི་ཡུལ་ལུ་བཞུགས་པར་མ་དགའ་བར་དེ་སྦེ་ཞུ་ནུག། ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱོད་ སེམས་ཅན་དགའ་བར་བྱེད་པ་དེ་བདེན་ནམ་ཟེར་ཞུཝ་ད། བཅོམ་ལྡན་འདས་ཀྱིས་དེ་ནི་དགའ་བར་བྱེད་དོ་ཞེས་གསུངས་ནུག། བདུད་ཀྱིས། འོ་ན་ ང་མྱ་ངན་ལས་འདའ་བར་དགའོ་ མྱ་ངན་ལས་འདའ་བར་ཞུ་ཟེར་ཞུཝ་ད་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ མྱ་ངན་ལས་འདའ་བར་གནང་ངོ།། ཞེས་གསུངས་པ་ལྟར་ བདུད་ཀྱི་ངོ་སྲུང་བའི་ཕྱིར་དང་ གདུལ་བྱ་ལེ་ལོ་ཅན་ཚུ་ཆོས་ལུ་བསྐུལ་བའི་ཕྱིར་ མྱ་ངན་ལས་འདའ་བར་ཞལ་གྱིས་བཞེས་ནུག།

དེ་ཡང་སྟོན་པ་རང་ཉིད་དགུང་གྲངས་བརྒྱད་ཅུ་བཞེས་པའི་གནམ་ལོ་ལྕགས་འབྲུག་ས་ག་ཟླ་བའི་ཉ་སྟེ་ ཚེས་བཅོ་ལྔའི་མཚན་ཐུན་བར་པའི་མཇུག་ལས་འགོ་བཟུང་སྟེ་ རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ དེ་ལས་སངས་རྒྱས་རང་གི་འཁོར་དགེ་བསྙེན་ཕ་མ་གཉིས་དང་ དགེ་སློང་ཕ་མ་གཉིས་ཏེ་ རྣམ་པ་བཞི་དང་བཅས༌པ་ག་ར་ གནས་བརྟན་འོད་སྲུང་ཆེན་པོ་ལུ་རྩིས་སྤྲོད་དེ་ སྐུའི་སྟོད་གཡོགས་བསལ་ནས་ དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག་ དེ་བཞིན་གཤེགས་པ་ལ་བལྟ་བ་ནི་རྙེད་པར་དཀའ་སྟེ་ ཨུ་དུམ་ཝཱ་ར་བཞིན་ནོ། །དགེ་སློང་དག་ཅང་མ་སྨྲ་ཞིག་དང་། འདི་ལྟར་ འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ། ། ཞེས་ངེས་པར་འབྱུང་བའི་གསུང་གི་མཐའ་མ་བསྩལ་ཏེ་ གདུལ་བྱ་ལེ་ལོ་ཅན་ཚུ་ ཆོས་ལུ་བསྐུལ་བའི་ཆེད་དུ་ མཚན་ཐུན་ཐ་མ་འགོ་བཙུགསཔ་ད་གཅིག་ཁར་ གྲོང་ཁྱེར་རྩྭ་མཆོག་གི་ཤིང་ས་ལཱ་ཟུང་གཅིག་གི་རྩྭ་བར་རེ་ཞིག་ དགོངས་པ་ཡོངས་སུ་མྱ་ངན་ལས་འདས་བའི་ཚུལ་སྟོན་གནང་ནུག།

དེ་འབད་ནི་འདི་གིས་ ས་ག་ཟླ་བའི་ནང་ སྤྱི་དང་ལྷག་པར་ཚེས་ ༡༥ ལུ་དགེ་སྦྱོར་གྱི་ ལཱ་ག་ཅི་འབད་རུང་ ཕན་ཡོན་སྦོམ་ཡོདཔ་མ་ཚད་ འགྱུར་ཡང་ག་ནི་ལས་ཆེ་བར་ཡོད་ནི་འདི་གིས་ ག་ར་འབད་རུང་ལྷག་བསམ་རྣམ་དག་གི་སྒོ་ལས་ གདུང་ཤུགས་དྲག་པོས་སངས་རྒྱས་ལུ་དམིགས་པའི་དད་པ་བསྐྱེད་དེ་ དགེ་སྒྲུབ་སྡིག་སྤོང་འབད་དགོཔ་ཤིན་ཏུ་ནས་གལ་ཆེཝ་ཨིན་ལགས།