Jump to content

སཝ་ཊོ་མེ་དང་པྲྀན་སི་པི།

Wikipedia ལས།

༉ སཝ་ཊོ་མེ་དང་ པྲིན་སི་པི་འདི་  ཨཕ་རི་ཀའི་ནུབ་ཕྱོགས་མཚོ་འགྲམ་གྱི་ གུ་ནིའི་མཚོ་ཁུག་ནང་ ཆགས་ཏེ་ཡོད་པའི་ མཚོ་གླིང་རྒྱལ་ཁབ་ཅིག་ཨིནམ་དང་ དེ་ནང་ལུ་ མཚོ་གླིང་ངོ་མ་གཉིས་ སཝ་ཊོ་མེ་དང་ པིརིན་སི་པི་ དེ་ལས་ མཚོ་གླིང་ཆུང་ཀུ་ལེ་ཤ་ཅིག་ཡོདཔ་ཨིན་མས། དེ་མ་ཚད་ མཚོ་གླིང་སྦོམ་ཤོས་ སཝ་ཊོ་མེ་འདི་ གེ་བཱོན་ (Gabon) གི་མཚོ་འགྲམ་ལས་ ཀི་ལོ་མི་ཊར་ ༢༥༠ དེ་ཅིག་གི་ས་ཁར་ཡོདཔ་དང་ པིརིན་སི་པི་འདི་ སཝ་ཊོ་མེ་ལས་ བྱང་ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༤༠ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། མཚོ་གླིང་འདི་ཚུ་ མེ་རུད་ཀྱི་འབྱུང་ཁུངས་དང་ ཆརཔ་གི་ནགས་ཚལ་ དེ་ལས་ མཚོ་ཡི་སྐྱེ་ལྡན་རིམ་ལུགས་མ་འདྲཝ་ཚུ་གིས་ ཁྱད་ཆོས་བཏོན་ཡོདཔ་ལས་ ལྟ་བཤལ་དང་སྐྱེ་ལྡན་རིགས་སྣ་གཉིས་ཆ་རའི་དོན་ལུ་ གཞན་དང་མ་འདྲ་བའི་ ས་གོ་ཅིག་ཨིན།[]

སཝ་ཊོ་མེ་དང་ པིརིནསི་པི་འདི་ རྩ་ཁྲིམས་ཆེན་མོའི་དམངས་གཙོའི་རིང་ལུགས་ཅིག་ཨིན། རྒྱལ་ཁབ་འདི་ནང་ ཚོགས་པ་སྣ་ཚོགས་ཀྱི་ལམ་ལུགས་ཡོདཔ་ལས་ སྲིད་དོན་གྱི་གཞི་བཀོད་ནང་ སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་དང་ བློན་ཆེན་འདི་ གཞུང་གི་དབུ་ཁྲིདཔ་སྦེ་ ཡོདཔ་ཨིན། བློན་ཆེན་འདི་ གཙོ་འཛིན་གྱིས་ བསྐོ་བཞག་འབདཝ་ཨིནམ་ད་ སྤྱིར་བཏང་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མང་ཤོས་ཐོབ་མི་ ཚོགས་པ་དེ་གི་ འགོ་ཁྲིདཔ་ཨིན་པས། བཙག་འཐུ་འདི་ དུས་མཚམས་ལུ་འགོ་འདྲེན་འཐབ་དོ་ཡོདཔ་ལས་ གཞུང་གིས་ འགྲོ་བ་མིའི་ཐོབ་དབང་དང་ ཁྲིམས་ལུགས་ལུ་བརྩི་མཐོང་འབད་ནི་ཚུ་རྩིས་ཏེ་ དམངས་གཙོའི་བྱ་རིམ་ཚུ་ལུ་ གཙོ་བོར་བསྟེན་པའི་གཞི་བཀོད་ནང་ལུ་ ལཱ་འབདཝ་ཨིན་མས།

སཝ་ཊོ་མེ་དང་ པིརིནསི་པི་གི་མི་རློབས་འདི་ ༢༠༠༠༠༠ དེ་ཅིག་ཡོདཔ་དང་ མང་ཤོས་ཅིག་ སཝ་ཊོ་མེ་ མཚོ་གླིང་ནང་སྡོད་དོ་ཡོདཔ་ཨིན་མས། མི་རློབས་འདི་ མི་རིགས་མ་འདྲཝ་སྦེ་ཡོདཔ་ལས་ ངོ་མ་ར་ ཨེ་ཕཱརེཀན་ (African) དང་ པཱོར་ཅུ་གེསི་ (Portuguese) དེ་ལས་ མཚོ་གླིང་འདི་ ཧེ་མ་ དབང་དུ་བསྡུ་བའི་སྐབས་ལུ་ ཤན་ཞུགས་འབད་མི་ ཨེ་ཕཱེརོ་ (Afro) གི་རིགས་བརྒྱུད་ཚུ་ཨིན་མས། རྒྱལ་ཁབ་འདི་ དབང་འོག་བཙུགས་པའི་བྱུང་རབས་ལས་བརྟེན་ཏེ་ སྐད་ཡིག་མང་ཤོས་ཅིག་ར་ པཱོར་ཅུ་གཱལ་སྐད་ཡིག་ཨིནམ་དང་ མི་སེར་མང་ཤོས་ཅིག་གིས་ར་ པཱོར་ཅུ་གལ་དང་ཨཱཕ་རི་ཀགི་སྐད་ཡིག་ལས་འབྱུང་མི་ ཀིརིའོལ་སྐད་ཡིག་མ་འདྲཝ་ཚུ་ཡང་ སླབ་དོ་ཡོདཔ་ཨིན་མས།

ལོ་ཚད་བགོ་བཀྲམ་གྱི་ཐད་ལུ་ མི་རློབས་ཀྱི་ཆ་ཤས་གལ་ཅན་ཅིག་ ན་གཞོན་ཚུ་ཨིན། རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་དང་ ཤེས་རིག་ཡར་དྲག་གཏང་ནི་ལུ་ གོང་འཕེལ་འགྱོ་སྟེ་ཡོད་རུང་ གདོང་ལེན་ཚུ་ དམིགས་བསལ་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ ལུས་ཡོདཔ་ཨིན་པས། མི་ཚེའི་ཚད་གཞི་འདི་ ལོ་ ༧༠ དེ་ཅིག་ཨིནམ་ལས་ འདས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ གསོ་བའི་ཞབས་ཏོག་དང་ མི་ཚེའི་གནས་སྟངས་ཚུ་ ཡར་དྲག་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

སཝ་ཊོ་མེ་དང་ པིརིན་སི་པི་གི་དཔལ་འབྱོར་འདི་ གཙོ་བོ་ར་ སོ་ནམ་གྱི་ལཱ་ཨིནམ་དང་ ཀོ་ཀོ་དང་ཀོ་ཕི་འདི་ སོ་ནམ་གྱི་ཐད་ཁར་ དཔལ་འབྱོར་གྱི་གཞི་རྟེན་ཅིག་ཨིན། རྒྱལ་རབས་ནང་ ཀོ་ཀོ་འདི་ ཕྱིར་ཚོང་འཐབ་མི་ གལ་ཆེ་ཤོས་ཅིག་ཨིནམ་ལས་ དུས་རབས་ ༢༠ པའི་མཇུག་བསྡུ་ཁམས་ཅིག་ཁར་ བཟོ་གྲྭ་འདི་ མར་ཕབ་འགྱོ་བའི་ཤུལ་ལས་ རྒྱལ་ཁབ་ནང་ལུ་ བཟོ་གྲྭ་འདི་ ལོག་སྟེ་ར་ བསྐྱར་གསོ་འབད་ནི་གི་ བརྩོན་ཤུགས་བསྐྱེད་དེ་ཡོདཔ་ཨིན། ལོ་ཐོག་གཞན་ཚུ་ཡང་ ཀོ་པི་དང་ ངང་ལག་ དེ་ལས་ ཏམ་ཁུ་ཚུ་ཨིནམ་ད་ འདི་གིས་ རྒྱལ་ཁབ་ཀྱི་ ཚ་དྲོད་ཀྱི་ གནམ་གཤིས་ཚུ་གསལ་སྟོན་འབདཝ་ཨིན་པས།

དེ་མ་ཚད་ ལྟ་བཤལ་འདི་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཁག་ཆེཝ་སྦེ་ཐོན་ཏེ་ཡོདཔ་ལས་ མཚོ་གླིང་འདི་གི་རང་བཞིན་མཛེས་སྡུག་དང་ སྐྱེ་ལྡན་རིགས་སྣ་ དེ་ལས་ ལམ་སྲོལ་གྱི་སྲོལ་ཁྱུན་ཚུ་ ལག་ལེན་འཐབ་སྟེ་ཁག་ཆེཝ་སྦེ་ ཐོན་ཏེ་ཡོདཔ་ཨིན་མས། དམིགས་བསལ་གྱིས་ སྐྱེ་ལྡན་ལྟ་བཤལ་འདི་གིས་ འགྲུལ་པ་ཚུ་གིས་ ཆརཔ་གི་ནགས་ཚལ་དང་ མེ་རི་གི་ས་ཆའི་གནས་སྟངས་ དེ་ལས་ མཚོ་ཡི་སྲོག་ཆགས་ཕྱུགཔོ་ཚུ་ འཚོལ་ཞིབ་འབད་ནི་གི་དོན་ལུ་ ཁས་བླངས་སྟོན་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་འདི་ དཔལ་འབྱོར་གྱི་ཐད་ཁར་ ཉེན་ཁ་ཅན་ཅིག་སྦེ་ར་ལུས་ཡོདཔ་ལས་ ཕྱིར་ཚོང་གཙོ་བོ་དག་པ་ཅིག་ལུ་བརྟེན་སྡོད་དགོཔ་དང་ དཔལ་འབྱོར་ནང་ སྣ་མང་ཅན་གྱི་ལཱ་ཚུ་ ཚད་འཛིན་འབད་དེ་ཡོདཔ་ཨིན་པས།

སཝ་ཊོ་མེ་དང་ པིརིན་སི་པི་གི་བྱུང་རབས་འདི་ དུས་རབས་ ༡༥ པ་མཇུག་བསྡུ་ཁམས་ཅིག་ཁར་ པཱོར་ཅུ་གེསི་གི་འཚོལ་ཞིབ་པ་ཚུ་གིས་ གསར་འཚོལ་འབད་མི་ལས་ འགོ་བཙུགས་ནུག།མཚོ་གླིང་འདི་ཚུ་ འགོ་ཐོག་ལུ་ མི་སྡོད་མི་མེད་རུང་ ཨཱཕ་རི་ཀགི་ལཱ་འབད་མི་ བྱ་རོགས་ཚུ་ལག་ལེན་འཐབ་སྟེ་ གུ་རམ་འཛུགས་སྐྱོང་འབད་ནི་གི་དོན་ལུ་ ཁག་ཆེཝ་ཅིག་ལུ་འགྱུར་ནུག། འདི་གིས་ དཔལ་འབྱོར་གྱི་བཙན་འཛུལ་དང་ མཚོ་གླིང་གི་མི་འབོར་ཞིབ་རྩིས་ལུ་ བྱ་རོགས་འབད་མི་འདི་གིས་ གནོད་པ་སྦོམ་སྦེ་ར་བྱུང་མི་ དབང་འོག་བཙུགས་པའི་དུས་སྐབས་འགོ་བཙུགས་ནུག། དེ་མ་ཚད་ དུས་རབས་ ༡༩ པའི་ནང་ མཚོ་གླིང་འདི་ཚུ་ གུ་རམ་ཐོན་སྐྱེད་ལས་ ཀོ་ཀོ་འཛུགས་སྐྱོང་ལུ་སྤོ་སྟེ་ དཔལ་འབྱོར་གྱི་གཞི་རྟེན་ཅིག་ལུ་ འགྱུར་ནུག། སྤྱི་ལོ་༡༩༧༥ ལུ་ ཨཱཕ་རི་ཀལུ་ དབང་འོག་བཙུགས་པའི་སྐབས་ དུས་ཡུན་རིངམོ་སྦེ་ འཐབ་རྩོད་འབད་བའི་ཤུལ་ལས་ པཱོར་ཅུ་གཱལ་ལས་ རང་དབང་ཐོབ་ནུག། རང་དབང་ཐོབ་པའི་ལོ་འགོ་ཐོག་ཚུ་ནང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ དཔལ་འབྱོར་གྱི་གདོང་ལེན་ཚུ་ བྱུང་ཡོདཔ་ཨིན་པས། ཨིན་རུང་ དཔལ་འབྱོར་གྱི་དཀའ་ངལ་ཚུ་ བྱུང་སྟེ་ར་ཡོད་རུང་ རྒྱལ་ཁབ་ནང་ སྲིད་དོན་བརྟན་ཏོག་ཏོ་དང་ དམངས་གཙོའི་གཞུང་སྐྱོང་ལུ་ གོམ་པ་མདུན་སྤོ་སྟེ་ཡོདཔ་ཨིན་པས།

རང་དབང་ཐོབ་པའི་ཤུལ་ལས་ སཝ་ཊོ་མེ་དང་ པིརིན་སི་པི་ལུ་ ངོ་རྒོལ་དང་ གཞུང་སྐྱོང་གི་གནད་དོན་ཚུ་བརྩིས་ཏེ་ དཔལ་འབྱོར་དང་སྲིད་དོན་གྱི་གདོང་ལེན་ལེ་ཤ་ཅིག་ར་ ཐོན་ནུག། ཨིན་རུང་ སྤྱི་ལོ་ ༢༠༠༠ ལོ་གྲངས་ལས་ རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཐོག་ལས་ དམངས་གཙོའི་བསྐྱར་ཞིབ་དང་ བརྟན་ཏོག་ཏོ་བཟོ་ནི་ལུ་གཙོ་བོར་བཏོན་ཏེ་ གོང་འཕེལ་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ཨིན། དེ་བཟུམ་སྦེ་ ད་རེས་ནངས་པ་ སཝ་ཊོ་མེ་དང་ པིརིན་སི་པི་གཉིས་ གཞན་དང་མ་འདྲ་བའི་ས་ཆའི་གནས་སྟངས་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ དེ་ལས་ དཔལ་འབྱོར་གོང་འཕེལ་འགྱོ་མི་འདི་གིས་ ཡར་རྒྱས་དང་གོང་འཕེལ་གྱི་འོས་འབབ་སྦོམ་སྦེ་ར་ཡོདཔ་ཨིན།

  1. ༡) བེཀ་ཀར་ ཀེ་ (༢༠༡༤) སའོ་ཊོ་མེ་དང་པྲིན་སི་པི། བཱིརཌ་འགྲུལ་བཞུད་ལམ་སྟོན། ༢) སེ་བཱརཊ་ཇི་ (༢༠༠༦) སའོ་ཊོ་མེ་དང་པྲིན་སི་པི་གི་སྤྱི་སྙོམས་རིང་ལུགས་ དེ་ལས་ དམངས་གཙོའི་རིང་ལུགས་ (དུས་དེབ་ ༡༣ ) བཱིརལ། ༣) བློན་པོ་ པི་ (༢༠༢༠) སའོ་ཊོ་མེ་དང་པྲིན་སི་པི། ཆོས་ལུགས། དུས་དེབ་ ༡ (ཤོག་གྲངས་ ༨༡-༡) ༤) ཝོག་ཊི་ ཇེ་ཨེལ་ (༡༩༧༣) མི་ན་དང་གཅིག་ཁར་ ཧེ་མའི་ སའོ་ཊོ་མེ་དང་པྲིན་སི་པི་གི་འདས་པའི་ཚོང་འབྲེལ་གྱི་ལོ་རྒྱུས། སྤྱི་ལོ་  ༡༥༠༠ ལས་ ༡༥༤༠། ཨཱཕ་རི་ཀ་གི་བྱུང་རབས་ཞིབ་འཇུག་གི་རྒྱལ་སྤྱིའི་དུས་དེབ་ ༦(༣) ཤོག་གྲངས་ ༤༥༣-༤༦༧། ༥) པི་ལེ་ ཀེ་ དང་ ཌི་ཡས་ ཨེན་ཌི་ (༢༠༡༨) སའོ་ཊོ་མེ་དང་པྲིན་སི་པི། ཁྲིམས་ལུགས་ལམ་ལུགས་དང་ཞིབ་འཚོལ།