Jump to content

སུ་རི་ནཱམ། Suriname

Wikipedia ལས།

ས་ཆ་དང་རྒྱ་ཚད།

སུ་རི་ནཱམ་གྱི་རྒྱལ་དར།
སུ་རི་ནམ་གྱི་ས་ཁྲ།

ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆུང་ཤོས་ སུ་རི་ནཱམ་འདི་ གླིང་ཆེན་དེའི་བྱང་ཤར་ མཚོ་འགྲམ་ཁ་ཐུག་ལུ་ཆགས་ཡོད། སའི་རྒྱ་ཁྱོན་ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་མ་༡༦༣,༨༢༠ ཡོདཔ་དང་ ནུབ་ཕྱོགས་ལུ་ གུ་ཡ་ན་དང་། ཤར་ཕྱོགས་ལུ་ཕེརེནཆི་གུ་ཡ་ན། ལྷོ་ཕྱོགས་ལུ་ བཱ་རཱ་ཟིལ། བྱང་ཕྱོགས་ལུ་ཨེཊ་ལེན་ཊིག་རྒྱ་མཚོ་ཡོདཔ་ཨིན་པས། སུ་རི་ནཱམ་འདི་ ཆུང་ཀུ་འབད་རུང་ ཨ་མི་རི་ཀའི་རྒྱལ་ཁབ་ནང་ མི་རིགས་དང་ ལམ་སྲོལ་མ་འདྲཝ་ཡོད་པའི་རྒྱལ་ཁབ་ཅིག་ཨིན།

རྒྱལ་ཁབ་ཀྱི་ས་ཆའི་གནས་སྟངས་འདི་ ཆར་ཆུ་ལྡན་པ་དང་ གཙང་ཆུ་ དེ་ལས་ རྩྭ་ཐང་ཚུ་ཡོདཔ་ལས་ ས་ཁོངས་བརྒྱ་ཆ་༩༠ དེ་ཅིག་ ནགས་ཚལ་མཐུག་དྲགས་ཚུ་གིས་ ཁྱབ་སྟེ་ཡོདཔ་ལས་ སྐྱེ་ལྡན་རིགས་སྣ་གི་ས་སྒོ་ཅིག་ཨིན།

རྒྱལ་ས་ལྟེ་བ།

སུ་རི་ནཱམ་གྱི་རྒྱལ་ས་ལྟེ་བ་འདི་ པ་ར་མ་རི་བྷོ་ཨིནམ་དང་ དེ་ཡང་ཨེཊ་ལན་ཊིག་མཚོ་འགྲམ་གྱི་ཉེ་འདབས་ལུ་ཡོད་པའི་ སུ་རི་ནཱམ་གཙང་ཆུ་བདའ་སྟེ་ཡོདཔ་ཨིན། པ་ར་མ་རི་བྷོ་འདི་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན།

པ་ར་མ་རི་བྷོ་འདི་ ཨེཊ་ལན་ཊིག་རྒྱ་མཚོ་ལས་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ས་ཁར་ ཆགས་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ སྲིད་དོན་དང་ལམ་སྲོལ་ དེ་ལས་དཔལ་འབྱོར་གྱི་ལྟེ་བ་ཅིག་འབདཝ་ལས་ སུ་རི་ནཱམ་གྱི་མི་རློབས་ ཕྱེད་ཀ་དེ་ཅིག་ དེ་ནང་སྡོད་དོ་ཡོདཔ་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་མི་རིགས་མ་འདྲཝ་དང་ དབང་འོག་སྡོད་པའི་སྲོལ་རྒྱུན་ཚུ་དར་ཡོདཔ་ཨིན་པས།

དུས་རབ་༡༧ པའི་ནང་ ཌཆ་གིས་གཞི་བཙུགས་འབད་མི་ པ་ར་མ་རི་བྷོ་ནང་ལུ་ ད་ལྟོ་ཡང་ ལེགས་ཤོམ་སྦེ་ཉམས་སྲུང་འབད་དེ་ཡོད་མི་ ཤིང་གི་སྒྲིང་ཁྱིམ་ཚུ་གི་ཐོག་ལས་ དབང་འོག་སྡོད་པའི་དུས་སྐབས་ཚུ་ གསལ་སྟོན་འབད་དོ་ཡོདཔ་དང་ འདི་ཚུ་གི་གྲལ་ལས་ མང་ཤོས་ཅིག་ར་ ཡུ་ནེས་ཀོ་ གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ཅིག་སྦེ་ ཐོ་བཀོད་འབད་དེ་ཡོདཔ་ཨིན། ཁྲོམ་སྡེ་འདི་གི་བཟོ་རིགས་འདི་ ཌཆ་དང་ ཀིརི་ཨཱོལ་ དེ་ལས་ ཀེ་རི་བི་ཡཱན་གི་བཟོ་བཀོད་ཚུ་ སླ་བསྲེ་རྐྱབ་སྟེ་ མཛེས་ཏོག་ཏོ་དང་ ཁྱད་པར་ཅན་ཅིག་སྦེ་མཐོང་དོ་ཡོདཔ་ཨིན།

པ་ར་མ་རི་བྷོ་འདི་ ལམ་སྲོལ་སྒྲིང་སྒྲི་ཡོད་པའི་གནས་སྟངས་ཅིག་སྦེ་ ཡོངས་གྲགས་ཡོདཔ་ཨིན། ཁ་ཆེའི་ལྷ་ཁང་། ཧིན་དུའི་ལྷ་ཁང་། ཡེ་ཤུའི་ལྷ་ཁང་། ཡ་ཧུ་དཱ་པའི་ཆོས་ཁང་ཚུ་ གཅིག་ཁར་ཡོདཔ་ལས་ ཆོས་ལུགས་མཐུན་སྒྲིག་འདི་ གསལ་སྟོན་འབདཝ་ཨིན། སྲིད་འཛིན་ཕོ་བྲང་དང་ རང་དབང་ས་ཁོངས་ དེ་ལས་ དབུས་ཁྲོམ་ཚུ་ ཡོངས་གྲགས་ཅན་གྱི་ས་རྟགས་ཨིན་པས།

ཁྲོམ་འདི་ རྒྱལ་ཁབ་ཀྱི་ཤེས་རིག་དང་གཞུང་ དེ་ལས་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ཨིནམ་མ་ཚད་ གཙུག་ལག་སློབ་སྡེ་དང་ འགྲེམས་སྟོན་ཁང་ དེ་ལས་ ལམ་སྲོལ་ལྟེ་བ་ཚུ་ཡང་ཡོདཔ་ཨིན། ཁྲོམ་ཚོགས་གོང་འཕེལ་འགྱོ་སྟེ་ཡོད་རུང་ པཱ་ར་མ་རི་བྷོ་ལུ་ ཁྲོམ་ལམ་བདའ་ཤིང་། ཆུའི་མཐའ་མ། ས་གོ་བདེ་ཏོག་ཏོ། ཚ་དྲོད་རན་པ་ཚུ་ལས་སྦེ་ དགའ་ཏོག་ཏོ་ཚོརཝ་ཨིན་པས།

རྒྱལ་ས་ལྟེ་བ་ཅིག་འབདཝ་ལས་ སུ་རི་ནཱམ་གི་ ངོ་རྟགས་མ་འདྲཝ་དང་ དབང་འོག་བྱུང་རབས་ དེ་ལས་ དེང་སང་གི་རེ་འདོད་ཚུ་གི་རྟགས་མཚན་ཚུ་ཡོདཔ་ལས་ འདི་ནང་བཤལ་ཏེ་བལྟ་བ་འགྱོ་བ་ཅིན་ སྤྲོ་བ་དང་ སེམས་ཁར་འབབ་ཏོག་ཏོ་ཡོདཔ་ཨིན་པས།

གནམ་གཤིས།

སུ་རི་ནཱམ་ལུ་ ལོ་བསྟར་བཞིན་དུ་ དྲོད་ཚད་དང་ རློན་གཤེར་མཐོ་དྲགས་སྦེ་ ཆར་ཆུ་ལྡན་པའི་གནམ་གཤིས་ཚུ་ ཡོདཔ་ཨིན་པས། རྒྱལ་ཁབ་ནང་ ཆརཔ་གི་དུས་ཚོད་གཉིས་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༤ པ་ལས་༨ པ་ཚུན་ དེ་ལས་ སྤྱི་ཟླ་༡༡ པ་ལས་༢ པ་ཚུན་ཨིནམ་དང་ དེ་གི་བར་ན་ ཆར་ཆུ་མེད་པའི་དུས་ཚོད་གཉིས་ཡང་ཡོདཔ་ཨིན་པས། ཆ་སྙོམས་སྦེ་དྲོད་ཚད་༢༤ ལས་༣༡ (སེལ་ཤི་ཡསི) བར་ན་གནས་དོ་ཡོདཔ་ཡིན།

བྱུང་རབས།

ཧེ་མ་འབདན་ ས་གནས་ཀྱི་མི་ཚུ་རྐྱངམ་ཅིག་སྦེ་སྡོད་དོ་ཡོད་རུང་ དུས་རབས་༡༧ པའི་ནང་ བིརི་ཊིཤ་གིས་ དབང་འོག་བཙུགས་པའི་ཤུལ་ལས་ ཌཆ་གིས་ དབང་འོག་བཙུགས་ནུག། ནེ་དར་ལེནཌ་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ཆ་ཤས་ཅིག་སྦེ་སྡོད་དེ་ སྤྱི་ལོ་༡༩༧༥ ལུ་ རང་དབང་མ་ཐོབ་ཚུན་ཚོད་ ཌཆ་གི་ དབང་འོག་ལུ་སྡོད་ནུག། རང་དབང་ཐོབ་པའི་ཤུལ་ལས་ སུ་རི་ནཱམ་ལུ་ དམག་སྡེའི་དབང་ཚད་དང་ གཞུང་སྐྱོང་བརྟན་ཏོག་ཏོ་མེད་པའི་ དུས་ཚོད་ཚུ་མྱོང་ཡོད་རུང་ སྤྱི་ལོ་༡༩༩༠ བཅུའི་ལོ་གྲངས་འགོ་བཙུགས་ཁམས་ཅིག་ཁར་ དམངས་གཙོའི་གཞུང་ལུགས་འགོ་བཙུགས་ནུག།

མི་རློབས་དང་མི་རིགས།

སུ་རི་ནམ་ལུ་མི་རློབས་༦༢༠,༠༠༠ དེ་ཅིག་ཡོདཔ་ལས་ ལྷོ་ཨ་མི་རི་ཀའི་ནང་ མི་རློབས་ཉུང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིན་པས། མི་རིགས་འདི་ རྒྱ་གར། ཀིརི་ཡོལ་ (ཨཕ་རི་ཀ་དང་ཡུ་རོབ་ཀྱི་རིགས་བརྒྱུད)། ཇ་བ་ནིསི། མ་རུནས་ (ཨཕ་རི་ཀའི་མི་བརྒྱུད་) ས་གནས་ཀྱི་མི། རྒྱ་ནག། དེ་ལས་ ཡུ་རོ་པི་ཡཱན་ཚུ་རྩིས་ཏེ་ མི་རིགས་སླ་བསྲེ་སྦེ་ཡོདཔ་ཨིན་པས། འདི་བཟུམ་གྱི་སྣ་མང་འདི་ སུ་རི་ནཱམ་གྱི་མི་སྡེ་གི་ཁྱད་ཆོས་ཅིག་ཨིན།

སྐད་ཡིག་དང་ཆོས་ལུགས།

གཞུང་འབྲེལ་གྱི་སྐད་ཡིག་འདི་ དབང་འོག་རྒྱལ་ཁབ་ཀྱི་ རིག་གཞུང་ཨིན་མི་ ཌཆ་སྐད་ཡིག་ཨིན་རུང་ ཨིང་སྐད་ལུ་གཞི་བཞག་པའི་ ཀིརིཡོལ་སྐད་ཡིག་ ས་ར་ནཱན་ཏོང་གོ་འདི་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ཨིན། སྐད་ཡིག་གཞན་ཚུ་ཡང་ ཧིན་དི། ཇ་བ་ནིསི། དེ་ལས་ ས་གནས་ཀྱི་སྐད་ཡིག་མ་འདྲཝ་ཚུ་ཨིན།

ཆོས་ལུགས་ཡང་སྣ་ཚོགས་སྦེ་ཡོདཔ་ཨིན་པས། ཆོས་ལུགས་སྦོམ་ཤོས་ཚུ་རང་ ཧིན་དུ། ཡེ་ཤུ། དེ་ལས་ ཨིསི་ལམ་ཚུ་ཨིནམ་ད་ གྱངས་ཁ་ཉུང་སུ་ཅིག་གིས་ རང་ལུགས་དང་ ཨཕ་རི་ཀཱན་གི་ ས་གནས་ཀྱི་ཆོས་ལུགས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས། ཆོས་ལུགས་བར་ན་གི་མཐུན་སྒྲིག་འདི་ སུ་རི་ནཱམ་གྱི་ལམ་སྲོལ་གྱི་ཁྱད་ཆོས་བཟང་པོ་ཅིག་ཨིན།

ལམ་སྲོལ་དང་གྱོན་ཆས།

སུ་རི་ནཱམ་གྱི་ལམ་སྲོལ་འདི་ མི་རིགས་མ་འདྲཝ་ཚུ་གིས་ མཉམ་བསྡོམ་འབད་བའི་ལམ་སྲོལ་ཅིག་ཨིན་པས། སྙན་ཆ་དང་ཞབས་ཁྲ་ དེ་ལས་ བཞེས་སྒོ་ཚུ་ ཨཕ་རི་ཀ། རྒྱ་གར། ཇ་བ་ནིསི། དེ་ལས་ ཌཆ་གི་ལམ་སྲོལ་སླ་བསྲེ་བསྲེཝ་ལས་བྱུང་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན། རང་ལུགས་ཀྱི་གྱོན་ཆས་ མ་འདྲཝ་ཡོདཔ་ཨིན། ཧིན་དུའི་ཨམ་སྲུ་ཚུ་གིས་ ས་རི་གྱོན་དོ་ཡོད་རུང་ མ་རུནས་མི་སྡེ་ཚུ་གིས་ ཚོས་གཞི་ཅན་གྱི་གྱོན་ཆས་ཚུ་གྱོན་དོ་ཡོདཔ་ཨིན། རང་དབང་གི་ཉིནམ་དང་ ཧོ་ལི་ཕག་ཝ་བཟུམ་གྱི་ རྒྱལ་ཡོངས་དུས་སྟོན་ཚུ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་སྣ་མང་དང་ཕྱུགཔོ་སྦེ་ཡོད་མི་ཚུ་ གསལ་སྟོན་འབདཝ་ཨིན་པས།

རྩེད་རིགས།

རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ བཱསི་ཀེཊ་བཱོལ་དང་ ལུས་རྩེད་ དེ་ལས་ བོ་ལི་བཱོལ་ཚུ་ཨིན། སུ་རི་ནཱམ་གྱིས་ ཌཆ་རྒྱལ་ཡོངས་རྐང་རིལ་སྡེ་ཚན་ནང་ རྩེད་འགྲན་འབད་བར་འགྱོ་མི་ རྐང་རྩེདཔ་ལེ་ཤ་ཅིག་ འཐོན་ཡོདཔ་ཨིན་པས།

གཞུང་སྐྱོང་དང་སྲིད་ལུགས།

སུ་རི་ནཱམ་འདི་ སྲིད་འཛིན་ལམ་ལུགས་ཡོད་པའི་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ གཞུང་གི་འགོ་ཁྲིདཔ་གཉིས་ཆ་ར་ཨིནམ་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ བཙག་འཐུ་འབདཝ་ཨིན། རྒྱལ་ཁབ་འདི་ནང་ སྲིད་ཚོགས་ལེ་ཤ་ཡོད་པའི་ལམ་ལུགས་དང་ རང་དབང་གི་དྲང་ཁྲིམས་ལྷན་སྡེ་ཡང་ཡོདཔ་ཨིན།

དཔལ་འབྱོར།

སུ་རི་ནཱམ་གྱི་དཔལ་འབྱོར་དེ་ གསེར། མར་ཁུ། ཧ་ཡང་། ཤིང་ཆས་ཚུ་རྩིས་ཏེ་ རང་བཞིན་ཐོན་སྐྱེད་ཚུ་ལུ་ ཤུགས་སྦེ་ར་ བརྟེན་སྡོད་དོ་ཡོདཔ་ཨིན། སོ་ནམ་དང་ཉ་གསོ་སྐྱོང་གིས་ཡང་ རྒྱབ་སྐྱོར་འབདཝ་ཨིན། དཔལ་འབྱོར་ནང་ སྐྱ་ནམ་གོང་ཚད་ཡར་སེང་དང་ བུ་ལོན་ཚུ་ལས་ གདོང་ལེན་ཐོན་ཏེ་ཡོད་རུང་ དཔལ་འབྱོར་སྣ་མང་བཟོ་ནི་གི་ལཱ་ཚུ་ འཕྲོ་མཐུད་དེ་རང་ འབད་དོ་ཡོདཔ་ཨིན་པས།

ཕྱི་འབྲེལ་མཐུན་ལམ།

སུ་རི་ནཱམ་གིས་ རྒྱལ་ཁབ་མང་ཤོས་ཅིག་དང་གཅིག་ཁར་ མཐུན་ལམ་བཞག་སྟེ་ཡོདཔ་ད་ དེ་ཡང་ དམིགས་བསལ་གྱིས་ ནི་དར་ལེནཌ། ཀེ་རི་བི་ཡཱན་རྒྱལ་ཁབ། དེ་ལས་ ལེ་ཊིན་ཨ་མེ་རི་ཀ་གི་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་གཅིག་ཁར་ཨིན་མས། ལྟ་བཤལ་འདི་ ཡར་འཕར་འགྱོ་དོ་ཡོདཔ་ད་ དེ་ནང་ ཆར་ལྡན་ནགས་ཚལ་གྱི་ སྐྱེ་ལྡན་ལྟ་བཤལ་དང་ པ་ར་མ་རི་བྷོ་ལུ་ དབང་འོག་གི་བཟོ་རིགས་ དེ་ལས་ གཙང་ཆུ་ལྟ་བཤལ་ཚུ་རྩིས་པའི་ མཐོང་སྣང་ཚུ་ཡོདཔ་ཨིན།

སུ་རི་ནཱམ་འདི་ཆུང་ཀུ་འབད་རུང་ རང་བཞིན་གནས་སྟངས་མཛེས་ཏོག་ཏོ་དང་ མི་རློབས་མ་འདྲཝ་ཡོད་པའི་ ལམ་སྲོལ་སྣ་ཚོགས་ཡོད་པའི་ས་ཁོངས་ཅིག་སྦེ་ ཐོན་ཏེ་ཡོདཔ་ཨིན།

མཇུག་དོན།

སུ་རི་ནཱམ་གྱིས་ ལམ་སྲོལ་སྣ་ཚོགས་དང་ མཐའ་འཁོར་མཛེས་ཏོག་ཏོ་གིས་ སེམས་ཁར་འབབ་ཏོག་ཏོ་སྦེ་ཡོདཔ་ཨིན། མི་སྡེ་དང་དཔལ་འབྱོར་གྱི་དཀའ་ངལ་ཚུ་ འཕྲོ་མཐུད་དེ་རང་ བསལ་དོ་ཡོདཔ་ཨིན་རུང་ ཁོང་གིས་ཁྱད་ཆོས་ ལམ་སྲོལ་ལུ་དང་འདོད་སྦོམ་དང་ མི་རློབས་མ་འདྲཝ་ དེ་ལས་ རང་བཞིན་གྱི་མཛེས་ཏོག་ཏོ་ཡོད་མི་ཚུ་གིས་ ལྷོ་ཨ་མི་རི་ཀ་ལུ་ སེམས་ཁར་འབབ་ཏོག་ཏོ་དང་ ལྟ་བཤལ་གནམ་མེད་ས་མེད་ མ་འབད་བ་ཡོད་པའི་ རྒྱལ་ཁབ་ཅིག་སྦེ་ ཆ་བཞག་སྟེ་ཡོདཔ་ཨིན།

རྒྱབ་རྟེན།

https://en.wikipedia.org/wiki/Suriname

"https://dz.wikipedia.org/w/index.php?title=སུ་རི་ནཱམ།_Suriname&oldid=38937" ལས་ སླར་འདྲེན་འབད་ཡོདཔ།