Jump to content

སཱན་ཊ་ཀ་ལ་ར་གི་སྐོར། Santa Clara

Wikipedia ལས།

༉ ཀིའུ་བ་རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་ཆགས་ཡོད་པའི་ ཝི་ལ་ཀ་ལ་ར་མངའ་སྡེའི་རྒྱལ་ས་ལྟེ་བ་ཨིན་མི་ སཱན་ཊ་ཀ་ར་ལ་འདི་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་གལ་གནད་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན། སྤྱི་ལོ་ ༡༦༨༩ ལུ་གཞི་བཙུགས་འབད་མི་ ཁྲོམ་འདི་གིས་ ཀིའུ་བ་རྒྱལ་ཁབ་ཀྱི་གོང་འཕེལ་གྱི་ནང་ལུ་ དམིགས་བསལ་གྱིས་ ཀིའུ་བ་གླིང་སྒྱུར་གྱི་སྐབས་ལུ་ ཁག་ཆེ་བའི་འགན་ཁུར་འབག་ཡོདཔ་ཨིན། འ་ནཱི་སྤྱིར་བཏང་མཐོང་སྣང་འདི་གིས་ སཱན་ཊ་ཀ་ལ་ར་གི་ མི་འབོར་ཞིབ་རྩིས་དང་འཛམ་གླིང་རྒྱས་བཤད་ བྱུང་རབས་ གཞུང་སྐྱོང་ ལམ་སྲོལ་ དཔལ་འབྱོར་ གདོང་ལེན་དང་ དེ་ལས་ གཞན་མི་ཚུ་གི་སྐོར་ལས་བཤད་དེ་ཡོདཔ་ཨིན།

སཱན་ཊ་ཀ་ལ་ར་འདི་ སྤྱི་ལོ་ ༡༦༨༩ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ གཞུང་འབྲེལ་དུ་གཞི་བཙུགས་འབད་ཡོདཔ་དང་ ཀིའུ་བ་ལུ་ ལྟེ་བ་ཅིག་སྦེ་ཆགས་ཏེ་ཡོདཔ་ཚ་ཚད་ ཝི་ལ་ཀ་ལ་ར་མངའ་སྡེའི་ བདག་སྐྱོང་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༢ ལུ་ མི་རློབས་ ༢༤༥,༩༥༩ དེ་ཅིག་ཡོདཔ་དང་ མི་རློབས་ཀྱི་མང་ཉུང་འདི་ ཀི་ལོ་མི་ཊར་ ༢ རེ་ལུ་ མི་རློབས་ ༤༨༠ དེ་ཅིག་ཡོདཔ་ལས་ རྒྱལ་ཁབ་ནང་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་སྡེ་ལྔ་པ་ཨིན་པས། ཁྲོམ་འདི་ རྒྱལ་རབས་ཀྱི་གལ་གནད་ཅན་དང་ དམིགས་བསལ་གྱིས་ ཀིའུ་བཱན་གྱི་གཞུང་རྒོལ་གྱི་སྐབས་ལུ་ ཐག་བཅད་པའི་ སཱན་ཊ་ཀ་ལ་ར་གི་དམག་འཁྲུག་ལུ་བརྟེན་ཏེ་ ཡོངས་གྲགས་ཅན་ཅིག་ཨིནམ་མ་ཚད་ ལྟ་བཤལཔ་ཚུ་གི་དོན་ལུ་ མཐོང་སྣང་སྦོམ་ཅིག་ཨིན་མི་ ཆེ་གུ་ཝ་ར་གི་དུར་ཁྲོད་འདི་ཡང་ཡོདཔ་ཨིན། [] ཟེར་བཀོད་ནུག། དེ་མ་ཚད་ སཱན་ཊ་ཀ་ལ་རེ་ནོས་ཟེར་སླབ་མི་ མི་སེར་ཚུ་གིས་ ཁྲོམ་གྱི་ལམ་སྲོལ་དང་མི་སྡེའི་གནས་སྟངས་ལུ་ཕན་ཐོགས་འབདཝ་ཨིན།

ཁྲོམ་སྡེ་འདི་གངས་རིའི་འོག་ལུ་ཡོད་པའི་ ཐང་ཐོག་ལུ་ཆགས་ཏེ་ཡོདཔ་དང་ ཝི་ལ་ཀ་ལ་ར་མངའ་སྡེ་གི་ནང་འཁོད་ལུ་ དབུས་སུ་ཆགས་ཡོདཔ་ཨིན། ཁྲོམ་སྡེ་འདི་གི་རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་ ༥༡༤ ཡོདཔ་དང་ ཁྲོམ་སྡེ་འདི་ སི་ཕུན་ཊིས་ ཀ་མ་ཇུ་ཡ་ནི་ པཱ་ལེ་སི་ཊས་ མ་ནི་ཀ་ར་གུ་ཝ་ དེ་ལས་ རན་ཅུ་ལོ་ཁྲོམ་སྡེ་ཚུ་གི་ས་མཚམས་ལུ་ཡོདཔ་ཨིན། ཁྲོམ་འདི་ནང་ལུ་ གནམ་གཤིས་ཚ་དྲོད་དང་ བརླན་གཤེར་ཅན་གྱི་ དབྱར་དུས་ཐུང་ཀུ་དང་ སྐམ་པའི་གནམ་གཤིས་ཚུ་གི་མཚོར་བ་མྱོང་དོ་ཡོདཔ་ཨིན། གནམ་གཤིས་སབ་ཁྲའི་དཔེ་དེབ་[] གིས་ཞིབ་འཚོལ་དང་འཁྲིལ་བ་ཅིན་ ལོ་གཅིག་གི་ནང་ སྤྱིར་སྙོམས་དྲོད་ཚད་ ༢༥.༨˚C (༨༧.༤˚F) ལས་ ༣༡.༦˚C (༨༨.༩˚F) བར་ཡོདཔ་ད་ རླན་གཤེར་གྱི་ཚད་གཞི་ ༧༣% ལས་ ༨༤% བར་ཡོད། གནམ་གཤིས་དྲོད་བཏགས་ཀྱི་ ལས་རིམ་ཚུ་གི་དོན་ལུ་ ལྟ་སྐོར་འབད་ནི་དུས་ཚོད་ལེགས་ཤོམ་འདི་ སྤྱི་ཟླ་ ༡༡ པའི་ཟླ་དཀྱིལ་ལས་ སྤྱི་ཟླ་ ༤ པའི་ཟླ་དཀྱིལ་ཚུན་ཨིན་ཟེར་བཀོད་ནུག།

སཱན་ཊ་ཀ་ལ་ར་འདི་ སྤྱི་ལོ་ ༡༦༨༩ སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ མི་ ༡༧༥ གིས་གཞི་བཙུགས་འབད་ཡོདཔ་དང་ དེ་ནང་ མི་ ༡༣༨ དེ་ཅིག་ ཧེ་མ་ལས་ ས་གནས་འདི་ནང་སྡོད་ཡོདཔ་དང་ བཟའ་ཚང་གཞན་ ༧ ལས་ མི་ ༣༧ མཚོ་མཐའི་ཁྲོམ་ཚོགས་སཱན་ཧུའན་ཌི་ལོས་རེ་མེ་ཌི་ཡོས་ལས་འབྱུང་ཡོདཔ་ཨིན་པས། ཝི་ཀི་པི་ཌི་ཡ། [] གིས་ གཞི་ཆགས་མི་འདི་ཚུ་ མཚོའི་མཐའ་མར་ མཚོ་ཇག་ཚུ་གིས་གནོདཔ་བཀལ་མི་ལས་ ཐར་ཐབས་ལུ་ ནང་འཁོད་ལུ་འགྱོ་ནུག། ཁྲོམ་འདི་འགོ་ཐོག་ལུ་ ཀ་ཡོ་ནུའེ་ཝོ་ཟེར་སླབ་ཡོདཔ་དང་ ཤུལ་ལས་ ཝི་ལ་ནུའེ་ཝ་ཌི་སཱན་ཊ་ཀ་ལ་ར་ཟེར་མིང་སྒྱུར་བཅོས་འབད་ནུག། གཞི་བཙུགས་འབད་བའི་ཤུལ་ལས་ སཱན་ཏ་ཀ་ལ་ར་འདི་ ཁྲོམ་སྡེ་ཚོགས་སྡེ་དང་ ཡེ་ཤུའི་ལྷ་ཁང་ གློག་བརྙེན་ཁང་ དེ་ལས་ མི་མང་གི་གཙུག་སྡེ་ཚུ་བཟོ་སྐྲུན་འབད་དེ་ མགྱོགས་དྲགས་སྦེ་གོང་འཕེལ་འགྱོ་བའི་ལོ་རྒྱུས་བཀོདཔ་ཨིན། འདི་གི་ས་གནས་ལྟེ་བ་འདི་གིས་ འགྲུལ་པ་ཚུ་གི་དོན་ལུ་ གལ་ཅན་གྱི་བཀག་ཆ་དང་ སྐྱེལ་འདྲེན་གྱི་ལྟེ་བ་གལ་ཅན་ཅིག་ལུ་གྱུར་ཏེ་ ཡར་འཕར་འགྱོ་ནི་ལུ་ ཕན་ཐོགས་བྱུང་ནུག། མར་ཏ་ཨབ་རིའུ་ཌི་ཨེས་ཊི་ཝེཛ་འདི་ “ཁྲོམ་གྱི་ཕན་བདེ་འབད་མི་” ཟེར་སླབ་དོ་ཡོདཔ་དང་ སཱན་ཊ་ཀ་ལ་ར་གི་གོང་འཕེལ་ནང་ལུ་ ཡོངས་གྲགས་ཅན་གྱི་མི་ངོམ་ཅིག་ཨིན་པས། མོ་གིས་ སློབ་གྲྭ་དང་གློག་མེ་འཕྲུལ་ཁང་ སྐྱབས་བཅོལ་ཁང་ མི་མང་བཙོ་བླག་ཁང་དང་ ད་རེས་ནངས་པ་ཡང་ཡོད་པའི་ གློག་བརྙན་ཁང་ ཀྲི་ཀྲོ་ལ་ཀ་རི་དྲད་ཚུ་རྩིས་ཏེ་ ལས་འགུལ་ལེ་ཤ་ཅིག་ལུ་ མ་དངུལ་རྒྱབ་སྐྱོར་འབད་ཡོདཔ་ཨིན་པས། མོ་གི་བྱམས་བརྩེ་གི་ལཱ་འདི་གིས་ ཁྲོམ་གྱི་གཞི་རྟེན་མཐུན་རྐྱེན་དང་ ལམ་སྲོལ་གྱི་གཙུག་སྡེ་ཚུ་ ལེགས་ཤོམ་སྦེ་ཡར་དྲག་བཏང་ཚུགས་ནུག།

སྤྱི་ལོ་ ༡༩༥༨ ཟླ་ ༡༢ པའི་མཇུག་ལུ་ སཱན་ཊ་ཀ་ལ་ར་འདི་ ཀིའུ་བཱན་གྱི་གཞུང་རྒོལ་གྱི་དམག་འཁྲུག་བྱུང་སའི་ས་ཁོངས་ཅིག་ཨིན་པས། དེ་ཡང་ ཨར་ནེསི་ཊོ་ཅེ་གུ་ཝ་ར་དང་ ཀ་མི་ལ་སི་ཡེན་ཕུའུ་གོསི་གིས་ འགོ་འཁྲིད་འབད་མི་ རྩ་སྒྱུར་དམག་སྡེ་གིས་ ཁྲོམ་འདི་དབང་དུ་བསྡུ་སྟེ་ ཕུལ་ཇེན་སིའོ་བཱ་ཊིསི་ཊ་གི་གཞུང་འདི་ མར་ཕབ་འགྱོ་ནུག། ཨིན་རུང་ དམག་ལས་རྒྱལ་ཁ་ཐོབ་མི་འདི་གིས་ ཀིའུ་བཱ་གི་རྒྱལ་རབས་ནང་ འགྱུར་བ་སྦོམ་ཅིག་ཨིནམ་ལས་ ཁྲོམ་སྡེ་ནང་ ཅེ་གུ་ཝ་ར་གི་མཆོད་ཁང་ཡོད་མི་འདི་གིས་ འདི་ཁར་སྡོད་མི་ མི་སེར་ག་ར་ལུ་དྲན་གསོ་ཞུ་དོ་ཡོདཔ་ཨིན་པས། སཱན་ཊ་ཀ་ལ་ར་འདི་ རྫོང་ཁག་ལེ་ཤ་ཅིག་དང་ འདེམས་ཁོངས་ ༡༨ ལུ་དབྱེ་སྟེ་ཡོདཔ་ཨིན། ཁྲོམ་འདི་ ཁྲོམ་སྡེ་གཞུང་གི་གཞི་བཀོད་འོག་ལུ་ལཱ་འབདཝ་ཨིནམ་དང་ ཨོས་མ་ནི་གཱར་སི་ཡ་ལོ་པེཛ་གིས སྲིད་འཛིན་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། ས་གནས་གཞུང་གིས་ ཀིའུ་བ་གི་སྲིད་དོན་ལམ་ལུགས་ལྟེ་བའི་ལམ་ལུགས་དང་ མཐུན་སྒྲིག་འབད་དེ་ ཁྲོམ་སྡེའི་གནས་ཚད་ནང་ རྒྱལ་ཡོངས་སྲིད་བྱུས་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན།

སཱན་ཊ་ཀ་ལ་ར་ལུ་ ཉིན་བསྟར་གྱི་མི་ཚེ་དང་ ཤེས་རིག་ དེ་ལས་ གཞུང་གི་གནས་སྟངས་ག་རའི་ནང་ ལག་ལེན་འཐབ་མི་ ཨིསི་པེ་ནིཤི་སྐད་ཡིག་འདི་ གཞུང་འབྲེལ་གི་སྐད་ཡིག་ཅིག་ཨིན།  སཱན་ཊ་ཀ་ལ་ར་ལུ་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོདཔ་ལས་ སྒྱུ་རྩལ་དང་རྒྱལ་རབས་ལུ་བརྩོན་ཤུགས་བསྐྱེད་མི་ གཙུག་སྡེ་ལེ་ཤ་ཅིག་ཡོདཔ་ཨིན། ཁྲོམ་འདི་ སྙན་ཆའི་མཐོང་སྣང་དང་ གློག་བརྙན་ཁང་ དེ་ལས་ འགྲེམས་སྟོན་ཁང་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། རང་ལུགས་ཀྱི་དུས་སྟོན་དང་ལས་རིམ་ཚུ་ ལོ་གཅིག་གི་རིང་ལུ་ བརྩི་སྲུང་འབད་དོ་ཡོདཔ་ལས་ ཁྲོམ་གྱི་ལམ་སྲོལ་མ་འདྲཝ་ཚུ་གསལ་སྟོན་འབདཝ་ཨིན། ཁྲོམ་སྡེ་འདི་གིས་ རྩེད་རིགས་ཁག་མ་འདྲཝ་ཚུ་ལུ་ རྒྱབ་སྐྱོར་འབདཝ་དང་གཅིག་ཁར་ བེསི་བཱོལ་དང་ མཛོག་ཁྱད་རྩེདམོ་ དེ་ལས ལུས་རྩེད་ཀྱི་མཐུན་རྐྱེན་ཚུ་ཡོདཔ་ལས་ ཀིའུ་བ་གི་རྩེད་རིགས་ལམ་སྲོལ་སྒྲིང་སྒྲི་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན། སཱན་ཊ་ཀ་ལ་ར་གི་བཞེས་སྒོ་མཐོང་སྣང་གིས་ ཀིའུ་བཱ་གི་རང་ལུགས་ཀྱི་བཞེས་སྒོ་དང་ ས་གནས་ཀྱི་ཁྱད་ཆོས་ཚུ་ སླ་བསྲེ་རྐྱབ་སྟེ་བྱིནམ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ པ་ལ་དཱ་རེས་ཟེར་སླབ་མི་ སྒེར་གྱི་ཟ་ཁང་ཚུ་ཡར་འཕར་འགྱོ་སྟེ་ཡོདཔ་ལས་ ཟ་ཁང་གི་ཉམས་མྱོང་མ་འདྲཝ་ཚུ་བྱིནམ་ཨིན། ས་གནས་ཀྱི་བཟའ་འཐུང་ཚུ་ནང་ ཆུམ་དང་སྲནམ་ཅུམ་ ཕག་ཤ་ དེ་ལས་ ཤིང་འབྲས་ཚུ་གཙོ་བོ་སྦེ་ཡོདཔ་ལས་ ལུང་ཕྱོགས་འདི་ནང་ སོ་ནམ་གྱི་ལཱ་ཚུ་ མང་སུ་སྦེ་ཡོདཔ་སྦེ་གསལ་སྟོན་འབདཝ་ཨིན།

ཁྲོམ་སྡེ་འདི་གི་དཔལ་འབྱོར་འདི་ སོ་ནམ་དང་བཟོ་གྲྭ་ དེ་ལས་ ཞབས་ཏོག་ཚུ་ཨིན་མས། ཁྲོམ་འདི་ གུ་རམ་བཙོ་སྦྱོར་དང་ ཏམ་ཁུ་བཟོ་གྲྭ་ དེ་ལས་ བཟོ་སྐྲུན་གྱི་ལྟེ་བ་ཅིག་ཨིན། ཉེ་འདབས་ལུ་ཡོད་པའི་ ཨེ་བེལ་སཱན་ཊ་མ་རི་ཡ་གནམ་གྲུ་ཐང་གིས་ ཚོང་འབྲེལ་དང་སྐྱེལ་འདྲེན་གྱི་ མཐུན་རྐྱེན་བྱིན་ཏེ་ སཱན་ཊ་ཀ་ལ་ར་འདི་ རྒྱལ་སྤྱིའི་འགྲོ་ཡུལ་ཚུ་དང་མཐུད་དེ་ཡོདཔ་ཨིན། དཔལ་འབྱོར་གྱི་བཟོ་སྐྲུན་སྣ་མང་ཡོད་རུང་ སཱན་ཊ་ཀ་ལ་ར་ལུ་ གཞི་རྟེན་མཐུན་རྐྱེན་བདག་འཛིན་དང་ ཐོན་སྐྱེད་ཚད་འཛིན་འབད་ནི་ཚུ་རྩིས་ཏེ་ ཀིའུ་བཱན་གྱི་ཁྲོམ་ཚོགས་མང་ཤོས་ཅིག་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན། ཁྲོམ་སྡེ་གི་བྱུང་རབས་དང་ལྡན་པའི་སྒྲིང་ཁྱིམ་ཚུ་ ཉམས་སྲུང་འབད་ནི་གི་དོན་ལས་ བརྩོན་ཤུགས་བསྐྱེད་དགོཔ་དང་ ས་གནས་གཞུང་གིས་ འ་ནི་དགོས་མཁོ་ཚུ་གྲུབ་ཐབས་ལུ་ རྒྱལ་ཡོངས་ཀྱི་ཚད་གཞི་ནང་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། དཔལ་འབྱོར་བསྒྱུར་བཅོས་དང་ སྒེར་གྱི་ཚོང་འབྲེལ་ཡར་སེང་འགྱོ་མི་ལུ་བརྟེན་ གོ་སྐབས་གསརཔ་ཚུ་ འགོ་བཙུགས་ཡོདཔ་ཨིན་རུང་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ འཛིན་སྐྱོང་ལེགས་ཤོམ་སྦེ་འབད་དགོཔ་ཨིན་པས།

སཱན་ཊ་ཀ་ལ་ར་འདི་ ཀིའུ་བ་རྒྱལ་ཁབ་ཀྱི་རྒྱལ་རབས་དང་ལམ་སྲོལ་སྣ་ཚོགས་ཀྱི་བདེན་ཁུངས་ཅིག་ཨིན། ཨིས་པེ་ནིཤི་གི་གཞིས་ཆགས་འགོ་བཙུགས་པའི་ཉིན་མ་ལས་ ད་རེས་ནངས་པར་ ཁྲོམ་ཚོགས་ལྟེ་བ་ཅིག་སྦེ་སྡོད་པའི་དུས་སྐབས་ཚུན་ ཁྲོམ་འདི་ནང་ མི་ཚུ་གི་ བཟོད་བསྲན་དང་གསར་གཏོད་ཚུ་ སྒྲིང་སྒྲི་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན། སཱན་ཊ་ཀ་ལ་ར་གིས་ ཀིའུ་བ་གི་རྒྱལ་ཡོངས་ལོ་རྒྱུས་ནང་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ འཕྲོ་མཐུད་དེ་ར་ སྲོལ་ཁྱུན་ཉམས་སྲུང་འབད་ནི་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. 1 2 Wikipedia. (2025). Santa Clara, Cuba. Published by: Creative Commons. Retrieved from:་https://en.wikipedia.org/wiki/Santa_Clara,_Cuba
  2. Weather Atlas. (2024). Climate and monthly weather forecast- Santa Clara, Cuba. Published by: Weather Atlas. Retrieved from:  https://www.weather-atlas.com/en/cuba/santa-claraclimate?