སེནཊ་ཝིན་སེནཊ་རྒྱལ་ཁབ།
༉ ཀེ་རི་བི་ཡཱན་གྱི་མཚོ་གླིང་ཅིག་ཨིན་མི་ སེནཊ་ཝིན་སེནཊ་འདི་ ས་ཆའི་གནས་སྟངས་དང་ ལམ་སྲོལ་གྱི་གནས་སྟངས་ དེ་ལས་ རྒྱལ་རབས་ཕྱུགཔོ་ཡོད་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། རྒྱལ་ཁབ་འདི་ མཚོ་གླིང་ངོ་མ་ སེནཊ་ཝིན་སེནཊ་དང་ མཚོ་གླིང་ཆུང་ཀུ་གྷི་རེ་ན་ཌིནསི་ཟེར་མི་ཚུ་ལས་ གྲུབ་ཡོདཔ་ཨིན། མཚོ་གླིང་རྒྱལ་ཁབ་ཀྱི་བྱུང་རབས་ཧ་གོ་ནི་གི་དོན་ལུ་ མི་འབོར་ཞིབ་རྩིས་ཀྱི་འགྱུར་བ་དང་ ལམ་སྲོལ་འཕེལ་འགྱུར་ དཔལ་འབྱོར་གོང་འཕེལ་དང་ མི་སྡེ་གི་གནས་སྟངས་ཚུ་ཡང་ ཤེས་དགོཔ་ཁག་ཆེ་ཤོས་ཅིག་ཨིན་མས།[༡]
སེནཊ་ཝིན་སེནཊ་འདི་ གཞུང་འབྲེལ་དུ་ སེནཊ་ཝིན་སེནཊ་དང་ གྷི་རེ་ནེ་ཌིན་ཟེར་སླབ་ཨིནམ་དང་ དེ་གིས་ ལི་སར་ཨེན་ཊི་ལིས་མཚོ་གླིང་སྡེ་ཚན་གྱི་བྱང་ཕྱོགས་ལུ་ དབང་བཟུང་འབདཝ་ཨིནམ་མ་ཚད་ མཚོ་གླིང་གཙོ་བོ་ སེནཊ་ཝིན་སེནཊ་འདི་ བཱར་བེ་ཌོས་ཀྱི་ནུབ་ཕྱོགས་དང་ སེནཊ་ལུ་སི་ཡགི་བྱང་ནུབ་ལུ་ཆགས་ཏེ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ནང་ མཚོ་གླིང་ངོ་མ་ སེནཊ་ཝིན་སེནཊ་དང་ གྷི་རེ་ན་ཌིནསི་རྩིས་ཏེ་ མཚོ་གླིང་ཆུང་ཀུ་ལེ་ཤ་ཅིག་ཡོདཔ་ཨིན། རྒྱལ་ས་ལྟེ་བ་འདི་ མཚོ་གླིང་གཙོ་བོའི་ལྷོ་ནུབ་མཚོ་འགྲམ་ལུ་ཆགས་ཡོད་པའི་ ཀིང་སི་ཊཱོན་ཨིན།
ཡུ་རོབ་ཀྱི་དབང་འོག་བཙུགས་མི་ཚུ་ལྷོད་པའི་ཤུལ་ལས་ སེནཊ་ཝིན་སེནཊ་དང་ གྷི་རེ་ན་ཌིནསི་ གི་མི་རློབས་འདི་ འགྱུར་བ་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ཨིན། དེ་ཡང་ དུས་རབས་ ༡༥ པ་མཇུག་བསྡུ་ཁམས་ཅིག་ཁར་ ཡུ་རོབ་ཀྱི་མི་ཚུ་མ་ལྷོད་ཚུན་ཚོད་ མཚོ་གླིང་འདི་ནང་ ས་གནས་ཀྱི་མི་ཁུངས་ཚུ་ སྡོད་ནུག། དུས་རབས་ ༡༧ པའི་ནང་ ལཱ་འབད་ནི་གི་དོན་ལུ་ བྱ་རོགས་འབད་མི་ ཨེ་ཕཱརེ་ཀ་གི་མི་ཚུ་ ནང་འདྲེན་འབད་ནི་འགོ་བཙུགས་ཡོདཔ་ལས་ མི་འབོར་ཞིབ་རྩིས་ཀྱི་གནས་སྟངས་འདི་ གནམ་མེད་ས་མེད་ འགྱུར་བཅོས་འགྱོ་ནུག།
མི་རློབས་ཀྱི་ཐད་ཁར་ཧ་ལམ་ ༡༡༠༠༠༠ དེ་ཅིག་ཡོདཔ་མ་ཚད་ མི་རློབས་འདི་ མང་ཤོས་ཅིག་ར་ ཨེ་ཕཱེརེ་ཀ་གི་རིགས་བརྒྱུད་དང་ ཨེ་ཕཱེརོ་ ཀེ་རི་བི་ཡན་(Afro-Caribbean)གི་སྲོལ་ཁྱུན་ཡོདཔ་དང་ གཞན་མི་མི་རིགས་ཚུ་ཡང་ ཤར་ཕྱོགས་རྒྱ་གར་དང་ ཡུ་རོབ་སླ་བསྲེ་བའི་མི་རིགས་ཚུ་ཨིན་མས། མི་རློབས་ཀྱི་ཁྱབ་ཚད་འདི་ དམིགས་བསལ་གྱི་ མི་སྡེ་དང་དཔལ་འབྱོར་ དེ་ལས་ སྲིད་དོན་གྱི་ལྟེ་བ་ཅིག་སྦེ་སྡོད་མི་ རྒྱལ་ས་ལྟེ་བ་ ཀིང་སི་ཊཱོན་བཟུམ་གྱི་ ཁྲོམ་ཚོགས་ཚུ་ནང་ གནམ་མེད་ས་མེད་མཐོ་དྲགས་སྦེ་ཡོདཔ་ཨིན་མས།
དེ་དང་གཅིག་ཁར་ ལམ་སྲོལ་གྱི་ཐད་ཁར་ སེནཊ་ཝིན་སེནཊ་དང་ གྷི་རེ་ན་ཌིནསི་གིས་ ཁོང་རའི་ས་གནས་ཀྱི་སྲོལ་ཁྱུན་དང་ ཨེ་ཕཱེརེ་ཀ་གི་རྩ་བ་ དབང་འོག་བཙུགས་ནི་གི་ཤན་ཞུགས་ དེ་ལས་ འཕྲལ་ཁམས་ཅིག་ཁར་ འཛམ་གླིང་གཅིག་འགྱུར་གྱི་གནོད་པ་ཚུ་ལས་ ཡོན་ཏན་ལེ་ཤ་ཅིག་ཐོབ་ནུག། རྒྱལ་ཁབ་འདི་ ལོ་བསྟར་བཞིན་དུ་ མི་སེར་ཚུ་གི་ སྒྱུ་རྩལ་གྱི་རིག་རྩལ་ཚུ་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ གྱོན་ཆས་བཟོ་བཀོད་ཚུ་གི་ཐོག་ལས་སྟོན་མི་ ཝིན་སི་མཱསི་བཟུམ་གྱི་ ལམ་སྲོལ་གྱི་དུས་སྟོན་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མས།
དེ་མ་ཚད་ སྙན་ཆ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་ངོ་རྟགས་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིནམ་དང་ འདི་ཡང་ དམིགས་བསལ་གྱིས་ ཀེ་ལེབ་སོ་ (calypso) དང་རཱེཀ་གེ་ (reggae) དེ་ལས་ སོ་ཀཱ་ (soca) བཟུམ་གྱི་རིགས་ཚུ་གིས་ ཤན་ཞུགས་འབདཝ་ཨིན། རྒྱལ་ཁབ་འདི་ནང་ རྒྱལ་སྤྱིའི་ནང་ ངོས་ལེན་ཐོབ་མི་ སྙན་ཆའི་མཁས་མཆོག་དང་ སྒྱུ་རྩལ་མཁས་མཆོག་ ལེ་ཤ་ཅིག་ཐོན་ཏེ་ཡོདཔ་ཨིན་པས།
སེནཊ་ཝིན་སེནཊ་གི་བཟའ་འཐུང་གི་ལམ་སྲོལ་འདི་གིས་ ཨེ་ཕཱརེཀན་དང་ ཤར་ཕྱོགས་རྒྱ་གར དེ་ལས་ ཡུ་རོབ་པི་ཡན་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་སྦེ་སྟོནམ་ཨིན། ས་གནས་ཀྱི་ཟ་འཐུང་ཚུ་ནང་ འཕྲལ་འཕྲལ་སྐབས་ བག་ལེབ་དང་ ཡམ་ དེ་ལས་ ཉ་བཟུམ་གྱི་ མར་ཁུ་དང་ སྨན་རིགས་མ་འདྲཝ་ཚུ་བླུགས་ཏེ་ བཞེས་སྒོ་གཙོ་བོ་ཚུ་འབདཝ་ཨིན་པས། དུས་སྟོན་དང་ རང་ལུགས་ཀྱི་ཞབས་ཁྲ་ དེ་ལས་ ཁ་སླབ་ནི་ཚུ་ཡང་ ལམ་སྲོལ་གྱི་སྲོལ་ཁྱུན་གྱི་ ཁག་ཆེ་བའི་གནད་དོན་ཅིག་ཨིནམ་ལས་ མི་ཚུ་གི་ནང་འཁོད་ལུ་ ངོ་རྟགས་དང་ བྱུང་རབས་ཀྱི་ཉམས་མྱོང་ཚུ་ བརྗེ་སོར་འབད་ཚུགསཔ་ཨིན།
དེ་བཟུམ་སྦེ་ དཔལ་འབྱོར་གྱི་གནས་སྟངས་ཚུ་ཡང་ སེནཊ་ཝིན་སེནཊ་གི་དཔལ་འབྱོར་དེ་ སོ་ནམ་གྱི་ལཱ་ལུ་ གཞི་བཞག་སྟེ་ཡོདཔ་ཨིན། མཚོ་གླིང་ཚུ་ནང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གེ་ཟ་དང་ ངང་ལག་ དེ་ལས་ མདའ་རྩེད་ཚུ་ འཛུགས་སྐྱོང་འབད་ནི་འདི་ གཞི་རྩ་ཅིག་ཨིན་མས། དུས་རབས་ ༢༠ པའི་ནང་ དམིགས་བསལ་གྱི་ ངང་ལག་གི་ཚོང་འབྲེལ་འདི་ དཔལ་འབྱོར་གྱི་སྒལ་ཚིགས་ཅིག་ལུ་འགྱུར་ཡོདཔ་ལས་ སེནཊ་ཝིན་སེནཊ་འདི་ ཡུ་རོབ་དང་ དམིགས་བསལ་གྱིས་ ཡུ་ནའི་ཊེཊ་ཀིང་ཌོམ་ལུ་ ངང་ལག་ཕྱིར་ཚོང་འཐབ་མི་གཙོ་བོ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།
ཨིན་རུང་ སྤྱི་ལོ་ ༡༩༩༠ མཇུག་བསྡུ་ཁམས་ལས་ སྤྱི་ལོ་ ༢༠༠༠ འགོ་བཙུགས་ཁམས་ཅིག་ཁར་ ངང་ལག་བཟོ་གྲྭ་ལུ་ གདོང་ལེན་སྦོམ་བྱུང་མི་དེ་ཡང་ ཚོང་འབྲེལ་གྱི་ སྲིད་བྱུས་བསྒྱུར་བཅོས་དང་ རྒྱལ་ཁབ་གཞན་ཚུ་ལས་ དོ་འགྲན་འབད་མི་ལུ་བརྟེན་ཨིན་པས། དེ་ལུ་བརྟེན་ གཞུང་གིས་ ལྟ་བཤལ་ཡར་དྲག་གཏང་ཐོག་ལས་ དཔལ་འབྱོར་སྣ་མང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་ལས་ ལྟ་བཤལ་དེ་ ཁག་ཆེ་ཤོས་ཅིག་ལུ་ འགྱུར་ཡོདཔ་ཨིན་པས། མཚོ་གླིང་འདི་ནང་ ཡོངས་གྲགས་ཅན་གྱི་ ལཱ་སོ་ཕཱརེརི་ (La Soufrière) མེ་རི་རྩིས་ཏེ་ རང་བཞིན་གྱི་མཛེས་སྡུག་འདི་གིས་ ལྟ་བཤལཔ་ཚུ་ མཐོང་སྣང་དང་ ངལ་གསོ་ དེ་ལས་ འཚོལ་ཞིབ་འབད་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན།
འདས་པའི་ལོ་ཚུ་ནང་ གཞུང་གིས་ ཡུན་བརྟན་གྱི་ལམ་ལུགས་ཚུ་ ལག་ལེན་འཐབ་ཐོག་ལས་ སོ་ནམ་ལས་སྡེ་གོང་འཕེལ་གཏང་ནི་ལུ་ཡང་ གཙོ་བོར་བསྟེན་ཡོདཔ་མ་ཚད་ ས་གནས་ཀྱི་ཐོན་སྐྱེད་ཚུ་གི་དོན་ལུ་ ཁྲོམ་གསརཔ་ཚུ་ འཚོལ་ཞིབ་འབད་ཡོདཔ་ཨིན་པས། དཔལ་འབྱོར་དེ་ ལཱ་གཡོག་མེད་པའི་དཀའ་ངལ་དང་ གནམ་གཤིས་འགྱུར་བགྲོད་ཀྱི་གནོད་སྐྱོན་ དེ་ལས་ དམིགས་བསལ་གྱིས་ རང་བཞིན་གྱི་རྐྱེན་ངན་ཚུ་གིས་ སོ་ནམ་དང་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ ཉེན་ཁ་བྱུང་མི་ཚུ་ འཕྲོ་མཐུད་དེ་ར་ གདོང་ལེན་འབད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ སེནཊ་ཝིན་སེནཊ་གིས་ མི་སྡེ་དང་བཟའ་ཚང་གི་མཐུན་ལམ་གྱི་ཚོར་སྣང་འདི་ སྒྲིང་སྒྲི་སྦེ་སྟོནམ་ཨིན། ཨིན་རུང་ རྒྱལ་ཁབ་ནང་ དབུལ་ཕོངས་དང་ འདྲ་མཉམ་མེད་མི་ དེ་ལས་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་དང་ཤེས་ཡོན་ཚུ་ དམིགས་བསལ་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ ཐོབ་མ་ཚུགས་པའི་ མི་སྡེའི་གནད་དོན་ཚུ་ ཐོན་དོ་ཡོདཔ་ཨིན་པས། འདི་བཟུམ་གྱི་གདོང་ལེན་ཚུ་ཡོད་རུང་ རྒྱལ་ཁབ་ནང་ལུ་ ཤེས་རིག་གི་ནང་ལུ་ ཡར་རྒྱས་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ལས་ བྲི་ལྷག་ཤེས་ཡོན་གྱི་གནས་ཚད་མཐོ་དྲགས་སྦེ་ཡོདཔ་ལས་ མི་སྟོབས་གོང་འཕེལ་གྱི་ ཁས་བླངས་འདི་ གསལ་སྟོན་འབདཝ་ཨིན་མས།
གཞུང་གིས་ མི་སེར་ཚུ་གི་ མི་ཚེའི་སྤུས་ཚད་ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ མི་སྡེའི་ལས་རིམ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་སྟེ་ཡོདཔ་དང་ དེ་ཡང་ དམིགས་བསལ་གྱིས་ དབུལ་ཕོངས་མི་སྡེ་ཚུ་གི་ནང་འཁོད་ལུ་ཨིན་པས། ད་རུང་ གཞུང་མིན་ཚོགས་པ་ཚུ་གིས་ གསོ་བ་དང་ ཤེས་རིག་ དེ་ལས་ ཐོབ་དབང་ཚུ་ སྐུལ་ཁྱབ་བརྡ་སྤྲོད་འབད་ནི་ལ་སོགས་པའི་ ལཱ་ཚུ་ནང་ རྒྱབ་སྐྱོར་འབད་ནི་ལུ་ འགན་ཁུར་གཙོ་བོ་ཅིག་འབགཔ་ཨིན་པས།
ད་མཇུག་ར་ སེནཊ་ཝིན་སེནཊ་འདི་ དབང་དུ་བསྡུ་ནི་དང་ ལམ་སྲོལ་གཅིག་ཁར་བསྡོམ་ནི་ དེ་ལས་ དཔལ་འབྱོར་གྱི་གནས་སྟངས་ཚུ་ལུ་བརྟེན་ཏེ་ གྲུབ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། དེང་སང་གི་མི་ཚེ་གི་མགུ་རྙོག་དྲགས་ཚུ་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ མི་རློབས་ཚུ་གིས་ སྲོལ་རྒྱུན་ཕྱུགཔོ་ཚུ་ ངོས་ལེན་འབད་དེ་ གདོང་ལེན་ཚུ་གི་གདོང་ཁར་ བཟོད་བསྲན་ཅན་སྦེ་ཡོདཔ་ཨིན། རྒྱལ་ཁབ་ཀྱིས་ ལམ་སྲོལ་ཉམས་སྲུང་འབད་ནི་དང་ མི་སེར་ཚུ་གི་ མི་སྡེའི་དཔལ་འབྱོར་གནས་སྟངས་ཡར་དྲག་གཏང་ནི་ལུ་ ཁས་བླངས་འབད་མི་དེ་གིས་ མ་འོངས་པའི་ ཡར་རྒྱས་ཅན་གྱི་ འགྲུལ་སྐྱོད་འབད་བའི་བསྒང་ཡོད་མི་འདི་ གསལ་སྟོན་འབདཝ་ཨིན་པས། འདི་གི་བྱུང་རབས་ཀྱི་ཉམས་མྱོང་དང་ དེང་སང་དུས་ཀྱི་གོང་འཕེལ་གྱི་བར་ནའི་འབྲེལ་བ་འདི་གིས་ མ་འོངས་པ་ལུ་ སེནཊ་ཝིན་སེནཊ་གི་ རྒྱལ་ཡོངས་ངོ་རྟགས་འདི་ འཕྲོ་མཐུད་དེ་ར་ བཙན་ཏོག་ཏོ་གནས་ནི་ཨིན་མས།[༡]
- ↑ ༡.༠ ༡.༡ ༡) མེ་ཛ་ཌི་རི་ ཨེལ་ (༢༠༢༤) སེནཌ་ཝིན་སེནཌ་གི་ཆོས་དང་འབྲེལ་བའི་ཞིབ་འཇུག། བྱུང་རབས་ཐུང་ཀུ། ཝིན་སེན་ཀྲི་ཡ་ན་གི་ཞིབ་འཇུག་ ༢(༢) ཤོག་གྲངས་ ༧༤ལས་༨༧། ༢) རཱའི་བཱོལཊ་ སི་ཨེམ་དང་ ཇཱོན་ ཨི་ (༡༩༩༩) ད་རེས་ནངས་པའི་གནས་སྟངས་ཚུན་ཚོད་ དཔེ་དེབ་ཐོ་གཞུང་། ཝིན་སེནཌ་སྲོལ་རྒྱུན་དུས་དེབ་ ༢༠(༡), ཤོག་གྲངས་ ༡༠། ༣) མོར་རིསི་ ཨར་ (༡༩༨༣)། སེནཌ་ཝིན་སེནཌ་གི་འགྱུར་བ། སྤྱི་ལོ་ ༡༨༠༡ ལས་ ༡༨༠༤། མར་རི་ནརསེ་གི་གནས་ཚུལ་ ༦༩(༣) ཤོག་གྲངས་ ༢༦༩ ལས་ ༢༩༠། ༤) ལིསི་ཊོན་ ཨེམ་ཊི་ (༡༩༤༢) བཱོསི་ཊོན་ལུ་ཡོད་པའི་ སེནཌ་ཝིན་སེནཌ་གི་བྱུང་རབས་རྒྱབ་ཁུངས། (བཱོསི་ཊོན་གཙུག་ལག་སློབ་སྡེ་གི་ མཁས་དབང་གི་ཞིབ་འཇུག་རྩོམ་ཡིག)