སུ་ཝ་ཛི་ལེནཌ། Swaziland
ས་ཁོངས་དང་རྒྱ་ཚད།
སུ་ཝ་ཛི་ལེནཌ་རྒྱལ་ཁབ་འདི་ ཨེས་ཝ་ཊི་ནི་ཟེར་ཡང་སླབ་ཨིནམ་དང་ ལྷོ་ཨཕ་རི་ཀ་ལུ་ཆགས་ཏེ་ཡོད་མི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། ནུབ་དང་བྱང་དེ་ལས་ལྷོ་ཕྱོགས་ལུ་ ལྷོ་ཨཕ་རི་ཀ་རྒྱལ་ཁབ་དང་ ཤར་ཕྱོགས་ལུ་ མོ་ཟམ་བིཀ་རྒྱལ་ཁབ་ཡོདཔ་ཨིན། ས་ཆ་ཀི་ལོ་མི་ཊར་གྲུ་བཞི་མ་༡༧,༣༦༤ དེ་ཅིག་ཡོདཔ་དང་ ཨཕ་རི་ཀ་གི་རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་རུང་ ལམ་སྲོལ་གྱི་ཕྱུགཔོ་དང་ རང་བཞིན་གྱི་མཛེས་ཏོག་ཏོཡོད་མི་ཅིག་ཨིན་པས།
རྒྱལ་ཁབ་འདི་ནང་ ནུབ་ཁ་ཐུག་ལུ་ ས་ཁ་མཐོ་སུ་ཅིག་དང་ ཤར་ཁ་ཐུག་ལུ་ ས་ཁ་དམའ་ས་ཚུ་ཚོདཔ་ལས་ ས་ཆའི་གནས་སྟངས་མ་འདྲཝ་ཡོདཔ་ཨིན། ས་ཆའི་གནས་སྟངས་མ་འདྲཝ་ཚུ་གིས་ ནགས་ཚལ་དང་ རྩྭ་ཐང་ དེ་ལས་ རི་དྭགས་གླིང་ག་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན།
རྒྱལ་ས་ལྟེ་བ།
རྒྱལ་ས་ལྟེ་བ་གཉིས་ཡོདཔ་དང་ དེ་ཡང་ འུམ་བྷ་བྷ་ནི་དང་ ལོ་བམ་བ་གཉིས་ཨིན། འུམ་བྷ་བྷ་ནི་འདི་ བདག་སྐྱོང་ལྟེ་བ་དང་ ལོ་བམ་བ་འདི་ རང་ལུགས་དང་ ཁྲིམས་བཟོའི་རྒྱལ་ས་ལྟེ་བ་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན།
སུ་ཝ་ཛི་ལེནཌ་གི་རྒྱལ་ས་ལྟེ་བ་ འུམ་བྷ་བྷ་ནི་འདི་ རྒྱལ་ཁབ་ཀྱི་ ས་ཁ་མཐོ་སའི་ ལུང་ཕྱོགས་ནང་ལུ་ཡོད་པའི་ ཁྲོམ་ཚོགས་ལྟེ་བ་ཆུང་ཀུ་ཅིག་ཨིན་རུང་ དགའ་ཏོག་ཏོ་ཡོདཔ་ཨིན། འུམ་བྷ་བྷ་ནི་གི་གཙང་ཆུ་བདའ་སྟེ་ ཆགས་ཏེ་ཡོད་མི་ཁྲོམ་འདི་ མཚོ་ཡི་མཐའ་མ་ལས་མཐོ་ཚད་ མི་ཊར་༡༢༠༠ དེ་ཅིག་གུ་ཡོདཔ་ལས་ ལོ་གཅིག་གི་རིང་ལུ་ གནམ་གཤིས་རན་ཏོག་ཏོ་དང་ ཚ་དྲོད་ལྡན་པའི་ ཁྲོམ་སྡེ་ཅིག་ཨིན་པས།
བདག་སྐྱོང་ལྟེ་བ་ཅིག་འབདཝ་ལས་ འུམ་བྷ་བྷ་ནི་འདི་ གཞུང་གི་ཡིག་ཚང་དང་ དོན་གཅོད་ཡིག་ཚང་ དེ་ལས་ ཚོང་འབྲེལ་གྱི་ལཱ་ཚུ་གི་ལྟེ་བ་ཅིག་ཡང་ཨིན། ལོ་བམ་བ་ལུ་བཟུམ་སྦེ་ སྔར་སྲོལ་ལམ་ལུགས་དང་ ཁྲིམས་བཟོའི་ལྟེ་བ་མེད་དེ་འབད་རུང་ འུམ་བྷ་བྷ་ནི་ལུ་ དེང་སང་གོང་འཕེལ་དང་གཞུང་སྐྱོང་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན།
དུས་རབས་༡༩ པའི་མཇུག་ལུ་ བིརི་ཊིཤ་གི་དབང་འོག་དུས་སྐབས་ལུ་ གཞི་བཙུགས་འབད་མི་ ཁྲོམ་འདི་ རིམ་གྱི་སྦེ་ ཡར་རྒྱས་འགྱོ་སྟེ་ ད་རེས་ དེང་སང་གི་ གཞི་རྟེན་མཐུན་རྐྱེན་དང་ རང་ལུགས་ཀྱི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། འདི་ནང་ལུ་ ཚོང་འབྲེལ་ལྟེ་བ། དངུལ་ཁང་། སློབ་གྲྭ། དེ་ལས་ གཞུང་གི་གཙུག་སྡེ་ཚུ་ཡོདཔ་ཨིནམ་མ་ཚད་ འཛམ་གླིང་ནང་ རྡོ་རིང་སྦོམ་ཤོས་ཅིག་ཨིན་མི་ སི་བེ་བེ་རྡོ་རིང་བཟུམ་གྱིས་ རང་བཞིན་གྱི་མཐའ་འཁོར་མཛེས་ཏོག་ཏོ་བཟོ་མི་ཚུ་ མཐོང་ཚུགསཔ་ཨིན།
འུམ་བྷ་བྷ་ནི་གིས་ རྒྱལ་ཁབ་ཀྱི་ཡར་རྒྱས་དང་སྲོལ་ཁྱུན་གྱི་བར་ན་ འདྲ་མཉམ་ཡོད་མི་འདི་ གསལ་སྟོན་འབདཝ་ཨིནམ་དང་ འུར་ཟིང་ཡོད་པའི་ཚོང་ཁྲོམ་དང་ལམ་སྲོལ་གྱི་དུས་སྟོན་ དེ་ལས་ ས་གནས་ཀྱི་མི་དགའ་ཏོག་ཏོ་ཡོད་མི་ཚུ་ལས་བརྟེན་ ས་གོ་འདི་སྤྲོ་བ་ཆེ་ཏོག་ཏོ་ཅིག་སྦེ་ མཐོངམ་ཨིན་པས། འཛམ་གླིང་གནས་ཚད་ཀྱི་ཐོག་ལས་ ཆུང་ཀུ་འབད་རུང་ རྒྱལ་རབས་དང་ངོ་རྟགས་ཕྱུགཔོ་ཡོད་པའི་ རྒྱལ་ཁབ་ཅིག་སྦེ་ལཱ་འབདཝ་ཨིན།
གནམ་གཤིས།
གནམ་གཤིས་འདི་ ས་ཁ་མཐོ་ཚད་ལུ་གཞི་བཞག་སྟེ་ བསིལ་དྲགས་ལས་ ཚ་དྲོད་ཚུན་ཚོད་ ཡོདཔ་ཨིན་པས། ས་ཁ་མཐོ་ས་ལུ་ཆརཔ་མངམ་རྐྱབ་སྟེ་ བསིལ་དྲགས་ཡོདཔ་ད་ ས་ཁ་དམའ་ས་ལུ་ དྲོད་ཤུགས་ཅན་དང་ ཆར་ཆུ་མེད་པ་སྐམ་སྦེ་ཡོདཔ་ཨིན། རྒྱལ་ཁབ་ནང་ སྤྱི་ཟླ་༡༠ པ་ལས་༤ པ་ཚུན་ ཆརཔ་རྐྱབ་པའི་དུས་ཚོད་དང་ སྤྱི་ཟླ་༥ པ་ལས་༩ པ་ཚུན་ ཆར་ཆུ་མེད་པའི་དུས་ཚོད་ཨིན་པས།
བྱུང་རབས།
རྒྱལ་ཁབ་འདི་ དུས་རབས་༡༨ པའི་ནང་ རྒྱལ་པོ་ང་ཝ་ནེ་༣ པ་གིས་ རྒྱལ་ཁབ་ཅིག་སྦེ་ གཞི་བཙུགས་འབད་ནུག། དབང་འོག་དུས་སྐབས་ལུ་ རང་དབང་འདི་ བདག་འཛིན་འཐབ་སྟེ་ སྤྱི་ལོ་༡༩༠༠ འགོ་བཙུགས་ཁམས་ཅིག་ཁར་ བིརི་ཊིཤ་གི་སྲུང་སྐྱོབ་འབད་བའི་རྒྱལ་ཁབ་ཅིག་ལུ་འགྱུར་ནུག། སྤྱི་ལོ་༡༩༦༨ སྤྱི་ཟླ་༩ པའི་ཚེས་༦ ལུ་ རང་དབང་ཆ་ཚང་ཐོབ་ཡོདཔ་ད་ སྤྱི་ལོ་༢༠༡༨ ལུ་ རྒྱལ་པོ་མསི་ཝ་ཏི་༣ པ་གིས་ དབང་འོག་མ་བཙུགས་པའི་ཧེ་མའི་ སྲོལ་རྒྱུན་ཚུ་བཏོན་ཐབས་ལུ་ ཨིས་ཝ་ཊི་ནི་རྒྱལ་ཁབ་ཟེར་ མིང་བསྒྱུར་བཅོས་འབད་ནུག།
མི་རློབས་དང་མི་རིགས།
མི་རློབས་ས་ཡ་༡.༢ དེ་ཅིག་ཡོདཔ་ད་ དེ་ཡང་ གཙོ་བོ་ སུ་ཝ་ཟི་མི་རིགས་ཨིན་པས། དེ་མ་ཚད་ ཟུ་ལུ་དང་ ཡུ་རོབ་ དེ་ལས་ ཨེ་ཤི་ཡ་གི་རིགས་བརྒྱུད་ཀྱི་ མི་སྡེ་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན། རྒྱལ་ཁབ་འདི་ རྒྱལ་ཡོངས་ཀྱི་ངོ་རྟགས་དང་ གཅིག་མཐུན་གྱི་ འདུ་ཤེས་སྒྲིང་སྒྲིང་སྦེ་ ཡོངས་གྲགས་ཡོདཔ་ཨིན།
སྐད་ཡིག།
གཞུང་སྐད་འདི་སིས་ཝ་ཏི་དང་ ཨིང་ལིཤ་ཨིན། བཱན་ཏུ་སྐད་ཡིག་ཅིག་ཨིན་མི་ སིསི་ཝ་ཏི་འདི་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་མ་ཚད་ རྒྱལ་ཡོངས་ལམ་སྲོལ་གྱི་ ཁག་ཆེ་བའི་ཆ་ཤས་ཅིག་ཡང་ཨིན། ཨིང་ལིཤ་འདི་གཞུང་སྐྱོང་དང་ ཤེས་རིག་ནང་ལུ་ལག་ལེན་འཐབ་ཨིན།
ཆོས་ལུགས།
སུ་ཝ་ཟི་མང་ཤོས་ཅིག་གིས་རང་ ཡེ་ཤུའི་ཆོས་ལུགས་དང་ དམིགས་བསལ་གྱིས་ པོརོ་ཊེས་ཊན་ཆོས་ལུགས་དང་ རོ་མཱན་ཀེ་ཐོ་ལིཀ་ཆོས་ལུགས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཨིན་རུང་ རང་ལུགས་ཀྱི་ཆོས་ལུགས་དང་ ལམ་སྲོལ་ཚུ་ཤུགས་ཡོདཔ་དང་ འཕྲལ་འཕྲལ་རང་ ཡེ་ཤུའི་ཆོས་ལུགས་ཀྱི་ལམ་ལུགས་ཚུ་དང་གཅིག་ཁར་ སླ་བསྲེ་རྐྱབ་སྟེ་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན།
ལམ་སྲོལ་དང་གྱོན་ཆས།
འཛམ་གླིང་ནང་ རྒྱལ་བརྒྱུད་ལུ་དབང་ཚད་ཆ་ཚང་ཡོད་མི་རྒྱལ་ཁབ་ དག་པ་ཅིག་ལས་གཅིག་ཨིན། རྒྱལ་བརྒྱུད་དང་ རང་ལུགས་ཀྱི་གཞི་བཀོད་ཚུ་གིས་ ཉིན་བསྟར་གྱི་མི་ཚེ་དང་ རྒྱལ་ཡོངས་ཀྱི་ལས་རིམ་ཚུ་ནང་ འགན་ཁུར་ལྟེ་བ་འབགཔ་ཨིན། ཨུམ་ལྷང་ག་འདམ་རྩྭའི་ཞབས་ཁྲ་དང་ ཨིན་ཀ་ཝ་ལ་བཟུམ་གྱི་ལམ་སྲོལ་དུས་སྟོན་ཚུ་ནང་ མི་སྟོང་ཕྲག་ལས་བཅད་དེ་ བཅའ་མར་གཏོགས་ཏེ་ སྲོལ་ཁྱུན་དང་ རྒྱལ་བརྒྱུད་ དེ་ལས་ མི་སྡེ་ཚུ་ བརྩི་སྲུང་འབདཝ་ཨིན།
གྱོན་ཆས།
མཛད་སྒོའི་སྐབས་ལུ་ རང་ལུགས་ཀྱི་གྱོན་ཆས་ཚུ་གྱོནམ་ཨིན། ཨམ་སྲུ་ཚུ་གིས་ ཚོས་གཞི་མ་འདྲཝ་དང་ བྱུ་རུ་ཚུ་ དེ་ལས་གཉའ་རས་ཚུ་གྱོནམ་ཨིནམ་དང་ ཕོ་སྐྱེས་ཚུ་གིས་ མང་ཤོས་ཅིག་ར་ སྨད་གོས་དང་ སེམས་ཅན་གྱི་ལྤགས་ཀོ་གྱོནམ་ཨིན། ཉིན་བསྟར་གྱི་མི་ཚེ་ནང་ དེང་སང་གི་གྱོན་ཆས་ཚུ་ ཁྲོམ་ཚོགས་ཚུ་ནང་ ཡོངས་གྲགས་སྦེ་གྱོན་དོ་ཡོདཔ་ཨིན།
རྩེད་རིགས།
རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིན། སྤྱིར་བཏང་གི་རྩེད་རིགས་གཞན་ཚུ་ཡང་ རག་བི་དང་ ལུས་རྩེད་ དེ་ལས་ ཊེ་ནིསི་ཚུ་ཨིན། དེ་མ་ཚད་ རྒྱལ་ཁབ་ནང་ དུས་སྟོན་ཚུ་གི་སྐབས་ལུ་ རང་ལུགས་ཀྱི་རྩེདམོ་དང་ གཟུགས་ཁམས་འགྲན་བསྡུར་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་དོ་ཡོདཔ་ཨིན་པས།
གཞུང་སྐྱོང་དང་སྲིད་ཚོགས།
རྒྱལ་ཁབ་འདི་ནང་ སྲིད་དོན་དང་ ལམ་སྲོལ་གྱི་ལཱ་ཚུ་ནང་ དབང་ཚད་སྦོམ་ཡོད་མི་ རྒྱལ་པོ་ཨེམ་ས་ཝ་ཊི་༣ པ་གིས་འགོ་འཁྲིད་འབདཝ་ཨིནམ་དང་ དེ་ཡང་ རྒྱལ་བརྒྱུད་ལུ་དབང་ཚད་ཧྲིལ་བུམ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ ཚོགས་ཁང་གཉིས་འབད་མི་ སྤྱི་ཚོགས་ཡོད་རུང་ སྲིད་དོན་ཚོགས་པ་ཚུ་ བཀག་ཆ་འབད་དེ་ཡོདཔ་ལས་ གྲོས་ཐག་མང་ཤོས་ཅིག་ རང་ལུགས་ཚོགས་སྡེ་ཚུ་གིས་ གཅད་དོ་ཡོདཔ་ཨིན་པས།
དཔལ་འབྱོར།
དཔལ་འབྱོར་འདི་ སོ་ནམ་དང་བཟོ་གྲྭ་ དེ་ལས་ ཞབས་ཏོག་ཚུ་ལུ་བརྟེན་དོ་ཡོདཔ་ཨིན། ཕྱིར་ཚོང་གཙོ་བོ་འདི་ གུ་རམ་དང་ བགོ་ལ་ དེ་ལས་ ཤིང་ཆས་ཚུ་ཨིན། དཔལ་འབྱོར་གྱི་གདོང་ལེན་ ལཱ་གཡོག་མེད་མི་དང་ དབུལ་ཕོངས་མཐོ་དྲགས་སྦེ་ཡོད་རུང་ གཞུང་གིས་ དཔལ་འབྱོར་སྣ་མང་བཟོ་ནི་དང་ མ་རྩ་གཞི་བཙུགས་འབད་ནི་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
ཕྱི་འབྲེལ་མཐུན་ལམ་དང་ལྟ་བཤལ།
ལུང་ཕྱོགས་ཁྱིམ་ཚང་དང་ རྒྱལ་སྤྱིའི་ཚོགས་སྡེ་ དེ་ལས་ ཨཕ་རི་ཀ་མཉམ་འབྲེལ་དང་ འཛམ་གླིང་སྤྱི་ཚོགས་ཚུ་དང་གཅིག་ཁར་ མཐུན་ལམ་བཞག་དོ་ཡོདཔ་ཨིན། ལྟ་བཤལ་ལས་སྡེ་འདི་ ཡར་རྒྱས་འགྱོ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རི་དྭགས་གླིང་ག་དང་ མཛེས་ལྡན་གངས་རི་ དེ་ལས་ ལམ་སྲོལ་གྱི་ལྟ་བཤལ་ཚུ་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན།
མཇུག་དོན།
རྒྱལ་ཁབ་ཆུང་ཀུ་ཨིན་རུང་འདི་ནང་ ལམ་སྲོལ། རྒྱལ་བརྒྱུད་རིང་ལུགས། དེ་ལས་ དེང་སང་གི་གོང་འཕེལ་ཚུ་ གཞན་དང་མ་འདྲཝ་སྦེ་ སླ་བསྲེ་རྐྱབ་སྟེ་ རང་དབང་ཙན་གྱི་རྒྱལ་ཁབ་ཅིག་སྦེ་གནས་ཏེ་སྡོད་པའི་རྒྱལ་ཁབ་ཅིག་ཨིན་པས།
རྒྱབ་རྟེན།
https://en.wikipedia.org/wiki/Swaziland