Jump to content

སིཔཱེན་

Wikipedia ལས།

ས་ཁོངས་དང་རྒྱ་ཚད།

སིཔཱེན་
España

ཡུ་རོབ་ཀྱི་ལྷོ་ནུབ་ཁ་ཐུག་ལུ་ ཨའི་བེ་རི་ཡཱན་ཕྱོགས་གསུམ་མཚོ་་གླིང་ནང་ཆགས་ཡོད་པའི་ ཨིས་པེན་རྒྱལ་ཁབ་འདི་ རྒྱལ་རབ་ཅན་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ དེང་སང་གི་གོང་འཕེལ་ཚུ་ སླ་བསྲེ་རྐྱབ་སྟེ་ ཡོངས་གྲགས་ཅན་གྱི་ རྒྱལ་ཁབ་ཅིག་ཨིན། ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་༥༠༥,༩༩༠ ཡོད་པའི་ཨིས་པེན་འདི་ ཡུ་རོབ་ཀྱི་རྒྱལ་ཁབ་སྦོམ་ཤོས་བཞི་པ་ཨིན། ཕཱརན་སི། པཱོར་ཅུ་གཱལ། ཨེན་ཌོར་ར། དེ་ལས་ ཇིབ་རལ་ཊར་ཚུ་དང་ ས་མཚམས་མཐུད་དེ་ ཤར་དང་ལྷོ་ཁ་ཐུག་ལུ་ མེ་ཌི་ཊར་ནི་ཡཱན་མཚོ་དང་ བྱང་ནུབ་ཁ་ཐུག་ལུ་ ཨེ་ཊ་ལེན་ཊིག་རྒྱ་མཚོ་ཚུ་གིས་ བསྐོར་ར་རྐྱབ་སྟེ་ཡོདཔ་ཨིན་པས།

རྒྱལ་ས་ལྟེ་བ།

ཨིསི་པེན་གྱི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ མེཌ་རིཌ་འདི་ རྒྱལ་རབས་ལེ་ཤ་དང་ ལག་ལེན་ཡོད་པའི་ལམ་སྲོལ་ དེ་ལས་ དེང་སང་གི་ ཁྲོམ་ཆེན་ཅིག་ཨིན། རྒྱལ་ཁབ་ཀྱི་ལྟེ་བ་ལུ་ཆགས་ཡོད་པའི་ མེཌ་རིཌ་འདི་ནང་ མི་ས་ཡ་༣ ལྷགཔ་ཅིག་ཡོདཔ་མ་ཚད་ ཨིས་པེན་གྱི་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན།

སིཔ

ཁྲོམ་འདི་ནང་ ལམ་སྲོལ་རྙིངམ་དང་གསརཔ་ཚུ་ སེམས་ཁར་འབབ་ཏོག་ཏོ་སྦེ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། རྒྱལ་པོའི་ཕོ་བྲང་དང་ པ་ལ་ཛ་མེ་ཡོར་ དེ་ལས་ ཨཱལ་མུ་དེ་ན་ཡེ་ཤུའི་ལྷ་ཁང་བཟུམ་གྱི་ རྒྱལ་རབ་ཅན་གྱི་ས་སྒོ་ཚུ་ དེང་སང་གི་བཟོ་རིགས་ལྡན་པའི་ཁྱིམ་དང་ ཁྲོམ་ཚུ་གི་སྦོ་ལོགས་ཁར་ཡོདཔ་ཨིན། མེཌ་རིཌ་ལུ་ཡོངས་གྲགས་ཅན་གྱི་ པ་ར་ཌོ་དང་ རེའི་ན་སོ་ཕི་ཡ་ དེ་ལས་ ཐའི་སེན་བོར་ནེ་མི་ཛ་བཟུམ་གྱི་ འཛམ་གླིང་གནས་ཚད་ཀྱི་འགྲེམས་སྟོན་ཁང་ཚུ་ཡོདཔ་དང་ འདི་ནང་ལུ་ བེ་ལཛ་ཀུའེཛ་དང་ གོ་ཡ་ དེ་ལས་ པི་ཀ་སོ་བཟུམ་གྱི་སྒྱུ་རྩལ་མཁས་མཆོག་ཚུ་གིས་བྲིས་ཡོད་པའི་སྒྱུ་རྩལ་ཚུ་ཡོདཔ་ཨིན་པས།

མེཌ་རིཌ་ལུ་སྤྲོ་བ་ཆེ་བའི་ལས་རིམ་ལེ་ཤ་ཡོདཔ་དང་ འདི་ཚུ་ལས་གཅིག་འདི་གླིང་ག་ལེ་ཤ་ཡོདཔ་དང་ ས་རྒྱ་ཆེ་བའི་རེ་ཊི་རོ་གླིང་ག་ཡོདཔ་ཨིན། སྤྲོ་བ་གཞན་ཡང་ ཡོངས་གྲགས་ཅན་གྱི་ ནུབ་མོའི་སྤྲོ་བའི་ལས་རིམ་ དེ་ལས་ ཏ་པསི་ཆང་ཁང་དང་ ཕལ་མེན་ཀོ་ལྟདམོ་ཚུ་ཡོདཔ་ཨིན། ཁྲོམ་འདི་ཡང་ རྩེད་རིགས་ལུ་དགའ་མི་ཚུ་ལུ་ཡང་སྤྲོ་བ་ཡོདཔ་དང་ འཛམ་གླིང་ནང་ མཐར་འཁྱོལ་ཅན་གྱི་རྐང་རྩེད་སྡེ་ཚན་ཅིག་ཨིན་མི་ རི་ཡལ་མཌིརཌ་འདི་ཡང་ ཁྲོམ་འདི་ནང་ཡོདཔ་ཨིན།

ཨིས་པེན་གཞུང་དང་ རྒྱལ་བརྒྱུད་ཀྱི་གདན་ས་ཅིག་འབདཝ་ལས་ མེཌ་རིཌ་གིས་ རྒྱལ་ཡོངས་ལས་དོན་ནང་ འགན་ཁུར་ལྟེ་བ་ཅིག་འབགཔ་ཨིན། དེ་དང་འབྲེལ་ ལམ་སྲོལ་དང་ གསར་གཏོད་ཚུ་འཛོམས་སའི་ཁྲོམ་ཚོགས་འདི་ ལྟ་བཤལ་པ་ཚུ་གི་དོན་ལུ་ ལྟ་སྐོར་འབད་བ་འགྱོ་སའི་ས་གོ་སྤྲོ་ཏོག་ཏོ་ཅིག་ཡང་ཨིན་པས།

ཁྲོམ་ཚོགས་ཆེ་བ་གཞན་ཡང་ཡོདཔ་ད་ འདི་ཚུ་ཡང་ བར་སི་ལོ་ན། བེ་ལེན་ཤི་ཡ། སེ་བ་ཡེལ། བིལ་བའོ་ཚུ་ཨིནམ་ད་ ཁྲོམ་ཚོགས་རེ་རེ་གིས་ ལམ་སྲོལ་མ་འདྲཝ་སྦེ་ཡོདཔ་ཨིན་པས།

གནས་གཤིས།

ཨིས་པེན་གྱི་ས་ཆའི་ཆགས་ཚུལ་འདི་ མ་འདྲཝ་སྦེ་ཡོདཔ་ལས་ པའི་རེནསི་དང་ སི་ཡེ་ར་ནི་བ་ཌ་ བཟུམ་གྱི་རི་རྒྱུད་དང་ བྱང་ཁ་ཐུག་ལུ་ སྔོ་ལྗང་ལྡན་པའི་ལུང་ཕྱོགས་ དེ་ལས་ མེ་ཌི་ཊེ་རེ་ནི་ཡཱན་མཚོའི་མཐའ་མར་ ཉིམ་ཤར་བའི་མཚོའི་མཐའ་མ་ཚུ་ཡོདཔ་ཨིན། གནམ་གཤིས་འདི་ཡང་ ལུང་ཕྱོགས་དང་འཁྲིལ་ཏེ་ སོ་སོ་སྦེ་འོངམ་ཨིན། ལྷོ་དང་ཤར་ཁ་ཐུག་ལུ་འབདན་ གནམ་དགུན་ལུ་རློན་གཤེར་དང་ གནམ་བྱཱར་ཚ་དྲོད་དང་ ཆརཔ་བཀོན་དྲགས་ཡོདཔ་ཨིན། བྱང་ཁ་ཐུག་ལུ་ རྒྱ་མཚོ་དང་ རྒྱལ་ཁབ་ནང་ན་ཁ་ཐུག་ལུ་སྐམ་སྦེ་ཡོདཔ་ཨིན།

བྱུང་རབས།

ཨིས་པེན་གྱི་བྱུང་རབས་འདི་ ལོ་ངོ་སྟོང་ཕྲག་ལས་བཅད་དེ་ཡོདཔ་དང་ དེ་ཡང་ རོ་མཱན་གྱི་དབང་ཚད་འོག་བཙུགས་བཙུགསཔ། ཝི་སི་གོ་ཐིག་རྒྱལ་གཞུང་རྒྱལ་ཁབ། དུས་རབས་༨ པའི་ནང་ ཨིསི་ལ་མིཀ་གིས་དབང་དུ་བསྡུ་ནི། དེ་ལས་ ༡༤༩༢ ལུ་ ཀིརིས་ཊེན་གི་རྒྱལ་ཁབ་ལོག་ཁོང་གི་དབང་འོག་ལུ་བཙུགས་ནིའི་དམག་འཐབ་ཚུ་ཨིན་པས། དམག་འཐབ་ཀྱི་ཤུལ་ལས་ ཀེ་ཐོ་ལིག་རྒྱལ་པོ་ ཕར་ཌི་ནཱནཌ་དང་ ཨི་ས་བེ་ལ་གི་འོག་ལུ་གོ་དང་པ་སྦེ་ ཀིརིས་ཊེན་གི་ཨིསི་པེ་ནིཤ་རྒྱལ་ཁབ་འགོ་བཙུགས་ནུག། དུས་རབས་ལས་བཅད་དེ་ ཨིས་པེན་འདི་ འཛམ་གླིང་ནང་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཨིན་མས། ཕཱརན་ཀོ་(སྤྱི་ལོ་༡༩༣༩ ལས་༡༩༧༥) གི་བཀའ་བཙན་དབང་འཛིན་འོག་ལས་ རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་དང་ སྤྱི་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ལུ་འགྱུར་ནུག།

མི་རློབས་དང་མི་རིགས།

ཨིས་པེན་གྱི་མི་འབོར་ས་ཡ་ ༤༨ དེ་ཅིག་ཡོད། མི་རིགས་ཀྱི་ཐད་ཁར་ མང་ཤོས་ཅིག་རང་ ཨིས་པེ་ནིཤ་ཨིན་རུང་ འདི་ནང་ལུ་ ཀེ་ཊ་ལཱན་དང་བཱསཀ་ དེ་ལས་ གེ་ལི་ཤི་ཡཱན་བཟུམ་གྱི་མི་རིགས་ཚུ་ཡང་ཡོདཔ་ཨིན་པས། འདས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ ཕྱི་མི་ནང་སྐྱོད་ལས་བརྟེན་ ལྷོ་ཨ་མི་རི་ཀ་དང་ བྱང་ཨཕ་རི་ཀ་ དེ་ལས་ ཤར་ཕྱོགས་ཡུ་རོབ་ལས་ མི་སྡེ་མ་འདྲཝ་ཚུ་ཡང་འོང་སྟེ་སྡོད་ཡོདཔ་ཨིན་པས།

སྐད་ཡིག།

ཨིས་པེ་ནིཤ་(ཀཱས་ཊི་ལི་ཡཱན་)འདི་ གཞུང་འབྲེལ་གྱི་རྒྱལ་ཡོངས་སྐད་ཡིག་ཨིན་རུང་ ཀེ་ཊ་ལཱན་དང་ བཱསཀ་ དེ་ལས་ གེ་ལི་ཤི་ཡཱན་བཟུམ་གྱི་ལུང་ཕྱོགས་སྐད་ཡིག་ཚུ་ཡང་ ཁོང་རའི་ས་ཁོངས་ནང་ལུ་ གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིན་མས། སྐད་ཡིག་སྣ་མང་འདི་ ཨིས་པེན་གི་ངོ་རྟགས་ནང་ལུ་ གལ་ཆེ་བའི་ཆ་ཤེས་ཅིག་ཨིན་མས།

ཆོས་ལུགས།

རོ་མཱན་ཀེ་ཐོ་ལི་ཟམ་འདི་ བྱུང་རབས་དང་འཁྲིལ་ཏེ་ ཨིས་པེན་ལུ་ ཤུགས་ཆེ་བའི་ཆོས་ལུགས་ཅིག་ཨིནམ་དང་ ཁོང་གི་ལམ་སྲོལ་དང་ ངལ་གསོ་ལེ་ཤ་ཅིག་ར་ འདི་དང་འབྲེལ་བ་ཡོདཔ་ཨིན་པས། ཨིན་རུང་ ཨིས་པེན་ལུ་ ཆོས་ལུགས་ག་ཅི་ཡང་མ་འབད་མི་ གྱངས་ཁ་མང་དོ་ཡོདཔ་དང་ ཆོས་ལུགས་གྲངས་ཉུང་འབད་མི་ཡང་ཡོདཔ་དང་ འདི་ཚུ་ཡང་ ཁ་ཆེ་དང་ པོརོ་ཊེས་ཊེནཊ་ དེ་ལས་ ཇིའུ་ཚུ་ཡོདཔ་ཨིན་པས།

ལམ་སྲོལ་དང་གྱོན་ཆས།

ཨིས་པེན་གི་ལམ་སྲོལ་འདི་ སྒྱུ་རྩལ། བཟོ་རིགས། སྙན་ཆ། དེ་ལས་ རྩོམ་རིག་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། ཨཱན་ཊ་ལུ་ཤི་ཡ་ལུ་ ཕེལེ་མེན་ཀོ་ཞབས་ཁྲ་རྐྱབ་མི་ལས་ སཱལ་བ་ཌོར་ད་ལི་དང་ ཨེན་ཊོ་ནི་གའུ་དི་གི་ལཱ་ཚུན་ཚོད་ ལམ་སྲོལ་གྱི་བརྡ་སྟོན་ཚུ་ གོང་འཕེལ་འགྱོ་སྟེ་ར་ཡོདཔ་ཨིན་པས། རང་ལུགས་ཀྱི་བགོ་ལ་འདི་ ལུང་ཕྱོགས་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ཡོདཔ་ཨིན་རུང་ སྤྱིར་བཏང་ལུ་ ཚོས་གཞི་བཀྱག་མདངས་དྲགས། འཚེམ་དྲུབ་འཐུ་འཐུཝ། དེ་ལས་ སྒྲོག་ཐག་ཡོདཔ་དང་ འདི་ཚུ་ དུས་སྟོན་ཚུ་ནང་གྱོན་དོ་ཡོདཔ་ཨིན་པས།

རྩེད་རིགས།

རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ འཛམ་གླིང་ནང་ངོས་འཛིན་ཅན་གྱི་ རི་ཡལ་མ་ཌིཌ་དང་ ཨེཕ་སི་བཱར་སི་ལོ་ནཱ་བཟུམ་གྱི་ སྡེ་ཚན་ཚུ་ཡོདཔ་ཨིན། ཨིས་པེན་གྱིས་ ཐང་རིལ་དང་ དྲྭ་རིལ་ དེ་ལས་ མོ་ཊར་རྩེད་རིགས་ཚུ་ནང་ཡང་ ལེགས་ཤོམ་སྦེ་ འབད་དོ་ཡོདཔ་ཨིན་པས། གླང་འཐབ་རྩེད་རིགས་འདི་ རྩོད་བསྡུར་ཅན་གྱི་རང་ལུགས་རྩེད་རིགས་ཅིག་ཨིན་རུང་ ད་རེས་ནངས་པར་ མར་ཉམས་སུ་ཅིག་སྦེ་ཡོདཔ་ཨིན་པས།

གཞུང་སྐྱོང་དང་སྲིད་ལུགས།

ཨིས་པེན་འདི་ སྤྱི་ཚོགས་ཀྱི་རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ཨིན། རྒྱལ་པོ་གིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ ད་རེས་ རྒྱལ་པོ་ཕི་ལིཔ་༦ པ་ཨིནམ་ད་ བློན་ཆེན་གྱིས་ གཞུང་གི་དབུ་ཁྲིད་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། ཨིས་པེན་གྱི་སྤྱི་ཚོགས་ (ཀོར་ཊེས་ཇེ་ནེ་ར་ལེས་)ནང་ ཀོང་གེརེསི་གི་འཐུས་མི་དང་ ཁྲིམས་བཟོ་ཚོགས་སྡེ་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་ རང་སྐྱོང་ས་ཁོངས་༡༧ ལུ་དབྱེ་སྟེ་ཡོདཔ་ད་ ས་གོ་རེ་རེ་ལུ་ རང་སྐྱོང་གཞུང་གི་གནས་རིམ་མ་འདྲཝ་མ་འདྲཝ་སྦེ་ཡོདཔ་ཨིན།

དཔལ་འབྱོར།

ཨིས་པེན་འདི་ འཛམ་གླིང་ནང་ དཔལ་འབྱོར་གྱི་གནས་སྟངས་སྦོམ་ཤོས་༡༥ པ་ཨིནམ་ད་ དེ་ནང་ ལྟ་བཤལ། སྣུམ་འཁོར། སོ་ནམ། བཟོ་གྲྭ། དེ་ལས་ ཞབས་ཏོག་ཚུ་ གཙོ་བོར་བཏོན་ཡོདཔ་ཨིན་པས། སྤྱི་ལོ་༢༠༠༨ ལུ་ དངུལ་འབྲེལ་གྱི་དཀའ་ངལ་བྱུང་པའི་སྐབས་ དཔལ་འབྱོར་གྱི་ གདོང་ལེན་བྱུང་ཡོད་རུང་ དེ་གི་ཤུལ་ལས་ རྒྱལ་ཁབ་འདི་ རིམ་གྱི་སྦེ་ ཡར་དྲག་སོང་ཡོདཔ་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

ཨིས་པེན་འདི་ ཡུ་རོ་པིན་མཉམ་འབྲེལ། ནེ་ཊོ། འཛམ་གླིང་སྤྱི་ཚོགས། དེ་ལས་ རྒྱལ་སྤྱིའི་ཚོགས་པ་ལེ་ཤ་ཅིག་གི་ འཐུས་མི་ཅིག་ཨིན། ཡུ་རོབ་དང་ ལེ་ཊིན་ཨ་མི་རི་ཀ་ དེ་ལས་ མེ་ཌི་ཊེ་ར་ནི་ཡཱན་ལུང་ཕྱོགས་ཚུ་ནང་ མཐུན་ལམ་སྒྲིང་སྒྲིང་སྦེ་ བདག་འཛིན་འཐབ་དོ་ཡོདཔ་ཨིན།

ལྟ་བཤལ།

ཨིས་པེན་འདི་ འཛམ་གླིང་ནང་ལུ་ ལྟ་བཤལ་པ་ཚུ་འགྱོ་སའི་ ས་གོ་གཙོ་བོ་ཅིག་ཨིནམ་དང་ འདི་ནང་ལུ་ མི་ས་ཡ་ལས་བཅད་དེ་ བྱུང་རབས་ཀྱི་ས་གོ། མཚོ་འགྲམ། བཞེས་སྒོ། དེ་ལས་ ལ་ཊོ་མ་ཊི་ན་དང་ སཱན་ཕར་མིན་བཟུམ་གྱི་ དུས་སྟོན་ཚུ་ནང་འོང་དོ་ཡོདཔ་ཨིན། ཁྲོམ་ཚོགས་ བར་སི་ལོ་ན། སེ་བའེལ། ག་ར་ན་ཌ་བཟུམ་གྱི་ཁྲོམ་ཚོགས་ཚུ་ནང་ དུས་རབས་མ་འདྲཝ་ཚུ་ལས་ ཡེ་ཤུའི་ལྷ་ཁང་ཚུ་རྩིས་ཏེ་ བཟོ་རིགས་པའི་ཁྱིམ་མ་འདྲཝ་ལེ་ཤ་ཅིག་རང་བལྟ་ནི་འཐོབ་པས།

མཇུག་དོན།

ཨིས་པེན་འདི་ ལམ་སྲོལ་རྙིངམ་དང་གསརཔ་གཉིས་སླ་བསྲེ་རྐྱབ་སྟེ་ཡོད་མི་ རྒྱལ་ཁབ་ཅིག་ཨིནམ་དང་ འདི་ཡང་ རོ་མཱན་གི་གྱང་ཁོག་ཚུ་ དེང་སང་གི་སྒྱུ་རྩལ་དང་གཅིག་ཁར་ཡོད་པའི་ རྒྱལ་ཁབ་ཅིག་ཨིན། བཞེས་སྒོ་དང་ལམ་སྲོལ་ ཡང་ན་ མཚོ་འགྲམ་གྱི་ཐོག་ལས་ཨིན་རུང་ ཨིས་པེན་འདི་ འཛམ་གླིང་ནང་ སྤྲོ་བ་ཆེ་བའི་རྒྱལ་ཁབ་ཅིག་ཨིན།

རྒྱབ་རྟེན།

https://en.wikipedia.org/wiki/Spain  

འབྲུག་གི་དགོན་སྡེ་དང་ལྷ་ཁང།
བེ་ལ་རུ་སུ་ | གིརིསི་ | ཇཱར་མ་ནི་ | ཡུ་ནའི་ཊེཊ་ཀིང་ཌམ་ | ཨྀཊ་ལི་ | ཕརཱནསི་ | སིཔཱེན་ | པོར་ཅུ་གལ་ | སུའི་ཌན་ | ནོ་ཝེ་ | ནེ་དར་ལེནཌསི་ | བེལ་ཇིཡམ་ | ཌེན་མཱཀ་ | ཕིན་ལེནཌ་ | ཨའིསི་ལེནཌ་ | ཀོ་སོ་བྷོ། | ཨས་ཊི་ཡ་ | ཨའིརི་ལེནཌ | ཨིསི་ཊོ་ནི་ཡ་ | ཨཱལ་བེ་ནི་ཡ། | སུའིཊ་ཛར་ལེན་ | ལིཀ་ཏནས་ཏ་ཡིན། | ཅེཀ་རི་པབ་ལིཀ་ | སི་ལོ་པ་ཀེ་ | ལི་ཐུ་ནི་ཡ། | ཀུརོ་ཤི་ཡ | བ་ཊི་ཀཱན་ | ལེཊི་བི་ཡ | སི་ལོ་ཝེ་ཉི་ཡ | ཨའིརི་ལེནཌ་ | ཨས་ཊི་ཡ | བཱུལ་གཱ་རི་ཡ། | བྷོས་ནི་ཡ་ ཧར་ཛི་གྷོ་བི་ན།
ཕཱ་རོ་གླིང་ཕྲན།


"https://dz.wikipedia.org/w/index.php?title=སིཔཱེན་&oldid=38905" ལས་ སླར་འདྲེན་འབད་ཡོདཔ།