Jump to content

སོ་མཱ་ལི

Wikipedia ལས།
སོ་མཱ་ལི་ཡའི་ས་ཁྲ།
སོ་མ་ལི་ཡ་གི་རྒྱལ་དར།

ས་གནས་དང་ས་ཁོངས།

སོ་མཱ་ལི་ཡ་འདི་ ཨཕ་རི་ཀའི་རྭཝ་ནང་ཆགས་ཏེ་ཡོདཔ་ད་ ནུབ་ཕྱོགས་ལུ་ ཨི་ཐོ་པི་ཡ་དང་ བྱང་ནུབ་ལུ་ ཇི་བོ་ཊི་ ལྷོ་ནུབ་ལུ་ ཀེ་ནི་ཡ་ བྱང་ཕྱོགས་ལུ་ ཨེ་ཌེན་མཚོ་ཁུག་ དེ་ལས་ ཤར་ཕྱོགས་ལུ་ རྒྱ་གར་རྒྱ་མཚོ་ཚུ་དང་ ས་མཚམས་ཡོདཔ་ཨིན་མས། རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་༦༣༧༦༥༧ ཡོད་པའི་ ཨཕ་རི་ཀའི་ས་ཆ་གཙོ་བོ་ནང་ མཚོ་འགྲམ་རིང་ཤོས་ཅིག་ཨིན་པས།

གནམ་གཤིས་དང་ས་ཁམས་ཆགས་ཚུལ།

སོ་མཱ་ལི་ཡ་ལུ་ གནམ་གཤིས་ཚ་དྲོད་དང་ལྡནམ་འབད་ཡོདཔ་ད་ ཆརཔ་ཡང་ཉུང་སུ་ཅིག་འབད་ རྐྱབ་དོ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ མཚོ་མཐའི་ཐང་ (the coastal plain) དང་ དབུས་མཐོ་སྒང་ (the central plateau) དེ་ལས་ བྱང་ཕྱོགས་མཐོ་སྒང་ (the northern highlands) ཚུ་ གནམ་གཤིས་ས་ཁོངས་གསུམ་ལུ་ དབྱེ་སྟེ་ཡོདཔ་ཨིན་མས། མཚོ་འགྲམ་གྱི་ཐང་འདི་ཚ་དྲོད་དང་རློན་གཤེར་ཅན་དང་ དབུས་ཀྱི་ཐང་འདི་ཕྱེད་ཀ་སྐམ་ས་དང་ བྱང་ཕྱོགས་ཀྱི་མཐོ་སྒང་འདི་ བསིལ་དྲགས་དང་ དྲོད་ཤུགས་ཅན་འབད་ཡོདཔ་ཨིན་མས།

འབྱུང་རབས་དང་མི་རིགས།

སོ་མཱ་ལི་མི་འདི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ལུང་ཕྱོགས་འདི་ སོ་མཱ་ལི་རྒྱལ་ཁབ་དང་ སུལ་ཊ་ནེཊ་(sultanates) མ་འདྲཝ་ཚུ་གི་སྡོད་ས་ཨིན་པས། དུས་རབས་༡༩པའི་མཇུག་ལུ་ སོ་མ་ལི་ཡ་འདི་ བིརི་ཊིཤ་དང་ཨི་ཊ་ལི་གཉིས་ཆ་རའི་དབང་འོག་ལུ་འགྱུར་ནུག། རྒྱལ་ཁབ་འདི་ སྤྱི་ལོ་༡༩༦༠ ཟླ་༧ པའི་ཚེས་༡ ལུ་ བིརི་ཊིཤ་སོ་མ་ལི་ལེནཌ་ (British Somaliland) དང་ ཨི་ཊ་ལི་ཡན་སོ་མ་ལི་ལེནཌ་ (Italian Somaliland) གཉིས་ གཅིག་ཁར་བསྡོམས་ཏེ་ སོ་མཱ་ལི་སྤྱི་མཐུན་རྒྱལ་ཁབ་ཅིག་ གཞི་བཙུགས་འབད་བའི་ཤུལ་ལས་ རང་དབང་ཐོབ་ནུག། མི་རིགས་ཀྱི་ཐད་ལུ་ སོ་མཱ་ལི་ཡ་ འདི་ མང་ཤོས་ཅིག་རང་ སོ་མཱ་ལི་ བརྒྱ་ཆ་༨༥ ཡོདཔ་ད་ དེ་ནང་ བཱན་ཏུ་ དང་ ཨ་རབ་ དེ་ལས་ གཞན་མི་ཚུ་རྩིས་ཏེ་ མི་རིགས་ ཉུང་སུ་འབད་ མི་ཚུ་ཡོདཔ་ཨིན་མས།

མི་རློབས།

སྤྱི་ལོ་༢༠༢༣ ལུ་ སོ་མཱ་ལི་ཡ་གི་མི་རློབས་ས་ཡ་༡༨.༡ དེ་ཅིག་ཡོདཔ་ད་ ཧ་ལམ་ས་ཡ་༢.༧ དེ་ཅིག་ རྒྱལ་ས་ལྟེ་བ་ མོ་ག་ཌི་ཤུ་ (Mogadishu) ལུ་སྡོད་དོ་ཡོདཔ་ཨིན་པས།

མོ་ག་དི་ཤུ། Mogadishu. The Capital City of Somalia.

སོ་མཱ་ལི་ཡ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་སྦོམ་ཤོས་ མོ་ག་ཌི་ཤུ་འདི་ ཤར་ལྷོའི་ བཱ་ནཱ་ཌིར་ལུང་ཕྱོགས་ཀྱི་ རྒྱ་གར་རྒྱ་མཚོའི་མཐའ་མར་ ཆགས་ཡོདཔ་ཨིན་མས། ཀི་ལོ་མི་ཊར་གྲུ་བཞི་༩༡ དེ་ཅིག་ཁྱབ་སྟེ་ཡོད་མི་ གྲུ་ཁ་དང་ ཚོང་འབྲེལ་ལྟེ་བ་གཙོ་བོ་ཅིག་སྦེ་ ཡུན་རིངམོ་སྦེ་ར་ སྡོད་ཡོདཔ་ཨིན་པས། བྱུང་རབས་དང་འཁྲིལ་བ་ཅིན་ མོ་གཱ་དི་ཤུ་འདི་ དུས་རབས་བར་མའི་ཚོང་འབྲེལ་གྱི་ཡོངས་འབྲེལ་གྱི་ཆ་ཤས་ཅིག་སྦེ་ ཡར་རྒྱས་འགྱོ་ཡོདཔ་དང་ དུས་རབས་༡༠ པའི་ནང་ ཨ་རབ་དང་པར་ཤི་ཡན་ཚོང་པ་ཚུ་གིས་ ཤན་ཞུགས་འབད་ནུག།

སྤྱི་ལོ་༢༠༢༣ ལུ་ མི་རློབས་ས་ཡ་༢.༧ ལྷགཔ་ཅིག་ཡོདཔ་སྦེ་ ཚོད་དཔག་འབད་ནུག། གྲོང་ཁྱེར་འདིའི་མི་མང་ཆེ་བ་ སུ་ནི་མུ་སི་ལིམ་ (Sunni Muslims) ཨིན་མས། སོ་མཱ་ལི་དང་ཨ་ར་བིག་གཉིས་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ད་ ཤེས་རིག་ནང་ ཨིང་སྐད་དེ་ལེན་ ཨི་ཊ་ལི་ཡན་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས། སྤྱི་ལོ་༢༠༡༤ ལུ་ ལོག་སྟེ་གཞི་བཙུགས་འབད་མི་ སོ་མཱ་ལི་རྒྱལ་ཡོངས་གཙུག་ལག་སློབ་སྡེ་རྩིས་ཏེ་ གཙུག་ལག་སློབ་སྡེ་ལེ་ཤ་ཅིག་ མོ་གཱ་དི་ཤུ་ལུ་ཡོདཔ་ཨིན་མས། མོ་གཱ་དི་ཤུ་ལུ་ཚུད་མི་ བཱ་ནཱ་ཌིར་ (Banaadir) འདི་ ད་རུང་ དབྱེ་བ་ཕྱེ་སྟེ་མེད་རུང་ སྤྱི་གཞུང་གིས་ ཐད་ཀར་དུ་ བདག་སྐྱོང་འབདཝ་ཨིན་མས། ཁྲོམ་འདི་ སོ་མཱ་ལི་ཡ་གི་ སྤྱི་གཞུང་སྤྱི་ཚོགས་ལམ་ལུགས་འོག་ལུ་ལཱ་འབདཝ་ཨིན་མས།

བཟོ་གྲྭ་གཙོ་བོ་ཚུ་ཡང་ བཟོ་བསྐྲུན་དང་ཚོང་འབྲེལ་ བརྒྱུད་འཕྲིན་ དེ་ལས་ ཞབས་ཏོག་ཚུ་ཨིན་པས། རང་ལུགས་ཀྱི་གྱོན་ཆས་ (macawis) དང་ (dirac) ཚུ་ ཡོངས་གྲགས་སྦེ་ཡོདཔ་ལས་ ཁྲོམ་སྡེ་གི་ལམ་སྲོལ་གྱི་ངོ་རྟགས་ཚུ་ གསལ་སྟོན་འབདཝ་ཨིན་མས།

ཆོས་ལུགས།

ཨིསི་ལམ་འདི་ སོ་མཱ་ལི་ཡ་གི་ ཆོས་ལུགས་གཙོ་བོ་ཅིག་ཨིནམ་ད་ མི་རློབས་ཧ་ལམ་ཅིག་གིས་ སུ་ནི་ཨིསི་ལམ་ལུ་ དད་པ་བསྐྱེད་དོ་ཡོདཔ་ཨིན་པས། ཨིསི་ལམ་གྱིས་ སོ་མཱ་ལི་མི་ཚུ་གི་ ཉིན་བསྟར་གྱི་མི་ཚེ་དང་ ལམ་སྲོལ་བདག་འཛིན་ནང་ ཕན་ཐོག་ཡོདཔ་ཨིན་མས།

རིག་རྩལ་དང་རིག་གནས།

སོ་མཱ་ལི་གི་ལམ་སྲོལ་འདི་ སྙན་རྩོམ་དང་ སྲུང་བཤད་ དེ་ལས་ སྙན་ཆ་ཚུ་རྩིས་ཏེ་ ངག་ཐོག་ལས་ ལམ་སྲོལ་ཚུ་ནང་ རྩ་བ་བཙུགས་ཏེ་ ཡོདཔ་ ཨིན་མས། རྒྱལ་ཁབ་འདི་ སྙན་རྩོམ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོདཔ་ལས་ མིང་གཞན་ “སྙན་ངག་མཁནམ་གྱི་རྒྱལ་ཁབ་ Nation of Poets ཟེར་སླབ་ཨིན་མས། སོ་མཱ་ལི་གི་སྔར་སྲོལ་གྱི་སྒྱུ་རྩལ་ནང་ རྫ་ཆས་དང་ པ་ཀྲ་ དེ་ལས་ བགོ་ལ་བཟོ་བསྐྲུན་ཚུ་ཚུདཔ་ཨིན་མས། ཧེན་ན་ Henna ལག་ལེན་འཐབ་ནི་འདི་ཡང་ ལམ་སྲོལ་གྱི་ལག་ལེན་གལ་ཅན་ཅིག་ཨིནམ་ད་ དམིགས་བསལ་གྱིས་ དུས་སྟོན་སྐབས་ ཨམ་སྲུ་ཚུ་གི་ ནང་འཁོད་ལུ་ ཨིན་མས།

གྱོན༌ཆས།

རང་ལུགས་སོ་མཱ་ལི་གི་གྱོན་ཆས་ཚུ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ གསལ་སྟོན་འབདཝ་ཨིན་མས། ཨམ་སྲུ་ཚུ་གིས་ "dirac" ཟེར་མི་ གྱོན་ཆས་འཇམ་པོ་དང་ ཕོ་སྐྱེས་ཚུ་གིས་” macawis" ཟེར་མི་ གྱོན་ཆས་འདི་ གྱོནམ་ཨིན་མས། གྱོན་ཆས་འདི་ཚུ་ མང་ཤོས་ཅིག་རང་ ཚོས་གཞི་ འོད་མདངས་ལྡནམ་སྦེ་གྱོནམ་ཨིནམ་ད་ ཉིན་བསྟར་གྱི་ལཱ་དང་ དམིགས་བསལ་གྱི་དུས་སྟོན་ཚུ་ནང་ གྱོནམ་ཨིན་མས།

རྩེད་རིགས།

རྐང་རྩེད་སྤོ་ལོ་ (soccer) འདི་ སོ་མཱ་ལི་ཡའི་ནང་ཡོངས་གྲགས་ཅན་གྱི་རྩེད་མོ་ཅིག་ཨིན་མས། རྒྱལ་ཁབ་ནང་ལུ་ རྒྱལ་ཡོངས་རྐང་རྩེད་སྡེ་ཚན་དང་ ས་གནས་ཀྱི་སྡེ་ཚན་ལེ་ཤ་ཅིག་ཡོདཔ་ཨིན་མས། གདོང་ལེན་ག་དེ་འབད་བྱུང་རུང་ སོ་མཱ་ལི་གི་རྩེད་འགྲན་པ་ཚུ་གིས་ ལུང་ཕྱོགས་དང་ རྒྱལ་སྤྱིའི་ འགྲན་ བསྡུར་ཚུ་ནང་ འཕྲོ་མཐུད་དེ་རང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

སྐད་ཡིག་དང་ཤེས་རིག།

སོ་མཱ་ལི་ཡ་དང་ཨ་ར་བིཀ་གཉིས་ སོ་མཱ་ལི་ཡ་གི་གཞུང་འབྲེལ་སྐད་ཡིག་ཨིན་མས། རྒྱལ་ཁབ་ནང་འཁོད་ལུ་ སོ་མ་ལི་སྐད་ཡིག་འདི་ ཁྱབ་ཆེཝ་སྦེ་སླབ་དོ་ ཡོདཔ་ད་ ཨ་ར་བིག་སྐད་ཡིག་འདི་ གཙོ་བོ་ར་ ཆོས་ལུགས་ཀྱི་སྐབས་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཤེས་རིག་ལམ་ལུགས་ལུ་ གཞི་རྟེན་ མཐུན་རྐྱེན་དང་ ཐོན་ཁུངས་ཚུ་ ཚད་ཅིག་ལས་བརྒལ་མེད་པའི་ གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས། ཨིན་རུང་ འབྲི་ལྷག་ཤེས་ཡོན་གྱི་ གནས་ ཚད་དང་ ཤེས་ཡོན་ཐོབ་ཐངས་ཚུ་ ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་མས།

ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།

སོ་མཱ་ལི་ཡ་རྒྱལ་ཁབ་འདི་ སྤྱི་མཐུན་སྤྱི་ཚོགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ལཱ་འབདཝ་ཨིན་མས། སོ་མཱ་ལི་ཡའི་སྤྱི་མཐུན་གཞུང་འདི་ བཀོད་ཁྱབ་ དང་ཁྲིམས་བཟོ་ དེ་ལས་ ཁྲིམས་འདུན་གྱི་ཡན་ལག་གསུམ་ལུ་དབྱེ་སྟེ་ཡོདཔ་ཨིན་མས། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ ཡོདཔ་ད་ བློན་ཆེན་གྱིས་ གཞུང་གི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། སྤྱི་ཚོགས་འདི་ མི་སེར་གྱི་ཚོགས་ཁང་དང་ ཚོགས་ཁང་ གོང་མ་འབད་ གཉིས་ཡོདཔ་ཨིན་མས།

འཛིན་སྐྱོང་སྡེ་ཚན།

རྒྱལ་ཁབ་འདི་ བདག་སྐྱོང་ལུང་ཕྱོགས་༡༨ ལུ་དབྱེ་སྟེ་ "gobollo" ཟེར་སླབ་ཨིན་མས། ལུང་ཕྱོགས་འདི་ཚུ་ ད་རུང་རང་ རྫོང་ཁག་སྦེ་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན་མས། ལུང་ཕྱོགས་ཚུ་ཡང་ ཨའུ་ཌལ་(Awdal)། བཱ་ཀུལ་(Bakool)། བཱ་ན་ཌིར་(Banaadir)། བཱ་རི་(Bari)། བེ་(Bay)། གཱལ་གུ་ཌུཌ་(Galguduud)། གེ་ཌོ་ (Gedo)། ཧི་རཱན་(Hiiraan)། བར་མའི་ཇུ་བཱ་(Jubbada Dhexe) (Middle Jubba)། ཇུ་བཱ་དམའ་བ་(Jubbada Hoose) (Lower Jubba)། མུ་དུག་(Mudug)། ནུ་གཱལ་(Nugaal)། ས་ནག་ (Sanaag)། ཤ་བེལ་བར་མ་(Shabeellaha Dhexe) (Middle Shabeelle)། ཤ་བེལ་དམའ་བ་(Shabeellaha Hoose) (Lower Shabeelle)། སོལ་(Sool)། ཏོག་དྷིར་(Togdheer དེ་ལས་ ཝོ་ཀོ་ཡི་གཱལ་བིཌ་(Woqooyi Galbeed) ཚུ་ཨིན་མས།

ཕྱི་འབྲེལ།

སོ་མཱ་ལི་ཡ་གིས་ རྒྱལ་ཁབ་སོ་སོ་དང་ རྒྱལ་སྤྱིའི་ཚོགས་པ་ཚུ་མཉམ་ མཐུན་ལམ་བཞག་སྟེ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་དང་ ཨཕ་རི་ཀའི་མཐུན་ཚོགས་ དེ་ལས་ ཨ་རབ་མཐུན་ཚོགས་ཀྱི་འཐུས་མི་ཅིག་ཨིན་མས། འདས་པའི་ལོ་ཚུ་ནང་ སོ་མཱ་ལི་ཡ་གིས་ རྒྱལ་སྤྱིའི་མཐུན་ལམ་ བསྐྱར་བཟོ་འབད་ནི་དང་ ཕྱི་རྒྱལ་གྱི་མ་རྩ་བཙུགས་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།

དཔལ་འབྱོར།

སོ་མཱ་ལི་ཡ་གི་དཔལ་འབྱོར་འདི་ གཙོ་བོ་ར་ སོ་ནམ་དང་ སྒོ་ནོར་ དེ་ལས་ སོ་མཱ་ལི་ཡ་གི་ ཕྱི་མི་ཚུ་ལས་ དངུལ་བཏང་མི་ལུ་བརྟེན་ཏེ་ཨིན་པས། སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ནང་འོང་འབབ་འདི་ ཧ་ལམ་ དྲོ་ལར་ཐེར་འབུམ་༡༢.༨ དེ་ཅིག་ཡོདཔ་ད་ མི་རེ་ལུ་ རྒྱལ་ཡོངས་ནང་ འོང་འབབ་འདི་ དྲོ་ལར་༧༧༥ ཨིན་པས། སོ་མཱ་ལི་ཤི་ལིང་ (SOS) འདི་གཞུང་འབྲེལ་གྱི་དངུལ་ལོར་ཨིན་མས། དཔལ་འབྱོར་ལུ་ གཞི་རྟེན་ མཐུན་རྐྱེན་ཚད་འཛིན་དང་ སྲིད་དོན་གཏན་ཏོག་ཏོ་མེད་མི་ དེ་ལས་ གནམ་གཤིས་འགྱུར་བ་ལས་བརྟེན་ གདོང་ལེན་ཚུ་ ཐོན་དོ་ཡོདཔ་ཨིན་པས།

དམག་སྡེ།

སོ་མཱ་ལིའི་རྒྱལ་ཡོངས་དམག་སྡེ་གིས་འགན་ཁུར་འདི་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་འབད་ནི་འདི་ཨིན་མས། དམག་སྡེ་གིས་ ཊར་ཀི་རྩིས་ཏེ་ རྒྱལ་སྤྱིའི་ མཉམ་འབྲེལ་པ་མ་འདྲཝ་ཚུ་ལས་ རྒྱབ་སྐྱོར་དང་ སྦྱོང་བརྡར་ཚུ་ ཐོབ་ཡོདཔ་ཨིན་པས། སྤྱི་ལོ་༢༠༡༧ ལུ་ གཞི་བཙུགས་འབད་མི་ (Camp TURKSOM) གིས་ སོ་མཱ་ལི་གི་དམག་མི་ཚུ་ སྦྱོང་བརྡར་བྱིན་ནིའི་དོན་ལུ་ མོ་ག་ཌི་ཤུ་ལུ་ཡོད་པའི་ ཊར་ཀི་གི་དམག་སྡེ་དང་ སྲུང་སྐྱོབ་ གཙུག་ལག་སློབ་སྡེ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས།

ལྟ་བཤལ།

སོ་མཱ་ལི་ཡ་གི་ ལྟ་བཤལ་ལས་སྡེ་འདི་ ཉེན་སྲུང་གི་ ཚ་གྱང་དང་ གཞི་རྟེན་མཐུན་རྐྱེན་གྱི་ གདོང་ལེན་ལུ་བརྟེན་ གོང་འཕེལ་མ་འགྱོ་བར་ ཡོདཔ་ཨིན་པས། ཨིན་རུང་ རྒྱལ་ཁབ་འདི་ནང་ མཚོའི་མཐའ་མ་ མཛེས་ཏོག་ཏོ་དང་ རྒྱལ་རབས་ཀྱི་ ས་ཁོངས་ དེ་ལས་ ལམ་སྲོལ་གྱི་ སྲོལ་རྒྱུན་ཕྱུགཔོ་ཚུ་ཡོདཔ་ལས་ མ་འོངས་པ་ལུ་ ལྟ་བཤལཔ་ཚུ་ འོང་ནི་གི་ འོས་འབབ་ཡོདཔ་ཨིན་པས།

མཇུག༌དོན།

སོ་མཱ་ལི་ཡ་འདི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་གི་ རྒྱལ་ཁབ་ཅིག་ཨིན་མས། རྒྱལ་ཁབ་ནང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ དཔལ་འབྱོར་གྱི་ ཐོ་ཕོག་མི་ དེ་ལས་ མཐའ་འཁོར་གནས་སྟངས་ལ་སོགས་པའི་ གདོང་ལེན་ཚུ་ བྱུང་སྟེ་ཡོད་རུང་ རྒྱལ་ཁབ་ནང་ གོང་འཕེལ་དང་ རྒྱལ་སྤྱིའི་ མཉམ་འབྲེལ་གྱི་ ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་དོ་ཡོདཔ་ཨིན་པས། གཞུང་སྐྱོང་དང་ ཤེས་རིག་ དེ་ལས་ དཔལ་འབྱོར་བསྐྱར་ཞིབ་ཀྱི་ ལཱ་ཚུ་ འཕྲོ་མཐུད་དེ་རང་ འབད་བའི་བསྒང་ཡོདཔ་ལས་ སོ་མཱ་ལི་ཡ་ལུ་ མ་འོངས་པའི་ ཡར་རྒྱས་ཀྱི་ འོས་འབབ་ཡོདཔ་ཨིན་པས།

རྒྱབ་རྟེན་ཐོ།

https://en.wikipedia.org/wiki/Somalia

https://en.wikipedia.org/wiki/Mogadishu


ཁུངས་གཏུགས།

[ཞུན་དག]
"https://dz.wikipedia.org/w/index.php?title=སོ་མཱ་ལི&oldid=39266" ལས་ སླར་འདྲེན་འབད་ཡོདཔ།