Jump to content

སི་རི་ཡ། Syria

Wikipedia ལས།
སི་རི་ཡ་གི་རྒྱལ་དར།
སི་རི་ཡ་གི་ས་ཁྲ།

མི་ཌལ་ཨིསཏ་ལུང་ཕྱོགས་ཀྱི་དབུས་ཕྱོགས་ལུ་ཆགས་ཡོད་པའི་སི་རི་ཡ་རྒྱལ་ཁབ་འདི་ རྒྱལ་རབས་ཕྱུག་པོ་དང་ལམ་སྲོལ་སྣ་ཚོགས་ དེ་ལས་ ཐབས་བྱུས་ཅན་གྱི་ འཛམ་གླིང་སྲིད་དོན་གྱི་གནས་རིམ་ནང་ ཁག་ཆེ་བའི་རྒྱལ་ཁབ་ཅིག་ཨིན། ཁོང་གི་ས་མཚམས་འདི་ ལེ་བྷ་ནོན། ཨི་ཟི་རེལ། ཇོར་ཌན། ཨི་རག། ཊར་ཀི་ཚུ་དང་མཐུད་དེ་ཡོདཔ་ཨིན། དེང་སང་གི་དུས་ལུ་ གདོང་ལེན་སྦོམ་སྦེ་ར་བྱུང་རུང་ སི་རི་ཡ་འདི་ རྒྱལ་རབས་དང་ལམ་སྲོལ་གྱི་ གལ་གནད་ཅན་གྱི་རྒྱལ་ཁབ་ཅིག་སྦེ་ ཡོདཔ་ཨིན།

ས་ཆ་དང་རྒྱ་ཚད།

སི་རི་ཡ་གི་སའི་རྒྱ་ཁྱོན་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་༡༨༥,༡༨༠ དེ་ཅིག་ཡོདཔ་ལས་ ལུང་ཕྱོགས་འདི་ནང་ རྒྱལ་ཁབ་ཀྱི་སྦོམ་ཚད་ལས་འབདན་ བར་མ་ཅིག་ཨིན་པས། ནུབ་ཁ་ཐུག་ལུ་ མེ་ཌི་ཊར་ནི་ཡཱན་མཚོ་གི་ ས་མཚམས་ཡོདཔ་ལས་ མཚོའི་མཐའམ་ར་ ཀི་ལོ་མི་ཊར་༡༩༣ དེ་ཅིག་ ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་ས་ཆའི་ཆགས་ཚུལ་མ་འདྲཝ་ཚུ་ནང་ མཚོ་མཐའི་ཐང་། གངས་རི། བྱེ་ཐང་། ས་བཅུད་ལྡན་པའི་ལུང་གཤོང་ཚུ་ཡོདཔ་ལས་ སོ་ནམ་གྱི་ཐོན་ཁུངས་ལུ་ ཕན་ཐོགས་དོ་ཡོདཔ་ཨིན།

གནམ་གཤིས།

སི་རི་ཡ་གི་གནམ་གཤིས་འདི་ མེ་ཌི་ཊར་ནི་ཡཱན་གྱི་མཚོ་མཐའི་གནམ་གཤིས་ཡོདཔ་དང་ དེ་ཡང་དགུན་ལུ་ ཆར་ཆུ་དང་བསིལ་དྲོད་རན་ཏོག་ཏོ་དང་ གནམ་བྱཱར་ལུ་ཚ་དྲོད་ཡོད་པའི་གུ་ཆར་ཆུ་དཀོན་སུ་ཡོདཔ་དང་ རྒྱལ་ཁབ་ནང་ན་ ས་སྐམ་དང་ ཤར་ཕྱོགས་ལུ་ བྱེ་ཐང་ཚུ་ཡོདཔ་ཨིན་པས། བྱང་ཕྱོགས་ལུ་ཡོད་པའི་ ཀུར་ཌིཤ་གངས་རི་ཚུ་གིས་ གནམ་གཤིས་རན་ཏོག་ཏོ་སྦེ་ཡོདཔ་དང་ ཤར་ལྷོ་ཁ་ཐུག་ལུ་ སི་རི་ཡཱན་བྱེ་ཐང་ཚུ་་ཡོདཔ་ཨིན།

རྒྱལ་ས་ལྟེ་བ།

སི་རི་ཡའི་རྒྱལ་ས་ལྟེ་བ་ ཌ་མསི་ཀཱསི་འདི་ འཛམ་གླིང་ནང་ འཕྲོ་མཐུད་དེ་རང་ མི་སྡོད་མི་ ཁྲོམ་སྡེ་རྙིང་ཤོས་ཅིག་ཨིནམ་དང་ འདི་གི་རྒྱལ་རབས་ལོ་རྒྱུས་འདི་ ལོ་ངོ་༤༠༠༠ ལྷགཔ་ཅིག་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ལྷོ་ནུབ་ཕྱོགས་ལུ་ཆགས་ཏེ་ཡོད་མི་འདི་ ལམ་སྲོལ་དང་སྲིད་དོན་ དེ་ལས་ རྒྱལ་རབས་ཀྱི་ ཁག་ཆེ་བའི་ ལྟེ་བ་ཅིག་ཨིན། ཁྲོམ་གྱི་འདས་པའི་ལོ་རྒྱུས་འདི་ ་སྔོན་ལུགས་ཀྱི་བཟོ་བཀོད་དང་ ས་འུཀས་(ཚོང་ཁང་) དེ་ལས་ ཆོས་དོན་གྱི་ས་ཁོངས་ཚུ་ནང་ལས་ མཐོང་གསལ་བྱུང་ཡོདཔ་ལས་ རྒྱལ་རབས་ལུ་སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ སེམས་ཁར་འབབ་པའི་ས་སྒོ་ཅིག་ཨིན།

ཌ་མསི་ཀཱསི་འདི་ སི་རི་ཡ་གི་གཞུང་སྐྱོང་ལྟེ་བ་དང་ གཞུང་གི་གཙུག་སྡེ་གཙོ་བོ་ཚུ་གི་ཡིག་ཚང་ དེ་ལས་ སི་རི་ཡ་གི་སྲིད་འཛིན་གྱི་སྡོད་ཁྱིམ་ཅིག་ཨིན། སི་རི་ཡ་ལུ་ འཕྲོ་མཐུད་དེ་རང་ འཐབ་འཛིང་འབད་བའི་བསྒང་ཡོད་མི་འདི་གིས་ ཁྲོམ་འདི་ལུ་ གནོད་སྐྱོན་སྦོམ་སྦེ་ར་བྱུང་སྟེ་ཡོད་རུང་ རྒྱལ་ཁབ་ཀྱི་སྲིད་དོན་གྱི་ལྟེ་བ་ གལ་གནད་ཅན་ཅིག་སྦེ་ར་ཡོདཔ་ཨིན།

ཁྲོམ་འདི་ནང་ གནམ་གཤིས་ཚ་དྲོད་དང་ བྱཱར་དུས་ཆར་ཆུ་མེདཔ་དང་ དགུན་དུས་ཚ་དྲོད་དང་ རློན་གཤེར་ཅན་གྱི་གནམ་གཤིས་ཡོདཔ་ཨིན། ཨུ་མ་ཡཱད་ཁ་ཆེའི་ལྷ་ཁང་དང་ ཁྲོམ་ཚོགས་རྙིངམ་ ༼ཡུ་ནེས་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་༽ དེ་ལས་ ཨ་ཛམ་ཕོ་བྲང་ལ་སོགས་པའི་ འབྱུང་རབ་དང་ལྡན་པའི་ས་ཁོངས་ཚུ་གིས་ ལྟ་བཤལཔ་དང་མཁས་པ་ཚུ་ འོང་ནི་ནང་སྤྲོ་བསྐྱེད་བཅུག་དོ་ཡོདཔ་ཨིན།

ད་རེས་ སི་རི་ཡ་གི་ནང་འཁྲུག་ལས་བརྟེན་ ཌ་མསི་ཀཱསི་ལུ་ གདོང་ལེན་ལེ་ཤ་ཅིག་རང་ འབྱུང་དོ་ཡོད་རུང་ སི་རི་ཡ་གི་ ཡུན་བརྟན་ལམ་སྲོལ་གྱི་ སྲོལ་ཁྱུན་དང་ རྒྱལ་རབས་ནང་ཁག་ཆེ་བའི་ རྟགས་མཚན་ཅིག་སྦེ་ ལུས་ཡོདཔ་ཨིན་པས།

རྒྱལ་རབས།

སི་རི་ཡ་ལུ་ སྔོན་མའི་དུས་སྐབས་ལས་ གཞན་དང་མ་འདྲ་བའི་ བྱུང་རབས་ཡོདཔ་ཨིན། འ་ནི་འདི་ སུ་མེ་རི་ཡཱན་དང་ ཕོ་ནི་ཤི་ཡཱན་ དེ་ལས་ ཨ་སི་རི་ཡཱན་ཚུ་རྩིས་པའི་ སྔོན་ལུགས་གོང་འཕེལ་ལེ་ཤ་ཅིག་གི་ འབྱུང་སའི་ས་གནས་ཨིན་པས། ཤུལ་ལས་ རོ་མཱན་རྒྱལ་ཁམས་དང་ བཱའི་ཛཱན་ཊིན་རྒྱལ་ཁམས་ཀྱི་ཆ་ཤས་ཅིག་ལུ་འགྱུར་ཡོདཔ་དང་ ཨིསི་ལ་མིཀ་ཀ་ལི་ཕེཊསི་གི་ལྟེ་བ་གཙོ་བོ་ཅིག་ཨིན་པས། དམིགས་བསལ་གྱི་ ཌ་མསི་ཀཱསི་འདི་ ཨུ་མ་ཡཌ་ཀ་ལི་ཕེཊ་གི་སྐབས་ལུ་ རྒྱལ་ས་ལྟེ་བ་ཅིག་ལུ་འགྱུར་ཏེ་ ཨིསི་ལམ་ཁྱབ་སྤེལ་འབད་ནི་ལུ་ འགན་ཁུར་ལྟེ་བ་ཅིག་འབག་ནུག། དུས་རབས་༡༦ པ་ལས་ འཛམ་གླིང་དམག་ཆེན་དང་པ་མཇུག་མ་བསྡུ་ཚུན་ཚོད་ ཨོ་ཊོ་མཱན་རྒྱལ་ཁམས་ཀྱིས་ སི་རི་ཡ་འདི་ དབང་འཛིན་འབད་ཡོདཔ་དང་ དེ་གི་ཤུལ་ལས་ ཕཱརནསི་གི་དབང་འོག་བཙུགས་ནུག། སི་རི་ཡ་གིས་ སྤྱི་ལོ་༡༩༤༦ ལུ་ རང་དབང་ཐོབ་ཡོདཔ་དང་ དེ་ལས་ཚུར་ ནང་འཁོད་རྩོད་རྙོག་དང་ ཕྱི་ཁའི་བར་འཛུལ་ཚུ་གིས་ སྤྱི་ལོ་༢༠༡༡ ལུ་ ནང་འཁྲུག་འགོ་བཙུགས་ནུག།

མི་རློབས་དང་མི་རིགས།

སི་རི་ཡ་ལུ་ མི་རློབས་ས་ཡ་༡༨ དེ་ཅིག་ཡོདཔ་ད་ མི་རིགས་དང་ཆོས་ལུགས་མ་འདྲཝ་ཚུ་ ལེ་ཤ་སྦེ་ཡོདཔ་ཨིན་པས། སི་རི་ཡཱན་གྱི་མི་མང་ཤོས་ཅིག་རང་ ཨ་རབ་ཨིནམ་ད་(བརྒྱ་ཆ་༨༥ དེ་ཅིག་) གཞན་མི་ཚུ་ ཀུར་ཌིཤ་དང་ ཨར་མེ་ནི་ཡཱན་ དེ་ལས་ ཨ་སི་རེ་ཡཱན་ གི་གྲངས་ཉུང་མི་རིགས་ཚུ་ཨིན། སུ་ནི་ མུས་ལིམ་འདི་ ཆོས་ལུགས་སྦོམ་ཤོས་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ ཨ་ལ་ཝིཏས། ཡེ་ཤུའི་ཆོས་ལུགས། ཌུཛ། ཤི་ཡ་མུས་ལིམ་ཚུ་ཨིན་མས། འདི་བཟུམ་གྱི་སྣ་བསྲེ་འདི་གིས་ སི་རི་ཡ་གི་ལམ་སྲོལ་ཕྱུགཔོ་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ དམིགས་བསལ་གྱིས་ ཨ་སཱད་གཞུང་གི་འོག་ལུ་ དབང་ཚད་ཅན་གྱི་གཞུང་སྐྱོང་ཡར་སེང་འགྱོ་བའི་ཤུལ་ལས་ སྲིད་དོན་གྱི་སྟབས་མ་བདེཝ་ཡང་ཐོན་ནུག།

སྐད་ཡིག།

སི་རི་ཡའི་གཞུང་འབྲེལ་སྐད་ཡིག་འདི་ ཨ་ར་བིཀ་ཨིནམ་ད་ ཉིན་བསྟར་གྱི་མི་ཚེ་ནང་ སི་རི་ཡའི་ཁ་སྐད་འདི་ སླབ་ཨིན། ཀུར་ཌིཤ་ཁ་སྐད་འདི་ཡང་ དམིགས་བསལ་གྱིས་ བྱང་ཤར་ལུང་ཕྱོགས་ནང་ལུ་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ད་ ཨར་མེ་ནི་ཡཱན་ཁ་སྐད་འདི་ ཨར་མེ་ནི་ཡ་གི་མི་རིགས་གྲངས་ཉུང་སྦེ་ཡོད་མི་ཚུ་གི་ནང་འཁོད་ལུ་ ཡོངས་གྲགས་ཡོདཔ་ཨིན།

ཆོས་ལུགས།

སི་རི་ཡ་འདི་ ངོ་མ་རང་ ཨིསི་ལམ་གྱི་རྒྱལ་ཁབ་ཅིག་ཨིནམ་ད་ དེ་ནང་ སུ་ནི་ཨིསི་ལམ་འདི་ ཆོས་ལུགས་གཙོ་བོ་ཅིག་ཨིན། ཨ་ལ་ཝའིཏ་དང་ ཀརིས་ཊི་ཡཱན་ དེ་ལས་ གཞན་མི་ཆོས་ལུགས་ཆུང་ཀུ་ཚུ་ཡང་ཡོདཔ་ལས་ རྒྱལ་ཁབ་འདི་ནང་ ཆོས་ལུགས་སླ་བསྲེ་སྦེ་ཡོདཔ་ཨིན་པས།

ལམ་སྲོལ་དང་གྱོན་ཆས།

སི་རི་ཡའི་ལམ་སྲོལ་འདི་ སྔོན་མའི་ལམ་སྲོལ་དང་ དེང་སང་གི་ཚུ་ སླ་བསྲེ་སྦེ་ཡོདཔ་ཨིན་པས། སི་རི་ཡ་གིས་ སྒྱུ་རྩལ། རྩོམ་རིག། སྙན་ཆ། བཞེས་སྒོ་ཚུ་ནང་ གལ་གནད་ཅན་སྦེ་ ཕན་ཐོགས་འབད་དེ་ཡོདཔ་ཨིན། སི་རི་ཡའི་རང་ལུགས་ཀྱི་ཟ་འཐུང་ནང་ ཧུམ་མུསུ། ཕ་ལ་ཕེལ། ཀ་བོབ། ཏབ་བོ་ལེ་བཟུམ་གྱི་ཟ་འཐུང་ཚུ་ཚུདཔ་ཨིན། རྒྱལ་ཁབ་འདི་ནང་ བགོ་ལ། རྫ་ཆས། ཐགས་རས་ཚུ་རྩིས་ཏེ་ ག་ནི་བ་ལེགས་པའི་ལག་བཟོའི་རིགས་ཚུ་ཡང་ ཡོངས་གྲགས་ཡོདཔ་ཨིན།

ཕོ་སྐྱེས་ཚུ་གི་དོན་ལུ་ གྱོན་ཆས་གཞན་ཡང་ལག་ལེན་འཐབ་རུང་ རང་ལུགས་ཀྱི་གྱོན་ཆས་ནང་ གྱོན་ཆས་རིངམོ་དང་ཞྭམོ་ བཙུགསཔ་ཨིན་རུང་ ཨམ་སྲུ་ཚུ་གིས་ དུས་རྒྱུན་དུ་ རང་ལུགས་ཀྱི་ གྱོན་ཆས་རིངམོ་དང་ མགུ་ཏོ་གི་ཁེབས་ཚུ་ གྱོནམ་ཨིན་པས། ཨིན་རུང་ དེང་སང་གི་ ནུབ་ཕྱོགས་པའི་གྱོན་ཆས་ཚུ་ ཁྲོམ་ཚོགས་ཚུ་ནང་ ཡོངས་གྲགས་སྦེ་གྱོནམ་ཨིན་པས།

རྩེད་རིགས།

རྐང་རྩེད་འདི་ སི་རི་ཡའི་ནང་ཡོངས་གྲགས་ཆེ་བའི་རྩེདམོ་ཅིག་ཨིན་པས། ཡོངས་གྲགས་ཅན་གྱི་རྩེད་རིགས་གཞན་ཚུ་ཡང་ བཱསི་ཀེཊ་བཱོལ་དང་ བོ་ལི་བཱོལ་ དེ་ལས་ མདའ་རྩེད་ཚུ་ཨིན། རྒྱལ་ཁབ་ནང་ རྩེད་རིགས་མ་འདྲཝ་ཚུ་ནང་ མིང་ཅན་གྱི་ རྩེད་འགྲན་པ་ཚུ་ ཐོན་ཡོད་རུང་ རྒྱལ་སྤྱིའི་རྩེད་རིགས་ནང་ བཅའ་མར་གཏོགས་ནི་ལུ་ ནང་འཁྲུག་ལས་བརྟེན་ བར་ཆད་རྐྱབ་སྟེ་ཡོདཔ་ཨིན་པས།

གཞུང་སྐྱོང་དང་སྲིད་ལུགས།

སི་རི་ཡ་འདི་ སྤྱི་མཐུན་རྒྱལ་ཁབ་ཨིན་རུང་ སྲིད་དོན་ལམ་ལུགས་ནང་ དབང་ཚད་འདི་ གཞུང་ལྟེ་བ་ལུ་ ལེན་ཏེ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ སྤྱི་ལོ་༡༩༧༠ ལས་ ཨ་སཱད་བཟའ་ཚང་གིས་ དབང་འཛིན་འབད་ཡོདཔ་ད་ འགོ་དང་པ་རང་ ཧ་ཕིཟི་ཨཱལ་ཨ་སཱད་ཀྱིས་ དབང་ཚད་བཟུང་ཡོདཔ་ད་ དེ་ལས་ ཁོ་གི་བུ་ བཱ་ཤར་ཨཱལ་ཨ་སཱད་ཀྱིས་ སྤྱི་ལོ་༢༠༠༠ ལས་ དབང་ཚད་བཟུང་ཡོདཔ་ཨིན་པས། གཞུང་འདི་ བཱ་ཨཱཐ་སྲིད་ཚོགས་ཀྱིས་ དབང་བསྒྱུར་འབད་དེ་ཡོདཔ་ལས་ སྲིད་དོན་ལམ་ལུགས་འདི་ དབང་ཚད་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་ལས་ ལྡོག་ཕྱོགས་ལུ་ བཟོད་སྲན་དེ་ཅིག་རང་མེདཔ་ཨིན། སྤྱི་ལོ་༢༠༡༡ ལུ་ འགོ་བཙུགས་མི་ ནང་འཁྲུག་གིས་ རྒྱལ་ཁབ་ནང་ བདེ་སྐྱིད་བརྟན་ཏོག་ཏོ་མེདཔ་བཟོ་སྟེ་ འགྲོ་བ་མིའི་ཐོབ་དབང་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བཀལ་ཡོདཔ་ཨིན་པས། ནང་འཁྲུག་ལས་བརྟེན་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ནང་ བཱ་ཤར་ཨཱལ་ཨ་སཱད་དང་ཁོ་རའི་ཟ་ཚང་ཚུ་ ར་ཤི་ལ་ལུ་བྱོག་འགྱོ་ཡོདཔ་དང་ སི་རི་ཡ་ལུ་ གནས་སྐབས་ཀྱི་གཞུང་ཅིག་གིས་སྐྱོང་ཡོདཔ་ཨིན།

དཔལ་འབྱོར།

སི་རི་ཡ་གི་དཔལ་འབྱོར་འདི་ ཧེ་མ་འབདན་ སྣ་མང་སྦེ་ཡོདཔ་དང་ དེ་ནང་ཤུགས་ར་ སོ་ནམ་ལས་སྡེ། མར་ཁུ་ཕྱིར་ཚོང་། དེ་ལས་ བཟོ་བསྐྲུན་ཚུ་ཡོདཔ་ཨིན་དས། ཨིན་རུང་ ནང་འཁྲུག་གི་དཀའ་ངལ་འདི་གིས་ དཔལ་འབྱོར་གྱི་གནས་སྟངས་ མང་ཤོས་ཅིག་རང་ མེདཔ་བཏང་སྟེ་ཡོདཔ་ཨིན། དམག་འཁྲུག་གིས་ གཞི་རྟེན་མཐུན་རྐྱེན་ཚུ་ གནམ་མེད་ས་མེད་ མེདཔ་བཏང་ཡོདཔ་མ་ཚད་ མར་ཁུ་ཐོན་སྐྱེད་ཡང་ མར་ཕབ་འགྱོ་ཡོདཔ་མ་ཚད་ སྐྱ་ནམ་གོང་ཚད་ཡང་ ཡར་སེང་འགྱོ་ཡོདཔ་ཨིན་པས། དམག་འཁྲུག་གི་ཧེ་མ་ དཔལ་འབྱོར་ནང་ སོ་ནམ་གྱི་ འགན་ཁུར་གཙོ་བོ་ཅིག་ འབག་ཡོདཔ་ཨིན་རུང་ དཀའ་ངལ་དེ་གིས་ སོ་ནམ་དང་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོདཔ་ཨིན་པས། སི་རི་ཡ་འདི་ ཕྱི་རྒྱལ་གྱི་གྲོགས་རམ་ལུ་ ཤུགས་སྦེ་ར་ བརྟེན་སྡོད་ཡོདཔ་ད་ ཨི་རཱན་དང་ ར་ཤི་ཡ་གིས་ ཕན་ཐོགས་སྦོམ་སྦེ་ར་ བྱིན་ཡོདཔ་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

སི་རི་ཡའི་ཕྱི་འབྲེལ་མཐུན་ལམ་འདི་ མི་ཌལ་ཨིསཏ་ནང་ ས་གོ་ཁག་ཆེ་ཏོག་ཏོ་ཅིག་འབདཝ་ལས་ ཐབས་བྱུས་ཅན་ཅིག་ཨིན་པས། ཨི་རཱན་དང་ ར་ཤི་ཡ་གཉིས་དང་ འབྲེལ་བ་དམ་ཟབ་ཡོདཔ་ལས་ ནང་འཁྲུག་སྐབས་ དམག་ཆས་དང་ སྲིད་དོན་གྱི་ རྒྱབ་སྐྱོར་སྦོམ་སྦེ་ར་ བྱིན་ཡོདཔ་ཨིན་པས། སི་རི་ཡ་འདི་ ཨ་རབ་ཚོགས་པའི་འཐུས་མི་ཅིག་ཨིན་རུང་ སྤྱི་ལོ་༢༠༡༡ ལུ་ ཞི་བའི་ངོ་བརྒལ་བྱུང་མི་ལུ་བརྟེན་ མཚམས་འཇོག་འབད་ཡོདཔ་ཨིན།

རྒྱལ་ཁབ་འདི་ དབང་ཚད་ཅན་གྱི་གཞུང་དང་ ལུང་ཕྱོགས་ཀྱི་ འཁྲུག་རྩོད་ཚུ་ནང་ འབྲེལ་གཏོགས་འབད་མི་ལུ་བརྟེན་ ནུབ་ཕྱོགས་རྒྱལ་ཁབ་ལེ་ཤ་ཅིག་དང་ དམིགས་བསལ་གྱིས་ ཡུ་ཨེས་དང་ ཡུ་རོ་པིན་མཉམ་འབྲེལ་རྒྱལ་ཁབ་ཚུ་དང་ མཐུན་ལམ་མེདཔ་ཨིན་པས།

ལྟ་བཤལ།

ནང་འཁྲུག་འགོ་མ་བཙུགས་པའི་ཧེ་མ་ སི་རི་ཡ་འདི་ ཡུ་ནིསི་ཀོ་གི་ འཛམ་གླིང་སྲོལ་ཁྱུན་ས་ཁོངས་སྦེ་ངོས་འཛིན་འབད་མི་ པཱལ་མའི་ར་དང་ བོསི་ར་ དེ་ལས་ ཌ་མསི་ཀཱསི་ཚུ་རྩིས་ཏེ་ ཡིད་ཆེ་བའི་ རྒྱལ་རབས་ཀྱི་ས་ཁོངས་ཚུ་གི་དོན་ལུ་ ཡོངས་གྲགས་ཐོན་ནུག། དམག་འཁྲུག་གིས་ ས་ཁོངས་འདི་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་རང་བྱུང་ཡོདཔ་ཨིན་རུང་ ཞི་བདེ་ལོག་སྟེ་ཐོབ་པའི་ཤུལ་ལས་ སི་རི་ཡ་གི་ རྒྱལ་རབས་ཕྱུགཔོ་འདི་ ལྟ་བཤལཔ་ཚུ་གིས་དོན་ལུ་ ལོག་སྟེ་རང་མཐོང་ཚུགས་པའི་རེ་བ་ཡོདཔ་ཨིན།

མཇུུག་དོན།

ལམ་སྲོལ་དང་རྒྱལ་རབས་ཀྱི་ཕྱུག་པའི་ རྒྱལ་ཁབ་ཅིག་ཨིན་མི་ སི་རི་ཡ་གིས་ ལོ་མང་རབས་ཅིག་གི་རིང་ དམག་འཁྲུག་དང་ གཏོར་བཤིག་ དེ་ལས་ སྡུག་བསྔལ་ཚུ་ མྱོང་སྟེ་ཡོདཔ་ཨིན་པས། གདོང་ལེན་ཚུ་ཡོད་རུང་ རྒྱལ་ཁབ་ཀྱི་ངོ་རྟགས་ལུ་ ཁག་ཆེཝ་ར་ ཁོང་རའི་ལྡོག་ཤུགས་དང་ སྲོལ་ཁྱུན་ཕྱུགཔོ་ཚུ་ཨིན་པས། གནས་སྟངས་འདི་ བརྟན་ཏོག་ཏོ་འགྱོ་བའི་བསྒང་ལས་ ཧེ་མ་བཟུམ་སྦེ་ གཟི་བརྗིད་ཅན་གྱི་ས་ཆ་འདི་ནང་ ལོག་སྟེ་རང་ བསྐྱར་སྐྲུན་དང་ ཞི་བདེ་འབྱུང་ནི་གི་རེ་བ་ཡོདཔ་ཨིན་པས།

རྒྱབ་རྟེན།

https://en.wikipedia.org/wiki/Syria  

"https://dz.wikipedia.org/w/index.php?title=སི་རི་ཡ།_Syria&oldid=38935" ལས་ སླར་འདྲེན་འབད་ཡོདཔ།