སེ་ལ་བྱམས་མགོན་ངག་དབང་རྒྱལ་མཚན
ཆོས་རྗེ་ངག་དབང་རྒྱལ་མཚན་ནས་བཟུང་ བྱམས་མགོན་རྣམ་འཕྲུལ་རིམ་པར་བྱོན་པ་ལས་ དང་པོ་བྱམས་མགོན་དངོས་སྣང་ངག་དབང་རྒྱལ་མཚན་ནི་ ཆོས་རྗེ་འགྲོ་བའི་མགོན་པོའི་སློབ་མ་ དབུ་ཆེ་གྲུབ་ཐོབ་གཏེར་ཁུང་པའི་གདུང་རབས་ དགོན་བློ་མ་འོབས་མཚོ་པའི་བརྒྱུད་པ་སྡེ་སྲིད་དབུ་མཛད་ཆེན་པོའི་དབོན་སྲས་སུ་ སྐྱབས་མགོན་གོང་མ་དགུང་གྲངས་ས་བཞི་བཞེས་པའི་ཐོག་དང་ རབ་བྱུང་བཅུ་གཅིག་པའི་མེ་ཕག་ལ་འཁྲུངས། དགུང་ལོ་བཞི་ནས་སྐྱབས་མགོན་གོང་མའི་ཞབས་ལགཙུག་ཕུད་ཕུལ་ཏེ་མཚན་གསོལ། དྲུང་ཡིག་ཚེ་དབང་རྡོ་རྗོ་ནས་ཡིག་རིགས་སོགས་མཁས་པར་སྦྱངས་ཏེ་འདུས་སྡེར་བཞུགས། མཁན་པད་འབྱུང་ཞབས་ནས་སོ་ཐལ་སྡོམ་པའི་ཚིགས་སྔ་མ་གཉིས་དང་། རིགས་བདག་མཁན་ཆེན་བསོད་ནམས་འོད་ཟེལ་དང་ ཁྲི་ཆེད་བསོད་ནམས་འོད་ཟེར་དང་ ཡོངས་འཛིན་པད་དཀར་ལྷུན་གྲུབ་སོགས་ནས་བསླབ་ཚིགས་ཕྱི་མས་གཙོས་བཅུ་ཕྲག་རིག་མའི་གནས་སཔྱི་དང་ ཁྱད་པར་རང་ལུགས་ཕ་ཆོས་སྡུང་བུ་གསུམ་དྲིལ་སོགས་ལ་གསན་བསམ་གྱི་གནད་རྣམས་སྤྱི་ཕྱིན་པར་མཛད།[༡]
དུ་སྐབས་མི་འགྱུར་བརྟན་པའི་ནང་ཟིང་གི་རྐྱེན་ལས་ཡབ་ཆད་པས་བཀྲོངས། ཡུམ་སྐུ་མཆེད་མཐར་ལ་སྤྱུགས་པ་སོགས་མི་སྲིད་པའི་སྡུག་བསྔལ་ཆེན་པོས་ཐུགས་དབྱུང་ནས་། ཉིན་མཚན་གཡེལ་བ་མེད་པར་ཐོས་དོན་ཉམས་སུ་བཞེས་ཏེ་ཤེས་པ་སྐད་ཅིང་མའི་སྟེང་དུ་སྐྱོད་ཡོན་གྱི་མཚང་རིག་པས་སྒྲོ་འདོགས་ནང་ནས་ཆོད། རང་བཞིན་ཡོངས་ཤེས་ཀྱི་ལམ་ནས་དུ་མ་རོ་གཅིག་རྟོགས་པ་དང་། རོ་གཅིག་དུ་མར་ཤར་བས་མཁྱེན་གཉིས་ཡེ་ཤེས་ཀཡི་རྩལ་རྒྱས་ཏེ་སྒོམ་མེད་རྟོགས་པའི་ས་ལ་ཞབས་སར་འཁོད། གདུལ་བྱའི་འཕྲིན་ལས་ཀྱང་སྨད་དེ་དགེ་རྒྱལ་པོ་སངས་རྒྱས་བསྟན་པ་ནས་བཟུང་། སྟོད་ལ་དྭགས་རྒྱལ་པོ་ཉི་མ་རྣམ་རྒྱལ་གྱི་བར་དྲེགས་ལྡན་སའི་དབང་ཕྱུག་རྒྱལ་བློན་རྣམས་ཀྱི་གཙུག་ན་ཞབས་སེན་འཇོག་པས་མཚོན་འགྲོ་དོན་ཕྱོགས་མཐར་རྒྱས་པར་མཛད། རགཡལ་པོ་གཉིས་ཀྱི་དབུ་བླར་ཡུན་རིང་བཞུགས་པ་ནས་ ཐབས་མཁས་ཀྱིས་དགོངས་པ་བཀྲོལ་ཏེ་སླར་བྱོན། གཞུང་ནས་སྐུ་འདྲིན་ལེགས་སོའི་བདག་རྐྱེད་ནུ་རིན་སྤུངས་ཀྱི་སྤྱི་བླར་བསྐོས། དེས་མི་ཆོས་དང་འབྲལ་བའི་བྱ་བྱེད་ཀྱིས་ཐུགས་བསུན་ཏེ་ལོ་གཅིག་བཞུགས་ནས་དགོངས་པ་བཀྲོལ་ཏེ་ཟུར་བཞུགས་མཛད།
དུས་བབ་ཀྱི་འདུལ་བྱའི་ཕྲིད་ལས་རྣམས་རིམ་པར་བསྐྱངས་ཏེ་སེ་ལ་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོ་བཏབ། གཅུང་ཆོས་རྗེ་ངག་དབང་པད་དཀར། སྐུ་ཚ་ཆོས་རྗེ་ངག་དབང་ཕྲིན་ལས། ཐུགས་སྲས་ཤཀྱ་རིན་ཆེན་ལ་སོགས་པའི་སྐྱེས་ཆེན་དམ་པ་གྲངས་མེད་རྗེས་སུ་བཟུང་ནས་གྲུབ་པའི་ས་ལ་བཀོད། གཞུང་གདན་ཕན་ཚུན་གཉིས་སུའང་མཆོག་སྤྲུལ་རྣམ་གསུམ་གྱི་དབུ་གཙོས་གྲངས་མེད་གདུལ་བྱའི་མཐར་རྣམས་རིམ་པར་བསྐྱངས་ཟིན་ཏེ་སླར་རང་གདན་དུ་བསྐྱོད་པའི་མཐར། དགུང་གྲངས་གྱ་དྲུག་པའི་ཐོག་ཏུ་ཕེབས་པ་རབ་བྱུག་བཅུ་གཉིས་པའི་ཆུ་བྱི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་སླར་དག་ལྡན་ཆོས་ཀྱི་ཁྲི་ལ་གཤེགས།[༡]