Jump to content

སཱེན་ཊེའི་གོ་ ཌི་ལོསི་ ཀེ་བཱ་ལི་རཱོསེ་ ཌི་ལིའོན།

Wikipedia ལས།

༉ གཞུང་འབྲེལ་དུ་ སཱེན་ཊེའི་གོ་ ཌི་ལོསི་ ཀེ་བཱ་ལི་རཱོསེ་ ཌི་ལིའོན (Santiago de los Caballeros de León) ཟེར་སླབ་མི་ ལིའོན་དི་ ནི་ཀཱ་ར་གུ་ཝ་གི་རྒྱལ་རབས་དང་ལྡན་པའི་ཁྲོམ་ཚོགས་ཅིག་ཨིན། ལིའོན་འདི་ རྒྱལ་ཁབ་ནང་ལུ་ ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ཨིན་པའི་ཁར་ ནི་ཀཱ་ར་གུ་ཝ་གི་ཤེས་ཡོན་ཅན་གྱི་མི་སྡེ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན། ལིའོན་འདི་ ནི་ཀ་ར་གུ་ཝ་གི་ནུབ་ཕྱོགས་ལུ་ རྒྱལ་ས་ལྟེ་བ་ མ་ན་གུ་ཝ་ལས་ བྱང་ནུབ་ཁ་ཐུག་ལུ་ ཀི་ལོ་མི་ཊར་༩༠ དེ་ཅིག་གི་ས་ཁར་ པེ་སི་ཕིག་རྒྱ་མཚོའི་ཉེ་འདབས་ལུ་ཆགས་ཏེ་ཡོདཔ་ད་ དེ་ལས་ ཡོངས་གྲགས་ཅན་གྱི་མཚོ་འགྲམ་ པོ་ནེ་ལོ་ཡ་དང་ ལཱསི་པེ་ནི་ཊས་ཚུ་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་ཁར་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རེའོ་ཅི་ཀེའུ་ཊོ (Río Chiquito) དང་ སཱན་ཕཱི་ལིཔ (San Felipe) གཙང་ཆུ་གཉིས་ཀྱི་བར་ན་ཡོད་པའི་ ལིའོན་འདི་ ས་ཞིང་ཚུ་གི་སྐོར་ར་རྐྱབ་སྟེ་ཡོདཔ་ཨིན་མས། འ་ནཱི་ས་ཆའི་གནས་སྟངས་འདི་གིས་ སོ་ནམ་གྱི་ཐོན་སྐྱེད་ལུ་ ཕན་ཐོགས་ཡོདཔ་མ་ཚད་ རང་བཞིན་གྱི་མཐོང་སྣང་མ་འདྲཝ་ཚུ་ཡང་ གསལ་རི་རི་སྦེ་སྟོནམ་ཨིན། སྤྱི་ལོ་ ༡༥༢༤ ལུ་ ཨེསི་པི་ནིཤ་གིས་དབང་བཟུང་འབད་མི་ ཕཱརན་སིསེ་ཀོ་ ཧཱར་ནན་ཌཱས་ ཌི ཀཱོར་ཌོ་བཱ་(Francisco Hernández de Córdoba) གིས་གཞི་བཙུགས་འབད་མི་ ལིའོན་འདི་ ངོ་མ་ར་ མ་ནུ་གོ་ཝ་མཚོ་གི་ཉེ་འདབས་ལུ་ གཞི་བཙུགས་འབད་ནུག། ཨིན་རུང་ སྤྱི་ལོ་༡༦༡༠ ལུ་ ས་ཡོམ་དང་ མེ་རུད་ཀྱི་ གནོད་པ་སྦོམ་བྱུང་མི་ལུ་བརྟེན་ ཁྲོམ་འདི་ ད་ལྟོ་ཡོད་པའི་ ས་གནས་ སུ་ཊི་ཡ་བ་ཟེར་མི་གི་ཉེ་འདབས་ལུ་ སྤོ་བཤུད་འབད་ནུག།

རྒྱལ་རབས་ནང་ལུ་ ལིའོན་གྱིས་ ནི་ཀཱ་ར་གུ་ཝ་གི་སྲིད་དོན་གནས་སྟངས་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་དང་ སྤྱི་ལོ་༡༨༥༥ ཚུན་ ཨིསི་པེན་མངའ་སྡེའི་རྒྱལ་ས་ལྟེ་བ་དང་ ཤུལ་ལས་ ནི་ཀ་ར་གུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་ རྒྱལ་ས་ལྟེ་བ་འབད་ནུག། དེ་ལས་ དམིགས་བསལ་གྱིས་ ལིའོན་འདི་ སྤྱི་ལོ་༡༩༥༦ ལུ་ བཀའ་བཙན་དཔོན་ ཨ་ནཱསེ་ཊཤིའོ སོ་མོ་ཟ་ གཱར་ཤི་ཡ་ (Anastasio Somoza García) བསད་སའི་ས་ཁོངས་ཨིན་པས།

མི་རློབས་ཀྱི་ཐད་ཁར་ སྤྱི་ལོ་༢༠༢༢ ལོ་ནང་ ལིའོན་ལུ་ མི་རློབས་ ༢༡༣༧༡༨ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབད་དེ་ཡོདཔ་ལས་ མ་ན་གུ་ཝ་འདི་ ནི་ཀ་ར་གུ་ཝ་གི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ཨིན་པས། མི་རློབས་འདི་ མང་ཤོས་ཅིག་ར་ མཱེསི་ཊི་ཟོ་ (mestizo) ཨིནམ་ལས་ ས་གནས་ཀྱི་མི་དང་ ཡུ་རོབ་ཀྱི་སྲོལ་རྒྱུན་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་སྦེ་ཨིན་མས། ལིའོན་གི་གནས་རིམ་འདི་ གཙུག་ལག་སློབ་སྡེ་གི་ཁྲོམ་ཚོགས་ཅིག་འབད་མི་འདི་གིས་ སློབ་ཕྲུག་མང་ཤོས་ཅིག་ར་འཛུལ་ཞུགས་འབད་བཅུག་སྟེ་ ན་གཞོན་གྱི་དོན་ལུ་ ཕན་ནུས་ཅན་གྱི་གནས་སྟངས་ཅིག་སྦེ་ཡོདཔ་ཨིན།

ལིའོན་འདི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ སྒྱུ་རྩལ་གྱི་མཐོང་སྣང་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན་མས། ཁྲོམ་འདི་ནང་ སྤྱི་ལོ་༡༨༡༣ ལུ་གཞི་བཙུགས་འབད་མི་ ནི་ཀ་ར་གུ་ཝ་གི་རྒྱལ་ཡོངས་རང་དབང་གཙུག་ལག་སློབ་སྡེ་གི་ཁྱིམ་ཅིག་ཡོདཔ་དང་ གཙུག་ལག་སློབ་སྡེ་འདི་ ཨ་མི་རི་ཀ་གི་གཙུག་ལག་སློབ་སྡེ་རྙིང་ཤོས་ཅིག་ཨིན། ལིའོན་གིས་ ཨེསི་པི་ནིཤ་གི་རྩོམ་རིག་ནང་ལུ་ དེང་སང་གི་རྩོམ་རིག་གི་མ་ཨིནམ་སྦེ་བརྩི་མི་ རུ་བིན་ཌེའི་རིའུ་ (Rubén Darío) བརྩིས་ཏེ་ རྩོམ་རིག་གི་མི་ངོམ་ལེ་ཤ་ཅིག་ར་ བཏོན་ཡོདཔ་ཨིན་མས། དེ་བཟུམ་སྦེ་ ཁྲོམ་ཚོགས་འདི་གི་བཟོ་རིགས་ཡོངས་གྲགས་ཅན་འདི་ དབུས་ཕྱོགས་ཨ་མི་རི་ཀ་ལུ་ཡོད་པའི་ ཡེ་ཤུའི་ལྷ་ཁང་སྦོམ་ཤོས་ཅིག་ཨིན་མི་ བཱེལསེཌ ཝར་ཇིན་མཱི་རེ་ (Blessed Virgin Mary) ཡེ་ཤུའི་ལྷ་ཁང་ བཱ་སི་ལ་ (Basilica) དང་ ཡུ་ནིསེ་ཀོ་ (UNESCO) གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ཅིག་ཨིན་མས། ལིའོན་གིས་ ལ་གཱིརེ་ཊེ་རི་ཡ་ (La Gritería) བཟུམ་གྱི་དུས་སྟོན་དང་ ཆོས་དོན་གྱི་དུས་སྟོན་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དོ་ཡོདཔ་དང་ འདི་གིས་ ཁྲོམ་ཚོགས་ནང་ལུ་ རྩ་བ་གཏིང་ཟབ་སྦེ་ཡོད་མི་ ཡེ་ཤུའི་ལམ་སྲོལ་ཚུ་ གསལ་སྟོན་འབདཝ་ཨིན་མས།

དེ་དང་གཅིག་ཁར་ ལིའོན་གྱི་དཔལ་འབྱོར་དེ་ སོ་ནམ་དང་བཟོ་གྲྭ་ དེ་ལས་ ཚོང་འབྲེལ་ཚུ་གིས་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ མ་འདྲཝ་སྦེ་ཡོདཔ་མ་ཚད་ མཐའ་འཁོར་གྱི་ས་ཞིང་ཚུ་ གེ་ཟ་དང་ སྲནམ་ཅུམ ངང་ལག་དང་ མར་ཁུ་བཟུམ་གྱི་ལོ་ཐོག་ཚུ་ འཛུགས་སྐྱོང་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན་པས། ཁྲོམ་འདི་ ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ཡང་ ཕྱག་ཞུ་དོ་ཡོདཔ་དང་ ཁྲོམ་དང་ཚོང་འབྲེལ་ཚུ་གི་ལྟེ་བ་ཅིག་སྦེ་ ཆ་བཞག་དོ་ཡོདཔ་ཨིན་པས། དེ་ཁར་ གཅིག་འདི་ ལྟ་བཤལ་ཨིནམ་དང་ ལིའོན་གྱི་རྒྱལ་རབས་ཅན་གྱི་ས་ཁོངས་དང་ ལམ་སྲོལ་གྱི་མཛེས་སྡུག་ དེ་ལས་ མཚོའི་མཐའ་མའི་རང་བཞིན་གྱི་མཐོང་སྣང་ལྟ་ན་སྡུག་པ་ཚུ་ ལྟ་བཤལཔ་གི་དོན་ལུ་ སྤྲོ་སྟོན་གྱི་ས་གོ་ཅིག་ལུ་འགྱུར་ཡོདཔ་མ་ཚད་ སི་རོ་ ནི་གཱོརོ (Cerro Negro) ལུ་ མེ་རི་གུར་འཛེག་ནི་གི་ལས་རིམ་ཚུ་བརྩིས་ཏེ་ མཐོང་སྣང་ཅན་གྱི་ལས་རིམ་ཚུ་གིས་ ཉམས་མྱོང་གཞན་དང་མ་འདྲཝ་འཚོལ་མི་ ལྟ་བཤལཔ་ཚུ་ལུ་ སེམས་ཤུགས་བྱིནམ་ཨིན་མས།

འདས་པའི་ལོ་ཚུ་ནང་ ལིའོན་གྱིས་ མི་རློབས་ཡར་སེང་འགྱོ་མི་དང་ ལྟ་བཤལ་བཟོ་གྲྭ་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ཁྲོམ་སྡེ་གོང་འཕེལ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་ལུ་ གཙོ་བོར་བཏོན་ཡོདཔ་མ་ཚད་ ཡུན་བརྟན་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་རབས་ཅན་གྱི་ ས་ཁོངས་ཚུ་ ཉམས་སྲུང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ཡོདཔ་ཨིན་པས། ཨིན་རུང་ ཁྲོམ་སྡེ་རྒྱ་སྐྱེད་འཛིན་སྐྱོང་འཐབ་ནི་དང་ སྤུས་ཚད་ཅན་གྱི་ ཤེས་ཡོན་དང་ གསོ་བའི་ཞབས་ཏོག་ཚུ་ ཐོབ་ཚུགསཔ་བཟོ་ནི་ དེ་ལས་ སོ་ནམ་གྱི་ལམ་ལུགས་དང་ རང་བཞིན་གྱི་རྐྱེན་ངན་ཚུ་དང་འབྲེལ་བའི་ མཐའ་འཁོར་གནས་སྟངས་ཀྱི་ ཚ་གྱང་ཚུ་ བསལ་ནི་ལ་སོགས་པའི་ གདོང་ལེན་ཚུ་ འཐོན་དོ་ཡོདཔ་ཨིན་པས།

རྒྱལ་ཡོངས་གནས་ཚད་ནང་ལུ་ སྲིད་དོན་གྱི་སྟབས་མ་བདེཝ་འདི་གིས་ ལིའོན་ལུ་ཡང་ གནོད་པ་བྱུང་དོ་ཡོདཔ་དང་ འདི་ཡང་ སྲིད་དོན་གྱི་ལས་འགུལ་དང་ མ་མཐུན་པའི་ལྟེ་བ་ཅིག་སྦེ་ བྱུང་རབས་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ལིའོན་འདི་ ནི་ཀ་ར་གུ་ཝ་གི་བྱུང་རབས་ཕྱུགཔོ་དང་ལམ་སྲོལ་གཏིང་ཟབ་ དེ་ལས་ བཟོད་བསྲན་ཚུ་གི་བདེན་ཁུངས་ཅིག་སྦེ་ཨིནམ་ལས་ ཤེས་ཡོན་ཅན་གྱི་མི་སྡེ་དང་ རྩ་སྒྱུར་གྱི་སེམས་ཤུགས་ཚུ་སླ་བསྲེ་རྐྱབ་སྟེ་ གཞན་དང་མ་འདྲ་བའི་ ཁྲོམ་སྡེ་ཅིག་ལུ་འགྱུར་དོ་ཡོདཔ་དང་ ཁྲོམ་འདི་ འཕྲོ་མཐུད་དེ་ར་ ཡར་རྒྱས་འགྱོ་བའི་བསྒང་ལས་ དེང་སང་གི་གནས་སྟངས་དང་ སྲོལ་ཁྱུན་ཉམས་སྲུང་འབད་ནི་འདི་ ཡུན་བརྟན་གྱི་གོང་འཕེལ་གྱི་དམིགས་གཏད་གཙོ་བོ་ཅིག་ཨིན་མས།

 རྒྱབ་རྟེན་ཐོ།

༡) ཀོར་ན་ཝ་ཀ་ ཌི་ཨི་ཨི་ (གནམ་ལོ་མེད ༢༠༠༣) ལིའོན་ ཝི་ཇོ། ནི་ར་ཀ་གུ་ཝ༔ འབྲེལ་བ་འཐབ་སའི་མི་སྡེ། ཀ་ལི་ཕོར་ནི་ཡ་གཙུག་ལག་སློབ་སྡེ།

༢) པཱ་ར་ཌི་སོ་ཨེམ་ ཀོསི་ཊན་ཊི་ནི་ཇི་ མི་ལ་ནི་པི་ བུ་ཅེ་ལི་ཨེས་ ཌེལ་སེ་རི་ཨེམ་ དང་ ཀ་སི་ལ་ཨེན་ (གནམ་ལོ་མེད ༢༠༡༨) ལིའོན་ ནི་ར་ཀ་གུ་ཝ་གི་རྒྱལ་རབས་ལྟེ་བའི་དོན་ལུ་ ཡུན་བརྟན་དང་འཛིན་སྐྱོང་གི་ཐབས་བྱུས།

༣) བེརེནཊ་ལིང་གར་ ཇེ་ (གནམ་ལོ་མེད ༡༩༩༠) ནི་ཀ་ར་གུ་ཝ་དང་ ངོ་ཚབ་ཀྱི་སྲིད་དོན། ཀོན་ཕུ་ལུ་སི་ཡ་ ༩-༡༥།

༤) སཱལ་ཨེ་ཇི་ གཱར་སི་ཡ་ཨེ་ཇི་ པེ་རེ་ཟི་སི་ཨེས་ དེ་ལས་ པྲ་ཌོ་པི་ཌི་ (གནམ་ལོ་མེད ༢༠༠༦) ནི་ཀ་ར་གུ་ཝ་གི་ ལིའོན་ཁྲོམ་ཚོགས་ནང་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ བརྩི་མཐོང་ཅན་གྱི་སྲོལ་ཁྱུན། སྐྱེ་ལྡན་རིག་པ་དང་མཐའ་འཁོར་གནས་སྟངས་ཀྱི་དུས་དེབ ༩༧།