སུ་དཱན། Sudan


ས་ཆ་དང་མི་རློབས།
བྱང་ཤར་ཨཕ་རི་ཀ་ལུ་ཆགས་ཡོད་པའི་ སུ་དཱན་འདི་ རྒྱལ་རབས་ལེ་ཤ་དང་ མི་རློབས་མ་འདྲཝ་ དེ་ལས་ རྒྱལ་སྤྱིའི་སྲིད་བྱུས་ནང་ ཁག་ཆེ་བའི་ རྒྱལ་ཁབ་སྦོམ་ཅིག་ཨིན། སའི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་༡.༨༦ དེ་ཅིག་ཡོད་པའི་ རྒྱལ་ཁབ་འདི་ ཨལ་ཇི་རི་ཡ་དང་ ཀོང་གོ་རྒྱལ་ཁབ་ཀྱི་ཤུལ་ལས་ ཨཕ་རི་ཀའི་རྒྱལ་ཁབ་སྦོམ་ཤོས་གསུམ་པ་ཨིན་པས། སུ་དཱན་གྱིས་ ཨི་ཇིབ། ལི་བི་ཡ། ཅཱཌ། དབུས་ཕྱོགས་ཨཕ་རི་ཀ་སྤྱི་མཐུན་རྒྱལ་ཁབ། ལྷོ་སུ་དཱན། ཨི་ཐོ་པི་ཡ། ཨི་རི་ཊི་རི་ཡ་ཚུ་དང་གཅིག་ཁར་ ས་མཚམས་མཐུད་དེ་ཡོདཔ་མ་ཚད་ རེཊ་མཚོ་གི་མཐའམ་བདའ་སྟེ་ མཚོའི་མཐའམ་ཡང་ཡོདཔ་ཨིན།
སུ་དཱན་གི་ས་ཆ་འདི་ བྱེ་ཐང་། གངས་རི། རྩྭ་ཐང་། དེ་ལས་ དམིགས་བསལ་གྱིས་ ནའེལ་གཙང་ཆུ་བདའ་སྟེ་ ས་བཅུད་ཡོདཔ་དང་ ཐང་ཚུ་ཚུདཔ་ཨིན། རྒྱལ་ཁབ་ཀྱི་བྱང་ཁ་ཐུག་ལུ་ས་གོ་མང་ཤོས་ཅིག་རང་ བྱེ་ཐང་སྦེ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ།
སུ་དཱན་གྱི་རྒྱལ་ས་ལྟེ་བ་འདི་ ཁར་ཏུམ་ཨིནམ་དང་ འདི་ཡང་ ནའེལ་གཙང་ཆུ་ཧོནམ་དང་ དཀརཔོ་གཉིས་འཛོམས་ས་ཡོདཔ་ཨིན་པས། ཁྲོམ་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། ཁར་ཏུམ་དང་ ཁྲོམ་ཚོགས་གཞན་ བཱ་རི་དང་ ཨོམ་དུར་མཱན་གཉིས་བསྡོམས་ད་ ཁྲོམ་ཚོགས་སྦོམ་ཅིག་ཨིན་པས།
དུས་རབས་༡༩ པའི་ནང་ ཨི་ཇིབ་ཤི་ཡཱན་གྱིས་ དམག་སྡེའི་ས་ཁོངས་ཅིག་སྦེ་ གཞི་བཙུགས་འབད་མི་ ཁར་ཏུམ་འདི་ སུ་དཱན་གྱི་གཞུང་སྐྱོང་ལྟེ་བ་ཅིག་ལུ་ འགྱུར་ཡོདཔ་ཨིན། དེ་ནང་ སྲིད་འཛིན་གྱི་ཕོ་བྲང་དང་ སྤྱི་ཚོགས་ དེ་ལས་ ཁར་ཏུམ་གཙུག་ལག་སློབ་སྡེ་བཟུམ་གྱི་ གཙུག་ལག་སློབ་སྡེ་སྦོམ་ཚུ་ཡོདཔ་ཨིན།
ཁར་ཏུམ་གྱི་ལམ་སྲོལ་འདི་ནང་ ཨ་རབ་དང་ ཨཕ་རི་ཀ་གི་སྲོལ་རྒྱུན་ལེ་ཤ་ཡོད་མི་ཚུ་ གསལ་སྟོན་འབདཝ་ཨིན། སོཀ་ཨོམ་དུར་མཱན་ནང་ཡོད་པའི་ ཚོང་ཁྲོམ་ཚུ་ནང་ ཚོས་གཞི་མ་འདྲཝ་ཡོད་པའི་བགོ་ལ་དང་ བཞེས་སྒོའི་རྫས་སྦྱོར་ དེ་ལས་ རང་ལུགས་ཀྱི་ལག་བཟོ་ཚུ་ལས་ ས་གནས་ཀྱི་མི་སྡེའི་གནས་སྟངས་ཚུ་ མཐོང་ཚུགསཔ་ཨིན་པས། འཕྲལ་ཁམས་ཅིག་ཁར་ སྲིད་དོན་གྱི་ངོ་བརྒལ་བྱུང་ཡོད་རུང་ ཁྲོམ་འདི་ ཤེས་ཡོན་དང་ལམ་སྲོལ་གྱི་ལས་རིམ་ཚུ་གི་ལྟེ་བ་ཅིག་སྦེ་རང་ ལུས་ཡོདཔ་ཨིན།
བཟོ་རིགས་འདི་ དབང་འོག་དུས་སྐབས་ཀྱི་སྒྲིང་ཁྱིམ་དང་ དེང་སང་གི་བཟོ་བཀོད་ དེ་ལས་ རང་ལུགས་ཁ་ཆེའི་བཟོ་བཀོད་ཚུ་ སླ་བསྲེ་རྐྱབ་ཡོདཔ་ཨིན། ཁར་ཏུམ་ལུ་ གཞི་རྟེན་མཐུན་རྐྱེན་གྱི་དཀའ་ངལ་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ཚུ་རྩིས་ཏེ་ གདོང་ལེན་ཚུ་ འབྱུང་སྟེ་ཡོད་རུང་ སུ་དཱན་གྱི་ མིང་གཏམ་ཅན་གྱི་ བདག་སྐྱོང་ལྟེ་བ་ཅིག་སྦེ་ འཕྲོ་མཐུད་དེ་རང་ཕྱག་ཞུ་ཡོདཔ་ཨིན།
གནམ་གཤིས།
སུ་དཱན་ལུ་ གནམ་གཤིས་འདི་ཚ་དྲོད་ཡོད་མི་དང་ ཆར་ཆུ་མེད་པ་སྐམ་སའི་གནས་སྟངས་ཡོདཔ་ལས་ བྱང་ཕྱོགས་ལུ་ ཚ་དྲོད་ཆེ་དྲགས་དང་ ལྷོ་ཕྱོགས་ལུ་ ཆརཔ་མངམ་རྐྱབ་དོ་ཡོདཔ་ཨིན་པས། དྲོད་ཚད་འདི་༤༠ (སེལ་ཤི་ཡེས) ལས་ལྷག་སྟེ་འགྱོ་དོ་ཡོདཔ་ཨིན། ཆརཔ་གི་དུས་ཚོད་འདི་ ལུང་ཕྱོགས་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ཡོདཔ་ད་ ལྷོ་ཕྱོགས་ལུ་ གཙོ་བོ་ར་ སྤྱི་ཟླ་༦ པ་ལས་ སྤྱི་ཟླ་༩ པ་ཚུན་རྐྱབ་དོ་ཡོདཔ་ཨིན།
བྱུང་རབས།
སུ་དཱན་ལུ་ ལོ་རྒྱུས་རིངམོ་དང་ མགུ་རྙོག་དྲགས་ཡོདཔ་ཨིན། ཧེ་མ་ དབང་ཚད་ཅན་གྱི་ ཀུཤ་རྒྱལ་བརྒྱུད་རྒྱལ་ཁབ་འདི་ཡང་ འདི་ནང་ཡོདཔ་དང་ ཁོང་ཚུ་ པི་ར་མེཌ་དང་འབྲེལ་བ་ཡོདཔ་མ་ཚད་ དེ་བསྒང་གི་ཨི་ཇིབ་དང་ཅིག་ཁར་ འབྲེལ་བ་འཐབ་སྡོདཔ་ལས་ ཡོངས་གྲགས་ཡོདཔ་ཨིན། ཤུལ་ལས་ ཨིསི་ལ་མིཀ་སུལ་ཊ་ནེཊ་དང་ དབང་འོག་བཙུགས་མི་ཚུ་གིས་ ལུང་ཕྱོགས་འདི་ནང་གྱུར་བ་འོང་ཡོདཔ་ཨིན། སྤྱི་ལོ་༡༩༥༦ ལུ་ རང་དབང་མ་ཐོབ་ཚུན་ཚོད་ སུ་དཱན་འདི་ བིརི་ཊིཤ་དང་ཨི་ཇིབ་ཀྱི་མཉམ་འབྲེལ་འོག་ལུ་སྡོད་ནུག།
རྒྱལ་ཁབ་འདི་ནང་ ནང་འཁྲུག་བྱུང་སྟེ་ དམིགས་བསལ་གྱིས་ བྱང་དང་ལྷོ་ཕྱོགས་གཉིས་ཀྱི་བར་ན་ ནང་འཁྲུག་བྱུང་ཡོདཔ་ལས་ སྤྱི་ལོ་༢༠༡༡ ལུ་ ལྷོ་སུ་ཌན་འདི་ ཁ་བྱལ་འགྱོ་ནུག། འཕྲལ་ཁམས་ཅིག་ཁར་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ དམག་མིའི་དབང་བསྒྱུར་ཚུ་གིས་ སུ་དཱན་གྱི་གོང་འཕེལ་ལུ་ གནོད་སྐྱོན་རྐྱབ་སྟེ་རང་སྡོད་ནུག།
མི་རློབས་དང་མི་རིགས།
སུ་དཱན་གྱི་མི་རློབས་ཧ་ལམ་ས་ཡ་ ༤༨ ཡོདཔ་ཨིན་པས། མི་རིགས་མ་འདྲཝ་ཡོདཔ་དང་ དེ་ཡང་ ཨ་རབ། ནུ་བི་ཡཱན། བེ་ཇ། ཕུར། དེ་ལས་ ཨཕ་རི་ཀཱན་གི་མི་རིགས་སྡེ་ཚན་ཚུ་ཡོདཔ་ཨིན། མི་རིགས་སྣ་མང་འདི་གིས་ མི་སྡེ་དང་སྲིད་དོན་གྱི་ སྟབས་མ་བདེཝ་ཐོན་ཏེ་ཡོདཔ་ད་ འདི་ཡང་ དམིགས་གསལ་གྱིས་ མི་རིགས་དང་ལུང་ཕྱོགས་ཀྱི་སྐོར་ལས་རང་འཐོན་དོ་ཡོདཔ་ཨིན་མས།
སྐད་ཡིག་དང་ཆོས་ལུགས།
ཨ་ར་བིཀ་འདི་གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ལས་ ཤེས་རིག་དང་གཞུང་གི་ནང་ལུ་ ཨིང་སྐད་འདི་ ཁྱབ་ཆེཝ་སྦེ་ལག་ལེན་འཐབ་ཨིན་པས། སུ་དཱན་ལུ་ མང་ཤོས་ཅིག་རང་ མུས་ལིམ་ཨིནམ་དང་ དམིགས་བསལ་གྱིས་ སུ་ནི་ཨིསི་ལམ་ཡོདཔ་ཨིན་པས། ཆོས་ལུགས་དེ་གིས་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ལམ་སྲོལ་ དེ་ལས་ ཉིན་བསྟར་གྱི་མི་ཚེ་ཚུ་ནང་ ཤུགས་སྦེ་རང་ལག་ལེན་ཡོདཔ་ཨིན་པས། མི་སྡེ་ཆུང་སུ་འབད་མི་ཚུ་གིས་ ཡེ་ཤུའི་ཆོས་ལུགས་དང་ རང་ལུགས་ཀྱི་ཆོས་ལུགས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན།
ལམ་སྲོལ་དང་གྱོན་ཆས།
སུ་དཱན་གི་ལམ་སྲོལ་ནང་ ཨ་རབ་དང་ ཨཕ་རི་ཀ་གཉིས་ཆ་ར་གི་ལམ་སྲོལ་ གསལ་སྟོན་འབདཝ་ཨིན། རང་ལུགས་ཀྱི་སྙན་ཆ་དང་སྙན་རྩོམ་ དེ་ལས་ ཞབས་ཁྲ་ཚུ་ དུས་སྟོན་དང་ གཉེན་གྱི་རྟེན་འབྲེལ་གྱི་སྐབས་ལུ་ ལག་ལེན་ཤུགས་སྦེ་ཡོདཔ་ཨིན་པས། རང་ལུགས་ཀྱི་གྱོན་ཆས་ནང་ ཕོ་སྐྱེས་ཚུ་གི་དོན་ལུ་ ཇ་ལ་བི་ཡ་དང་ ཨམ་སྲུ་ཚུ་གི་དོན་ལུ་ ཐོ་བེ་ ཡང་ན་ ཊོ་བེ་ཚུ་ འཕྲལ་འཕྲལ་སྐབས་ ཚོས་གཞི་མ་འདྲཝ་ཡོད་པའི་ རས་ཆ་ཚུ་ལས་ བཟོཝ་ཨིན་པས།
རྩེད་རིགས།
རྐང་རྩེད་འདི་ སུ་དཱན་གྱི་རྩེད་རིགས་ ཡོངས་གྲགས་ཅན་ཅིག་ཡིན། རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་ ས་གནས་ཀྱི་རྩེད་རིགས་སྡེ་ཚན་ ཨཱལ་མེ་རིཀ་དང་ ཨཱལ་ཧི་ལཱལ་ཚུ་ལུ་ རྒྱབ་སྐྱོར་རྒྱ་ཆེཝ་སྦེ་ ཡོདཔ་ཨིན་པས། ལུས་རྩལ་དང་ བཱསི་ཀེཊ་བཱོལ་ཡང་ ཡོངས་གྲགས་ཐོན་དོ་ཡོདཔ་ཨིན་པས།
གཞུང་སྐྱོང་དང་སྲིད་ལུགས།
སུ་དཱན་ནང་ དམག་སྡེའི་གཞུང་ལས་ གནས་སྐབས་ཀྱི་གཞུང་ཚུན་ཚོད་སྦེ་ གཞུང་ལེ་ཤ་ཅིག་ར་སོར་ཡོདཔ་ཨིན་པས། འཕྲལ་ཁམས་ཅིག་ཁར་ དམག་མི་ཚུ་གིས་ དབང་ཚད་ལེན་མི་དང་ ཞི་བའི་ངོ་རྒོལ་ཚུ་ འབད་བའི་ཤུལ་ལུ་ སྲིད་དོན་འདི་ འགྱུར་བའི་བསྒང་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ དབང་ཚད་ཀྱི་སྐོར་ལས་ འཐབ་འཛིང་ཚུ་གིས་སྦེ་ དམངས་གཙོའི་རིང་ལུགས་ བརྟན་ཏོག་ཏོ་བཟོ་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དཔལ་འབྱོར།
སུ་དཱན་གྱི་དཔལ་འབྱོར་འདི་ ངོ་མ་རང་ སོ་ནམ་ལུ་གཞི་བཞག་སྟེ་ཨིནམ་ད་ ཐོན་སྐྱེད་གཙོ་བོ་འདི་ སོར་གཱམ། མོན་བྱཱ། ཏིལ། སྒོ་ནོར་ཚུ་ཨིན་མས། ས་སྣུམ་མར་ཁུ་གིས་ཧེ་མ་ ཚོང་སྒྱུར་སྦོམ་སྦེ་འཐབ་ཡོདཔ་ཨིན་རུང་ མར་ཁུ་བསགས་བསགསཔ་མང་ཤོས་ཅིག་ རྒྱལ་ཁབ་ཁ་བྱལ་བའི་ཤུལ་ལས་ ལྷོ་སུ་དཱན་ལུ་ཚུད་སོངཔ་ནུག། དཔལ་འབྱོར་ནང་ སྐྱ་ནམ་གོང་ཚད་ཡར་སེང་། ལཱ་གཡོག་མེད་མི། དེ་ལས་ བུ་ལོན་གྱི་དཀའ་ངལ་ཚུ་ ཡོདཔ་ཨིན་པས།
ཕྱི་འབྲེལ་མཐུན་ལམ།
སུ་ཌཱན་འདི་ ཨཕ་རི་ཀའི་མཐུན་ཚོགས་དང་ ཨ་རབ་མཐུན་ཚོགས་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་ཅིག་ཨིན། འདས་པའི་ལོ་ཚུ་ནང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་དང་ མཐུན་ལམ་ཡར་དྲག་གཏང་ནི་གི་ ཐབས་ལམ་སྒྲིག་དོ་ཡོདཔ་ཨིན་རུང་ རྒྱལ་སྤྱིའི་བཀག་དམ་དང་ ཕྱི་འབྲེལ་གྱི་ གདོང་ལེན་ དེ་ལས་ ནང་འཁོད་དམག་འཁྲུག་ཚུ་ལས་བརྟེན་ གནོད་སྐྱོན་རྐྱབ་སྟེ་ཡོདཔ་ཨིན་པས།
ལྟ་བཤལ།
སྔོན་མའི་ པི་ར་མེཌ་དང་ གནའ་ཤུལ་གྱི་ས་ཁོངས་ དེ་ལས་ རང་བཞིན་གྱི་མཛེས་ཆ་ཚུ་ཡོད་རུང་ ལྟ་བཤལ་བཟོ་གྲྭ་འདི་ གོང་འཕེལ་མ་འགྱོ་བར་ཡོདཔ་ཨིན་པས། འདི་ཡང་ མང་ཤོས་ཅིག་རང་ ཉེན་སྲུང་གི་ཚ་གྱང་དང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་མི་ལུ་བརྟེན་ཏེ་ཨིན་མས། ཨིན་རུང་ བློ་སྟོབས་ཅན་གྱི་འགྲུལ་པ་ཚུ་ དེ་ནང་གི་བྱུང་རབས་ལོ་རྒྱུས་དང་ མགྲོན་སྐྱོང་ལེགས་ཤོམ་ཚུ་ལུ་དགའ་སྟེ་འོང་དོ་ཡོདཔ་མས།
མཇུག་དོན།
སུ་དཱན་འདི་ སྔོན་ལུགས་གཞིས་ཆགས་དང་ དེང་སང་གི་འཐབ་རྩོད་ཚུ་ལས་བརྟེན་ལུས་ཡོདཔ་ལས་ ལེགས་ཤོམ་འགྱོ་ནི་གི་ འོས་འབབ་སྦོམ་ཡོད་པའི་ ས་གཞི་ཅིག་སྦེ་ལུས་ཡོདཔ་ཨིན་པས།
རྒྱབ་རྟེན།
https://en.wikipedia.org/wiki/Sudan