སན་ཊི་ཡ་གོ་ཌི་ཀིའུ་བ། Santiago de Cuba

༉ སན་ཊི་ཡ་གོ་ཌི་ཀིའུ་བ་གི་ས་ཁོངས་འདི་ ཀིའུ་བ་གི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ཨིན་པའི་ཁར་ རྒྱལ་རབས་ཀྱི་ཐད་ཁར་ཕྱུགཔོ་ཅིག་དང་ ལམ་སྲོལ་སྣ་ཚོགས་ཡོདཔ་མ་ཚད་ འདས་པའི་དུས་སྐབས་ཀྱི་རྒྱལ་ཁབ་ཀྱི་གཞུང་རྒོལ་གྱི་སྐབས་ལུ་ ཁག་ཆེ་བའི་འགན་ཁུར་འབག་མི་ལུ་བརྟེན་ཏེ་ རྒྱལ་རབས་ནང་ཡོངས་གྲགས་ཡོདཔ་ཨིན། ཁྲོམ་སྡེ་འདི་ མཚོ་གླིང་འདི་གི་ ཤར་ལྷོའི་མཚོ་འགྲམ་ལུ་ཆགས་ཏེ་ཡོདཔ་ལས་ སཱན་ཊི་ཡ་གོ་ཌི་ཀིའུ་བ་མངའ་སྡེའི་རྒྱལ་ས་ལྟེ་བ་སྦེ་ལཱ་འབད་དོ་ཡོདཔ་ཨིན།

སཱན་ཊི་ཡ་གོ་ཌི་ཀིའུ་བ་འདི་ ཀིའུ་བ་གི་ཤར་ལྷོའི་མཚོ་འགྲམ་ལུ་ཆགས་ཡོད་པའི་ཁར་ སི་ཡ་ར་མེའི་སི་ཊ་ར་རི་དང་ ཀེ་རི་བི་ཡན་མཚོ་གཉིས་ཀྱི་བར་ན་ཚུདཔ་ཨིན། འ་ནཱི་བཟུམ་གྱི་ས་གོ་འདི་གིས་ ཁྲོམ་སྡེ་འདི་ལུ་ གངས་རི་དང་རང་བཞིན་གྱི་གྲུ་ཁ་ཡོད་པའི་ གཞན་དང་མ་འདྲ་བའི་ས་ཆའི་གནས་སྟངས་བྱིནམ་ཨིན་པས། གནམ་གཤིས་འདི་ ཚ་དྲོད་དང་ལྡནམ་ལས་ སྤྱི་ཟླ་ ༥ པ་ལས་ ༡༠ པ་ཚུན་ ཆརཔ་གི་དུས་ཚོད་དང་ སྤྱི་ཟླ་ ༡༡ པ་ལས་ ༤ པ་ཚུན་ སྐམ་པའི་དུས་ཚོད་ཨིནམ་དང་ སྤྱིར་བཏང་ལུ་ དྲོད་ཚོད་འདི་ ལོ་བསྟར་བཞིན་དུ་ དྲོད་ཤུགས་ཅན་ཅིག་ཨིནམ་ལས་ ཆརཔ་གི་དུས་ཚོད་ལུ་ འཕྲལ་འཕྲལ་སྐབས་ རླུང་འཚུབ་ཡང་འཕུ་དོ་ཡོདཔ་ཨིན་མས།
སཱན་ཊི་ཡ་གོ་ཌི་ཀིའུ་བ་ཁྲོམ་གྱི་ རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་གྲུ་བཞི་མ་ ༡,༠༢༣.༨ ཡོདཔ་ཨིན་པས། སྤྱི་ལོ་ ༢༠༢༤ ལུ་ སཱན་ཊི་ཡ་གོ་ཌི་ཀིའུ་བ་མངའ་སྡེ་ནང་ མི་རློབས་ ༥༠༧,༡༦༧ དེ་ཅིག་ཡོདཔ་ཨིན་པས། ཁྲོམ་ཚོགས་འདི་ མི་རིགས་མ་འདྲཝ་དང་ལམ་སྲོལ་མ་འདྲཝ་སླ་བསྲེས་ཏེ་ཡོད་པའི་ས་ཁོངས་ཅིག་འབདཝ་ལས་ ཨིསི་པེན་གྱི་དབང་འོག་བཙུགས་མི་དང་ ཨཕ་རི་ཀ་གི་བྱ་རོགས་ དེ་ལས་ ཕཱརནསི་དང་བིརི་ཊིཤ་གི་ནང་སྐྱོད་འབད་མི་ དམིགས་བསལ་གྱིས་ ཧེ་ཊི་ཡན་གླིང་སྒྱུར་གྱི་སྐབས་ལུ་ལྷོད་མི་ཚུ་གི་ཤན་ཞུགས་ཡོདཔ་ཨིན། འདི་བཟུམ་གྱི་སྲོལ་རྒྱུན་སྣ་ཚོགས་འདི་ ཁྲོམ་གྱི་ལམ་སྲོལ་གྱི་མཐོང་སྣང་ནང་ལུ་ མཐོང་གསལ་བྱུང་དོ་ཡོདཔ་ཨིན། [༡] ཟེར་བཀོད་དེ་འདུག།
སྤྱི་ལོ་ ༡༥༡༥ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ ཨིསི་པེ་ནིཤ་གི་དབང་བཟུང་འབད་མི་ ཌི་ཡ་གོ་ཝེ་ལ་ཛི་ཀུའེ་ཟི་ཌི་ཀུའེ་ལར་གིས་ གཞི་བཙུགས་འབད་མི་ སན་ཊི་ཡ་གོ་ཌི་ཀུའེ་ལར་འདི་ སྤྱི་ལོ་ ༡༥༥༦ ཚུན་ ཀིའུ་བ་གི་རྒྱལ་ས་ལྟེ་བ་འགོ་དང་པ་ཅིག་ཨིན་པས། ཝི་ཀི་པི་དི་ཡ་ [༡] དང་འཁྲིལ་བ་ཅིན་ ཁྲོམ་ཚོགས་འདི་གིས་ ཨིསི་པེ་ནིཤ་དང་ཨ་མ་རི་ཀ་གི་དམག་འཁྲུག་གི་སྐབས་ལུ་ ཁག་ཆེ་བའི་འགན་ཁུར་འབག་ཡོདཔ་དང་ དམིགས་བསལ་གྱིས་ སྤྱི་ལོ་ ༡༨༡༩ ལུ་ སན་ཊི་ཡ་གོ་ཌི་ཀིའུ་བ་གི་དམག་འཁྲུག་སྐབས་ལུ་ཨིནམ་དང་ དམག་འདི་ལུ་བརྟེན་ ཨིསི་པེ་ནིཤ་གིས་ ཨ་མ་རི་ཀ་ལུ་ དབང་འོག་བཙུགས་ནི་འདི་མཇུག་བསྡུ་ཚུགས་ཡོདཔ་ཨིན། དུས་རབས་ ༢༠ པའི་ནང་ སན་ཊི་ཡ་གོ་ཌི་ཀིའུ་བ་འདི་ གཞུང་རྒོལ་གྱི་ལས་རིམ་གྱི་ ལྟེ་བ་ཅིག་ལུ་གྱུར་ཡོདཔ་དང་ སྤྱི་ལོ་ ༡༩༥༣ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ ཕི་ཌེལ་ཀཱསི་ཊོ་གིས་ ཁྲོམ་སྡེ་ནང་ཡོད་པའི་མོན་ཀ་ཌ་དམག་སྡེ་ནང་ དམག་རྐྱབ་སྟེ་ ཀིའུ་བཱན་གྱི་གཞུང་རྒོལ་ལས་རིམ་འདི་འགོ་བཙུགས་ནུག། ཤུལ་ལས་ སྤྱི་ལོ་ ༡༩༥༩ ལུ་ ཀཱསི་ཊོ་གིས་ སན་ཊི་ཡ་གོ་ཌི་ཁྲོམ་སྡེའི་ཚོགས་ཁང་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ གསལ་བསྒྲགས་འབད་བའི་སྐབས་ གཞུང་རྒོལ་འདི་མཇུག་བསྡུ་ཚུགས་ཡོད་པའི་ལོ་རྒྱུས་ཡང་བཀོད་དེ་འདུག།
ཀིའུ་བ་འདི་ ཚོགས་པ་གཅིག་གི་ མར་ཁེསི་-ལེ་ནིན་ སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ལཱ་འབདཝ་ཨིན་པས། ཀིའུ་བ་གི་དམངས་གཙོ་ཚོགས་པ་འདི་ རྩ་ཁྲིམས་ཆེན་མོའི་ཐོག་ལས་ མི་སྡེ་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་སྟོབས་ཤུགས་ཅིག་སྦེ་ངོས་འཛིན་འབད་དེ་ཡོདཔ་ཨིན། བློན་པོའི་ཚོགས་སྡེ་གིས་ རྒྱལ་ཡོངས་མི་སེར་དབང་ཚད་ཀྱི་ ཚོགས་སྡེ་གིས་གནང་བ་བྱིན་མི་ སྲིད་བྱུས་གན་ཡིག་ཚུ་ ལག་ལེན་འཐབ་ནིའི་འགན་ཁུར་ཕོགཔ་ཨིན་པས།
ཨིསི་པེ་ནིཤ་འདི་ སན་ཊི་ཡ་གོ་ཌི་ཀིའུ་བ་གི་གཞུང་འབྲེལ་སྐད་ཡིག་ཨིན། ཁྲོམ་སྡེ་འདི་གི་སྔར་སྲོལ་ལམ་ལུགས་འདི་ གཞན་དང་མ་འདྲ་བའི་མཛེས་ཆ་དང་ལྡན་མི་འདི་ ཨིསི་པེ་ནིཤ་དང་ཨཕ་རི་ཀ་ དེ་ལས་ ཕཱརེནཆི་གི་ཤན་ཞུགས་འབད་མི་ལུ་བརྟེན་ཨིན་པས། ས་ཁོངས་འདི་ནང་ལུ་ ལམ་སྲོལ་གྱི་ལས་རིམ་གལ་ཆེ་ཤོས་ཅིག་འདི་ ཁྲོམ་སྐོར་དང་སྙན་ཆ་ དེ་ལས་ ཞབས་ཁྲ་ཚུ་གི་ཐོག་ལས་ ཡོངས་གྲགས་ཅན་གྱི་ སན་ཊི་ཡ་གོ་ཌི་ཀིའུ་བ་གི་དུས་སྟོན་འདི་ཨིན་པས། དུས་སྟོན་འདི་ དུས་རབས་ལས་བཅད་དེ་འཕེལ་འགྱུར་འགྱོ་སྟེ་ཡོདཔ་དང་ འདི་ནང་ལུ་ ཨཕ་རི་ཀ་དང་ཡུ་རོབ་ དེ་ལས་ གཞན་མི་ལམ་སྲོལ་གྱི་ཤན་ཞུགས་ཚུ་ མཉམ་སྡེབ་འབད་དེ་ གཞན་དང་མ་འདྲ་བའི་ སྤྲོ་སྣང་ཅན་གྱི་དུས་སྟོན་ཅིག་ལུ་གྱུར་ཡོདཔ་ཨིན། [༡]ཟེར་བཀོད་ནུག།
བེསི་བཱོལ་འདི་ སན་ཊི་ཡ་གོ་ཌི་ཀིའུ་བ་ལུ་ ཡོངས་གྲགས་ཅན་གྱི་རྩེད་རིགས་ཅིག་ཨིནམ་དང་ འདི་གིས་ ཀིའུ་བཱན་གྱི་རྒྱལ་གཅེས་རིང་ལུགས་དང་ འབྲེལ་བ་དམ་ཟབ་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན། ཁྲོམ་སྡེ་འདི་གིས་ ཀིའུ་བ་གི་རྒྱལ་ཡོངས་སྡེ་ཚན་ནང་ ཕན་ཐོགས་བྱུང་མི་ རིག་རྩལ་ཅན་གྱི་རྩེད་འགྲན་པ་ལེ་ཤ་བཏོན་དོ་ཡོདཔ་ཨིན་པས། སན་ཊི་ཡ་གོ་ཌི་ཀིའུ་བ་གི་བཟའ་འཐུང་འདི་ ཨིསི་པེ་ནིཤ་དང་ ཨཕ་རི་ཀ་ དེ་ལས་ ཀེ་རི་བི་ཡན་གྱི་བྲོཝ་ཚུ་ མཉམ་བསྡོམས་འབད་དེ་བཟོ་ཡོདཔ་ཨིནམ་དང་ རང་ལུགས་ཀྱི་བཟའ་འཐུང་ཚུ་ཡང་ མང་ཤོས་ཅིག་ར་ ཆུམ་དང་སྲནམ་ཅུམ་དང་ ཚོད་བསྲེ་ ཕག་ཤ་ དེ་ལས་ མཚོ་ཟས་ཚུ་ཨིན་པས། ཁྲོམ་གྱི་བཞེས་སྒོ་འབད་ཐངས་འདི་ཡང་ ལམ་སྲོལ་སྣ་ཚོགས་ཀྱི་སྲོལ་རྒྱུན་ཚུ་གིས་ ཤན་ཞུགས་འབད་དེ་ བྲོཝ་མ་འདྲཝ་དང་བཞེས་སྒོ་འབད་ཐངས་མ་འདྲཝ་ཚུ་གི་མཐོང་སྣང་ཡང་མཐོང་ཚུགས་དོ་ཡོདཔ་ཨིན།
སན་ཊི་ཡ་གོ་ཌི་ཀིའུ་བ་གི་དཔལ་འབྱོར་གཙོ་བོ་ར་ བཟོ་གྲྭ་དང་སོ་ནམ་ དེ་ལས་ ལྟ་བཤལ་བཟུམ་གྱི་ ལས་སྡེ་ཚུ་ཨིན་པས། ཁྲོམ་ཚོགས་འདི་ ཀིའུ་བ་གི་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ཨིནམ་དང་ གྲུ་ཁ་འདི་གིས་ ནང་འདྲེན་དང་ཕྱིར་ཚོང་གི་ལཱ་ འཛིན་སྐྱོང་འཐབ་ནིའི་ནང་ཕན་ཐོགས་དོ་ཡོདཔ་ཨིན། སན་ཊི་ཡ་གོ་ཌི་ཀིའུ་བ་གི་ཁྲོམ་ཚོགས་དཔལ་འབྱོར་དོན་ལུ་ ལྟ་བཤལ་འདི་ཁག་ཆེ་བའི་བཟོ་གྲྭ་ཅིག་ལུ་གྱུར་ཏེ་ཡོདཔ་ལས་ མཛེས་ཆ་ལྡན་པའི་རྒྱལ་རབས་ཅན་གྱི་ས་ཁོངས་དང་ སྔར་སྲོལ་ལམ་ལུགས་ཀྱི་སྤྱན་འབུལ་ཚུ་ལུ་བརྟེན་ ལྟ་བཤལཔ་ཚུ་ ཁྲོམ་འདི་ནང་འོང་དོ་ཡོདཔ་ཨིན་པས། ཁྲོམ་ཚོགས་འདི་དཔལ་འབྱོར་ཡར་རྒྱས་འགྱོ་ཡོད་རུང་ དེ་དང་འབྲེལ་བའི་དཀའ་ངལ་ཡང་སྣ་ཚོགས་འབྱུང་སྲིད་པས། དེ་ཡང་ འདས་པའི་ལོ་ངོ་ཚུ་ནང་ སན་ཊི་ཡ་གོ་ཌི་ཀིའུ་བ་ལུ་ དཔལ་འབྱོར་གྱི་དཀའ་ངལ་དང་ གཞི་རྟེན་ཅ་ཆས་མ་ལངས་པའི་དཀའ་ངལ་ དེ་ལས་ གཞི་རྟེན་མཐུན་རྐྱེན་གྱི་གནད་དོན་ཚུ་བརྩིས་ཏེ་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས། ཡུ་ཨེས་གི་ཚོང་འབྲེལ་བཀག་དམ་དང་ ཀོ་བིཌ་-༡༩ གི་ནད་ཡམས་ཀྱིས་ དཀའ་ངལ་འདི་ཚུ་ མང་སུ་མང་སུ་བཟོ་སྟེ་ ཕྱི་ཁར་འགྱོ་མི་དང་ མི་མང་གི་འདོད་པ་ཚིམས་མ་ཚུགས་པའི་དཀའ་ངལ་ཡར་སེང་འགྱོ་སྟེ་ཡོདཔ་ཨིན། ཌེབ་ཤེར་ཝུཌ་དང་ ཨེ་ལེན་ཕར་ནན་ཌིཛ་ [༢] གི་བཀོད་དེ་ཡོད་པའི་གནས་ཚུལ་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ནང་ ས་ཁོངས་འདི་གི་མི་སེར་ཚུ་ལུ་ བཟའ་འཐུང་མ་ལངས་པའི་དཀའ་ངལ་དང་ གསོ་བའི་ཞབས་ཏོག་ཚུ་སྐྱོ་དྲགས་ཡོད་པའི་ཁར་ གློག་མེ་འཕྲལ་འཕྲལ་སྦེ་ར་མེདཔ་ཐལ་མི་ལུ་བརྟེན་ མི་སེར་ཚུ་བུང་འགམ་པའི་ཤུགས་ཀྱི་ གཞུང་ལུ་ངོ་རྒལ་གྱི་ ལས་རིམ་ཚུ་ཁྱབ་ཆེཝ་སྦེ་ འགོ་འདྲེན་འཐབ་སྟེ་ ཁྲོམ་སྡེ་ནང་དཀའ་ངལ་ཚུ་ འཕྲོ་མཐུད་དེ་ར་ བྱུང་དོ་ཡོདཔ་ཨིན་ཟེར་བཀོད་ནུག།
སན་ཊི་ཡ་གོ་ཌི་ཀིའུ་བ་གི་ཁྲོམ་ཚོགས་འདི་ནང་ལུ་ དེང་སང་དང་འབྲེལ་བའི་གདོང་ལེན་ཚུ་ལེ་ཤ་ཡོད་རུང་ རྒྱལ་རབས་ཀྱི་ཐད་ཁར་ཕྱུགཔོ་དང་སྔར་སྲོལ་ཚུ་ལུ་བརྟེན་ གཞན་ལས་ཁྱད་པར་ཅན་གྱི་ཁྲོམ་ཚོགས་ཅིག་སྦེ་ཆ་བཞགཔ་ཨིན་པས། ཁྲོམ་འདི་ནང་ དཔལ་འབྱོར་དང་མི་སྡེའི་མགུ་རྙོག་དྲགས་དང་ ལམ་སྲོལ་གྱི་ཕྱུགཔོ་ དེ་ལས་ མི་སེར་བཟོད་བསྲན་ཅན་ཚུ་གིས་ ཁྲོམ་ཚོགས་ཡར་རྒྱས་ཀྱི་དོན་ལུ་ ལཱ་ཚུ་རྩ་འགེངས་ཏེ་འབད་དོ་ཡོདཔ་ལས་ གཞན་གྱི་དཔེ་བལྟ་སའི་གཞི་ཅིག་ཡང་ཨིན། དེ་མ་ཚད་ ཀིའུ་བ་རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ཨིནམ་ལས་ སན་ཊི་ཡ་གོ་ཌི་ཀིའུ་བ་འདི་ རྒྱལ་རབས་ཀྱི་ངོ་རྟགས་དང་ མི་ག་ར་གིས་རེ་འདོད་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན་མས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།
- 1 2 3 Wikipedia. (2025). Santiago de Cuba. Published by: Creative Commons. Retrieved from: https://en.wikipedia.org/wiki/Santiago_de_Cuba
- ↑ Sherwood, D. & Fernandez, A. (2024). Amid blackouts and scarce food, Cuba protests rattle ‘cradle’ of the Revolution. Published by: Reuters. Retrieved from: https://www.reuters.com/world/americas/amid-blackouts-scarce-food-cuba- protests-rattle-cradle-revolution-2024-03-27/