ས་གནས་གཞུང་།

Wikipedia ལས།

ས་གནས་གཞུང་ཟེར་མི་འདི་ འབྲུག་རྒྱལ་ཁབ་ཀྱི་ས་གནས་ཀྱི་མི་སྡེ་ཚུ་གི་མཐའ་དོན་དང་དགོས་མཁོ་ཚུ་བསྒྲུབ་ནི། དེ་ལས་ རེ་འདོད་འགྲུབ་ནི་གི་དོན་ལུ་ སྤྱི་འཐུན་སྦེ་བཙག་འཐུ་གྲུབ་པའི་འདུས་ཚོགས་ཅིག་ལུ་གོ་ནི་ཨིན། (འབྲུག་གི་ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མ། གནམ་ལོ་མེད།) དང་འཁྲིལ་བ་ཅིན་ ས་གནས་གཞུང་ཟེར་བའི་སྐབས་ འདི་ནང་ལུ་རྫོང་ཁག་ཚོགས་འདུ། རྒེད་འོག་ཚོགས་སྡེ། དང་ ཁྲོམ་སྡེ་ཚོགས་སྡེ་ཟེར་འདུས་ཚོགས་གསུམ་ཚུདཔ་ཨིན་མས། དེ་དང་གཅིག་ཁར་ སྤྱིར་བཏང་གི་དབང་ཚད་དངའགན་ཁུར་ཚུ་ཡོདཔ་མ་ཚད་ དམིགས་བསལ་དུ་ འདུས་ཚོགས་རང་ར་སོ་སོ་ལུ་ འཛིན་སྐྱོང་གི་དབང་ཚད་དང་བདག་སྐྱོང་གི་དབང་ཚད་ དེ་ལས་ དངུལ་དང་འབྲེལ་བའི་དབང་ཚད་ཚུ་ཡོདཔ་ཨིནམ་དང་ ལ་ལུ་ཅིག་སྤྱི་ལོ་༢༠༡༤ ལུ་འཕྲི་སྣོན་མཛད་དེ་ཡོདཔ་ཨིན། ཕྱིའི་ལྟར་སྣང་ལུ་ དབང་ཚད་དང་བྱ་སྒོ་ཟེར་དབྱེ་བ་སོ་སོ་སྦེ་ཡོད་རུང་ དོན་ངོ་བོ་ལུ་ དེ་ཚུ་ག་ར་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གྲུབ་མཐའ་ཀ་ཆེན་བཞི་དང་བསྟུན་ཏེ་ཨིན་མས། འདུས་ཚོགས་དེ་ཚུ་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ག་རའི་ནང་ཡོད་པ་ལས་བརྟེན་ སྤྱིར་བཏང་རྒྱལ་ཁབ་ཀྱི་གོང་འཕེལ་གྱི་ལས་སྣ་ཚུ་འབྲུག་གི་བློན་ཆེན་གྱི་དབུ་གཙོས་ཏེ་ རྒྱལ་ཡོངས་ཚོགས་འདུས་དང་ཚོགས་སྡེ་ནང་ལུ་ཡོད་པའི་འགན་ཁྲི་ཅན་གྱི་གོངམ་ཚུ་གིས་གསུང་གྲོས་གནང་སྟེ་བརྩམས་རུང་ ལག་ལེན་དངོས་བསྟར་སྦེ་ས་གནས་གཞུང་ཚུ་གིས་འཐབ་དོ་ཡོདཔ་ཨིན། ས་གནས་གཞུང་འདི་གིས་སྦེ་ ས་གནས་སོ་སོ་ནང་ལས་ཕར་ གོང་འཕེལ་གྱི་འགྱུར་བ་སོ་སོ་ཡོད་མི་ཡང་ རང་ར་སོ་སོའི་ས་གནས་ནང་དགོས་མཁོ་དང་ཕན་རླབས་ཆེ་མི་ཚུ་ ལེགས་ཤོམ་སྦེ་འདུས་ཚོགས་ནང་ལུ་ གསུང་གྲོས་གནང་སྟེ་གྲོས་ཐག་ཆོད་དེ་ རང་ར་སོ་སོའི་ས་གནས་ནང་དགོ་པའི་གོང་འཕེལ་ཚུ་གཏང་དོ་ཡོདཔ་ཨིན།

རྫོང་ཁག་ཚོགས་འདུ།

དམིགས་བསལ་དུ་ རྫོང་ཁག་ཚོགས་འདུ་ལུ་སྤྱིར་བཏང་གི་དབང་ཚད་དང་བྱ་སྒོ་ཡང་ རྫོང་ཁག་ནང་གི་རྒེད་འོག་དང་ཁྲོམ་སྡེ་ཚུ་ནང་ དཔལ་འབྱོར་གྱི་གོང་འཕེལ་འདྲན་འདྲ་སྦེ་ཡར་དྲག་གཏང་དགོཔ་ཨིན་པས། དེ་དང་གཅིག་ཁར་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ ཚོང་ལཱ་དང་ལས་སྡེ་ཚུ་དང་མཉམ་འབྲེལ་འབད་དེ་ གོང་འཕེལ་ཡར་དྲག་གཏང་ནི་ལ་སོགས་པ་ཚུ་ཡོདཔ་ཨིན། དེ་མ་ཚད་ འབྲུག་གི་ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མ་དང་འཁྲིལ་བ་ཅིན་ རྫོང་ཁག་ཚོགས་འདུའི་འཛིན་སྐྱོང་གི་དབང་ཚད་དང་བྱ་སྒོའི་དོན་ཚན་འདི་ནང་ལུ་འབད་དགོཔ་དྲུག། བདག་སྐྱོང་གི་དབང་ཚད་དང་བྱ་སྒོའི་དོན་ཚན་འདི་ནང་ལུ་འབད་དགོཔ་ལྔ། དངུལ་དང་འབྲེལ་བའི་དབང་ཚད་དང་བྱ་སྒོའི་དོན་ཚན་འདི་ནང་ལུ་འབད་དགོཔ་གསུམ་ ཁ་གསལ་སྦེ་ཐོ་བཀོད་འབད་དེ་ཡོདཔ་ཨིན། རྫོང་ཁག་ཚོགས་འདུ་ནང་འཐུས་མི་ རྫོང་བདག་དང་རྫོང་རབ། རྒེད་འོག་རེ་ལས་ བཙག་འཐུ་གྲུབ་པའི་འཐུས་མི་གཉིས་སྦེ་ རྒཔོ་དང་དམངས་མི རྫོང་ཁག་དེའི་ཁྲོམ་སྡེ་ལས་ བཙག་འཐུ་གྲུབ་པའི་ངོ་ཚབ་གཅིག། དེ་ལས་རྫོང་ཁག་གི་ཡན་ལག་ཁྲོམ་སྡེ་ལས་ བཙག་འཐུ་ལས་གྲུབ་པའི་ངོ་ཚབ་གཅིག་ཡོདཔ་ཨིན།

རྒེད་འོག་ཚོགས་སྡེ།

རྒེད་འོག་ཚོགས་སྡེ་ལུ་ཡང་ འབྲུག་གི་ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མ་དང་འཁྲིལ་ འཛིན་སྐྱོང་གི་དབང་ཚད་དང་བྱ་སྒོའི་དོན་ཚན་འོག་ལུ་འབད་དགོཔ་དགུ། བདག་སྐྱོང་གི་དབང་ཚད་དང་བྱ་སྒོའི་དོན་ཚན་འོག་ལུ་འབད་དགོཔ་བཅུ་གསུམ། དངུལ་དང་འབྲེལ་བའི་དབང་ཚད་དང་བྱ་སྒོའི་དོན་ཚན་འོག་ལུ་འབད་དགོཔ་ ནང་གསེས་ཀྱི་དོན་ཚན་དང་བཅས་ཁ་གསལ་སྦེ་ཡོདཔ་ཨིན། དེ་ནང་ལ་འཐུས་མི་ རྒཔོ་དང་དམངས་མི། བཙག་འཐུ་ལས་གྲུབ་པའི་ཚོགས་པ་ལྔ་ལས་མ་ཉུངམ་དང་ བརྒྱད་ལས་མ་ལྷགཔ་ཅིག་འོང་དགོཔ་ཨིན།

ཁྲོམ་སྡེ་ཚོགས་སྡེ།

ཁྲོམ་སྡེ་ཚོགས་སྡེ་ནང་ འབྲུག་གི་ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མ་དང་འཁྲིལ་ སྤྱིར་བཏང་གི་དབང་ཚད་དང་བྱ་སྒོའི་དོན་ཚན་འོག་ལུ་འབད་དགོཔ་དགུ། འཛིན་སྐྱོང་གི་དབང་ཚད་དང་བྱ་སྒོའི་དོན་ཚན་འོག་ལུ་འབད་དགོཔ་བརྒྱད། དངུལ་དང་འབྲེལ་བའི་དབང་ཚད་དང་བྱ་སྒོའི་དོན་ཚན་འོག་ལུ་ནང་གསེས་ཀྱི་དོན་ཚན་དང་བཅས་ ཁ་གསལ་སྦེ་བཀོད་དེ་ཡོདཔ་ཨིན། དེ་ནང་ལུ་འཐུས་མི་ ཁྲོམ་དཔོན་བརྩིས་ཏེ་ བཙག་འཐུ་ལས་གྲུབ་པའི་འཐུས་མི་བདུན་ལས་མ་ཉུངམ་དང་ བཅུ་ཐམ་ལས་མ་ལྷགཔ་རེ་དགོཔ་ཨིན།

ས་གནས་གཞུང་འདི་དམངས་གཙོའི་གཞུང་ནང་ མེད་ཐབས་མེད་པའི་མཛའ་བཤེས་དང་རྒྱབ་སྐྱོར་པ་ཅིག་ཨིན། དེ་ཡང་ ས་གནས་གཞུང་ཚུ་གིས་ འབྲུག་གཞུང་གི་ལོ་ལྔའི་ནང་འཁོད་ལུ་བརྩམས་པའི་འཆར་གཞི་དང་ལས་སྣ་ཚུ་ བསྒྲུབ་ནི་ལུ་ཁྱབ་ཚུགསཔ་བཟོ་དོ་ཡོདཔ་ཨིན། ས་གནས་གཞུང་གིས་སྦེ་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པར་ གོང་འཕེལ་དང་ཡར་དྲག། མི་སེར་རེ་རེ་བཞིན་དུ་གི་བསམ་པའི་བསམ་དོན་ཚུ་འགྲུབ་ནི་ལུ་ཕན་ཐོགས་སྦོམ་འབྱུང་དོ་ཡོདཔ་ཨིན། Ishwor Thapa (2020) གིས་བཀོད་དོ་བཟུམ་འབད་བ་ཅིན་ ས་གནས་གཞུང་གི་ དམངས་གཙོའི་གཞུང་ཡར་རྒྱས་གཏང་ནི་དང་སྒྲིང་སྒྲི་བཟོཝ་ཨིན་ཟེར་བཤདཔ་ཨིན་མས། དེ་མ་ཚད་ ས་གནས་གཞུང་གི་གོངམ་དང་འགན་ཁུར་འབག་མི་ཚུ་མ་འོངས་པའི་དོན་ལུ་སྦྱོང་བརྡར་བཟུམ་ཅིག་ཨིན་ཟེར་བཤདཔ་ཨིན་མས། ས་གནས་གཞུང་འདི་ལུ་བརྟེན་ རྒྱལ་ཁབ་ཀྱི་ས་གནས་སོ་སོ་ནང་ལུ་འབྱུང་བའི་དཀའ་ངལ་ཚུ་བསལ་ཚུགསཔ་ལས་ རྒྱལ་ཁབ་གཅིག་འབྲེལ་དང་གོང་འཕེལ་གྱི་ལས་སྣ་བརྩམས་ཡོད་མི་ཚུ་ཕན་ནུས་ཅན་བཟོ་ཐབས་ལུ་ གནམ་མེད་ས་མེད་ཕན་ཐོགས་དོ་ཡོདཔ་ཨིན། ལྷག་པར་དུ་ ས་གནས་གཞུང་འདི་ལུ་བརྟེན་ རྒྱལ་ཁབ་ནང་ ཆགས་སྡང་ཕྱོགས་རིས་དང་ཉེ་རིང་མེད་པར་ རང་སོའི་ས་གནས་འདི་ནང་ལུ་དགོ་པའི་གོང་འཕེལ་དང་འགོ་དཔོན་གདམ་འཐུ་འབད་ནི་ལ་སོགས་པ་ ས་གནས་གཞན་དང་དབྱེ་བ་མེད་པར་འབད་ཚུགསཔ་ལས་ དམངས་གཙོའི་གཞུང་ནང་མེད་ཐབས་མེད་པའི་ཡན་ལག་ཅིག་ཨིན[K1] །

"https://dz.wikipedia.org/w/index.php?title=ས་གནས་གཞུང་།&oldid=29679" ལས་ སླར་འདྲེན་འབད་ཡོདཔ།