Jump to content

སོ་ལོ་མོན་ ཨཱའི་ལེནདས། Solomon Island

Wikipedia ལས།

ས་གནས་དང་ས་ཁོངས།

སོ་ལོ་མོན་གྱི་རྒྱལ་དར།
སོ་ལོ་མོན་གྱི་ས་ཁྲ།

སོ་ལོ་མོན་མཚོ་གླིང་འདི་ ཨཱསི་ཊེ་ལི་ཡ་ལས་ བྱང་ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་༢༠༠༠ དེ་ཅིག་གི་ས་ཁར་ ལྷོ་ནུབ་ཀྱི་ པེ་སི་ཕིག་རྒྱ་མཚོའི་ནང་ ཆགས་ཡོད་པའི་ མཚོ་གླིང་རྒྱལ་ཁབ་ཅིག་ཨིན་མས། མཚོ་གླིང་༩༩༢ ཡོད་པའི་རྒྱལ་ཁབ་འདིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༨༤༠༠ ཡོདཔ་ཨིན་མས། མཚོ་གླིང་འདི་ཚུ་ ནུབ་ཕྱོགས་དང་ཤར་ཕྱོགས་གཉིས་ལུ་དབྱེ་སྟེ་ཡོདཔ་ད་ ཤར་ལྷོ་ཁ་ཐུག་ལུ་ (San Cristobal (Makira Island) ལུ་འཛོམས་དོ་ཡོདཔ་ཨིན་མས།

གནམ་གཤིས་དང་ས་ཁམས་ཆགས་ཚུལ།

སོ་ལོ་མོན་མཚོ་གླིང་ལུ་ ཚ་དྲོད་ཀྱི་གནམ་གཤིས་དང་ རློན་གཤེར་ དེ་ལན་གནམ་སྐམ་པའི་དུས་ཚོད་ཡང་ མ་འདྲཝ་སྦེ་ཡོདཔ་ཨིན་མས། སྤྱི་ཟླ་༤ པ་ལས་༡༠ པ་ཚུན་ ཤར་ལྷོ་ཚོང་འབྲེལ་ལས་རླུང་ཚུབ་ཀྱི་ གནས་སྟངས་ཚུ་ བསིལ་དྲགས་དང་ སྐམ་དྲགས་སྦེ་ འོང་དོ་ཡོདཔ་ཨིན་པས། དེ་ལས་ སྤྱི་ཟླ་༡༡ པ་ལས་ སྤྱི་ཟླ་༣ པ་ཚུན་ བྱང་ནུབ་ཀྱི་ ཆརཔ་རྐྱབ་པའི་སྐབས་ གནམ་གཤིས་ཚ་དྲོད་ལྡནམ་དང་ རློན་ཤུགས་ཅན་སྦེ་ ཐོན་དོ་ ཡོདཔ་ ཨིན་པས། ས་ཆ་འདི་ མང་ཤོས་ཅིག་རང་ མེ་རི་ལས་འབྱུང་མི་ གངས་རི་དང་ ས་ཆའི་གནས་སྟངས་ རྩུབ་དྲགས་དང་ ནགས་ཚལ་སྟུགས་དྲགས་ ཚུ་ཡོདཔ་ཨིན་མས། མཐོ་ཚད་མི་ཊར་ ༢༣༣༢ ཡོད་པའི་ པོ་པོ་མ་ན་སེའུ་རི་འདི་ རྒྱལ་ཁབ་ནང་ མཐོ་ཚད་མཐོ་ཤོས་ཅིག་ཨིན་མས།

འབྱུང་རབས་དང་མི་རིགས།

སོ་ལོ་མོན་གི་མི་རློབས་འདི་ ངོ་མ་རང་ (Melanesian) ཨིནམ་ལས་ མི་རློབས་བརྒྱ་ཆ་༩༣ དེ་ཅིག་ཡོདཔ་ཨིན་མས། མི་རིགས་གཞན་ཚུ་ཡང་ པོ་ལི་ནེ་ཤི་ཡན་ (Polynesians) ༤% དང་ མའི་ཀོ་ནེ་ཤི་ཡན་ (Micronesians) ༡.༥% དེ་ཅིག་ཨིན་མས། བིརི་ཊིཤ་གིས་ སྤྱི་ལོ་༡༨༩༣ ལུ་ སོ་ལོ་མོན་མཚོ་གླིང་སྲུང་སྐྱོབ་ཀྱི་ རྒྱལ་ཁབ་གཞི་བཙུགས་འབད་ཡོདཔ་ད་ འཛམ་གླིང་དམག་ཆེན་གཉིས་པའི་ཤུལ་ལས་ སྤྱི་ལོ་༡༩༧༦ ལུ་ རྒྱལ་ཁབ་ནང་ རང་དབང་ཐོབ་སྟེ་ སྤྱི་ལོ་༡༩༧༨ སྤྱི་ཟླ་༧ པའི་ཚེས་༧ ལུ་ རང་དབང་རང་བཙན་ཐོབ་ནུག།

མི་རློབས་དང་ཆོས་ལུགས།

སྤྱི་ལོ་༢༠༢༡ ལུ་ སོ་ལོ་མོན་མཚོ་གླིང་ནང་ མི་རློབས་༧༠༢,༠༤༢ ཡོདཔ་སྦེ་ ཚོད་དཔག་འབད་ནུག། ཡེ་ཤུ་པའི་ཆོས་ལུགས་འདི་ ཁྱབ་ ཆེ་ཤོས་ ཅིག་ཨིནམ་དང་ མི་རློབས་བརྒྱ་ཆ་༩༣དེ་ཅིག་གིས་ ཡེ་ཤུའི་ཆོས་ལུགས་མ་འདྲཝ་ཚུ་ལུ་ དད་པ་བསྐྱེད་དོ་ཡོདཔ་ཨིན་མས། སྡེ་ཚན་སྦོམ་ཤོས་ཚུ་ཡང་ ཨེང་ལི་ཀཱན་ལྷ་ཁང་ མེ་ལ་ནི་ཤི་ཡ་ (Anglican Church of Melanesia) བརྒྱ་ཆ་༣༢ དང་ ཀེ་ཐོ་ལིག་ལྷ་ཁང་ (བརྒྱ་ཆ་༢༠) དེ་ལས་ ལྷོ་མཚོའི་ ཡེ་ཤུའི་ལྷ་ཁང་ བརྒྱ་ཆ་༡༧ ​​ཚུ་ཨིན་པས། བརྒྱ་ཆ་ཉུང་སུ་ཅིག་གིས་ དམིགས་བསལ་གྱིས་ (Malaita) མཚོ་གླིང་ནང་ལུ་ཡོད་པའི་ Kwaio མི་སྡེ་ནང་ལུ་ མི་རིགས་ཀྱི་ཆོས་ལུགས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

ཧོ་ནི་ཡ་ར། Honiara. The Capital City of Solomon Islands.

སོ་ལོ་མོན་མཚོ་གླིང་གི་རྒྱལ་ས་ལྟེ་བ་ ཧོ་ནི་ཡ་ར་འདི་ གུ་ཌལ་ཀ་ནལ་མཚོ་གླིང་གི་ བྱང་ནུབ་མཚོ་འགྲམ་ལུ་ ཆགས་ཡོདཔ་ཨིན། སྤྱི་ལོ་༡༩༥༢ལུ་ འཛམ་གླིང་དམག་ཆེན་གཉིས་པའི་ཤུལ་ལས་ ཏུ་ལ་གི་ Tulagi ་ཚབ་སྦེ་ རྒྱལ་ས་ལྟེ་བ་ལུ་འགྱུར་ནུག། ཧོ་ནི་ཡ་ར་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་༢༢དེ་ཅིག་ཁྱབ་སྟེ་ཡོདཔ་ཨིནམས།

སྤྱི་ལོ་༢༠༡༩ ལོའི་མི་རྩིས་དང་འཁྲིལ་བ་ཅིན་ ཁྲོམ་སྡེ་འདི་ནང་ མི་རློབས་༩༣,༦༡༣ དེ་ཅིག་ཡོདཔ་ཨིན་མས། ཡེ་ཤུའི་ཆོས་ལུགས་འདི་ དབང་ཤུགས་ཆེཝ་སྦེ་ཡོདཔ་ད་ འདི་ཡང་ ཆོས་ལུགས་གཙོ་བོ་ཅིག་ཨིན་མི་ (Anglican) དང་ (Catholic) དེ་ལས་ (Evangelicals) ཚུ་ཨིན་མས། རང་ལུགས་དང་དེང་སང་གི་གྱོན་ཆས་ཚུ་ ཁྲོམ་ཚོགས་ནང་ལུ་ ནུབ་ཕྱོགས་ཀྱི་གྱོན་ཆས་ཚུ་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་མས།

ཨིང་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ད་ སོ་ལོ་མོན་མཚོ་གླིང་པི་ཇིན་འདི་ སྤྱིར་བཏང་གི་སྐད་ཡིག་སྦེ་ལག་ལེན་འཐབ་ཨིན་མས། ཧོ་ནི་ཡ་ར་གིས་ ལྷོ་པེ་སི་ཕིག་གཙུག་ལག་སློབ་སྡེ་རྩིས་ཏེ་ ཤེས་རིག་གཙུག་སྡེ་གཙོ་བོ་ཚུ་ ཡོདཔ་ཨིན་མས།

བདག་སྐྱོང་ཐོག་ལས་ ཧོ་ནི་ཡ་ར་འདི་ (Guadalcanal) མངའ་སྡེ་གི་ཆ་ཤས་ཅིག་ཨིན་རུང་ ཁྲོམ་སྡེ་ཚོགས་སྡེ་གིས་ ཁྲོམ་སྡེའི་ལས་དོན་ཚུ་ འཛིན་སྐྱོང་འཐབ་ཨིན་མས། སྤྱི་ཚོགས་ཀྱི་ དམངས་གཙོའི་རིང་ལུགས་འོག་ལུ་ལཱ་འབདཝ་ཨིན་མས། ཁྲོམ་སྡེའི་དཔལ་འབྱོར་དེ་ མི་མང་ཞབས་ཏོག་དང་ ཚོང་འབྲེལ་ཆུང་བ་ ལྟ་བཤལ་དང་ གྲུ་ཁ་དང་འབྲེལ་བའི་ བཟོ་གྲྭ་ཚུ་ལས་བརྟན་དོ་ཡོདཔ་ལས་ རྒྱལ་ས་ལྟེ་བ་ནང་ ལཱ་གཡོག་གི་གོ་སྐབས་མང་ཤོས་རང་ བྱིནམ་ཨིན་པས།

རིག་རྩལ་དང་རིག་གཞུང་དང་གྱོན་ཆས།

སོ་ལོ་མོན་གྱི་ལམ་སྲོལ་འདི་ མི་སྡེ་དང་མི་བརྒྱུད་གཞི་བཞག་པའི་ལམ་སྲོལ་ནང་ལུ་ གཏིང་ཟབ་སྦེ་རང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་མས། མིང་ཚིག་ "wantok" ཟེར་མི་འདི་ "ཁ་སླབ་གཅིག" ཟེར་མི་འདི་གིས་ སྐད་ཡིག་གཅིག་པའི་མི་ངོམ་ཚུ་ལུ་སྟོནམ་ཨིནམ་མ་ཚད་ མི་སྡེ་ནང་ལུ་ བཟའ་ཚང་གི་མཐུན་ལམ་སྒྲིང་སྒྲིང་ཡོདཔ་སྦེ་སྟོན་པའི་ བརྡ་ཚོན་ཨིན་མས། རང་ལུགས་ཀྱི་སྒྱུ་རྩལ་ཚུ་ཡང་ ཤིང་བརྐོ་ནི་དང་ ཐགས་འཐག་ནི་ དེ་ལས་ ཏི་རུ་བཟོ་ནི་ཚུ་ཨིནམ་ད་ འདི་ཚུ་ཡང་ དུས་སྟོན་བརྗེ་སོར་གྱི་ནང་ལུ་ ཁག་ཆེ་ཤོས་ཅིག་ཨིན་མས། སྙན་ཆ་དང་ཞབས་ཁྲ་འདི་ གལ་ཆེ་ཤོས་ཅིག་ ཨིནམ་དང་ པགས་ཤིང་གི་སྡེ་ཚན་དང་ པཱན་པའིཔ་གི་སྡེ་ཚན་ཚུ་ བརྡ་སྟོན་གྱི་ ཡོངས་གྲགས་ཅན་གྱི་རྣམ་པ་ཅིག་ཨིན་མས། རང་ལུགས་ཀྱི་ གྱོན་ཆས་ཡང་ འཕྲལ་འཕྲལ་རང་ ཏ་པ་རས་ཆ་དང་ ཤེལ་ (Shell) གྱི་མཛེས་རྒྱན་ཚུ་ གྱོན་དོ་ཡོདཔ་ཨིན་མས།

རྩེད་རིགས།

རྐང་རྩེད་སྤོ་ལོ་ (soccer) འདི་ སོ་ལོ་མོན་ནང་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ རྒྱལ་ཡོངས་སྡེ་ཚན་གྱིས་ ལུང་ཕྱོགས་ འགྲན་ བསྡུར་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས། གཞན་མི་རྩེད་རིགས་ རག་བི་དང་ བཱསི་ཀེཊ་བཱོལ་ དེ་ལས་ བོ་ལི་བཱོལ་ཚུ་ཡང་ རྩེད་དོ་ ཡོདཔ་ ཨིན། རྒྱལ་ཁབ་ནང་ལུ་ རྩེད་རིགས་གོང་འཕེལ་གྱི་ནང་ལུ་ སྤྲོ་བ་སྐྱེད་མི་ ཡར་སེང་འགྱོ་དོ་ཡོདཔ་ལས་ ལུང་ཕྱོགས་རྩེད་རིགས་ཀྱི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་མི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

སྐད་ཡིག་དང་ཤེས་རིག།

ཨིང་སྐད་འདི་ སོ་ལོ་མོན་གྱི་གཞུང་འབྲེལ་སྐད་ཡིག་ཨིནམ་ད་ སོ་ལོ་མོན་གྱི་་པི་ཇིན་འདི་ སྐད་ཡིག་གཙོ་བོ་ཅིག་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། མཚོ་གླིང་ཚུ་ནང་ ས་གནས་ཀྱི་སྐད་ཡིག་དང་ ཁ་སྐད་༨༠ ལྷགཔ་ཅིག་ སླབ་དོ་ཡོདཔ་ཨིན་པས། ཤེས་ཡོན་འདི་ མཁོ་གལ་ཅན་ཅིག་མེན་རུང་ གཞུང་གིས་ ཡེ་ཤུའི་ལྷ་ཁང་མ་འདྲཝ་ཚུ་དང་གཅིག་ཁར་ རྒྱལ་ཁབ་ནང་འཁོད་ལུ་ སློབ་གྲྭ་ལེ་ཤ་ཅིག་ཡོདཔ་ཨིན་མས། མཐོ་རིམ་ཤེས་ཚད་ ལྷབ་སའི་ ས་གོ་ཡང་ ཧོ་ནིཡ་ར་ལུ་ཡོད་པའི་ ལྷོ་ཕྱོགས་པེ་སི་ཕིག་གཙུག་ལག་སློབ་སྡེ་གི་ས་ཁོངས་དང་ གཞན་ཡང་ སློབ་དཔོན་སྦྱོང་བརྡར་ སྤེལ་ཁང་ལེ་ཤ་ ཅིག་ཡང་ཡོདཔ་ཨིན་མས།

ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།

སོ་ལོ་མོན་འདི་ ཀ་མཱན་ཝེལཊ་གི་མངའ་ཁོངས་ནང་ལུ་ རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ཅིག་སྦེ་ལཱ་འབདཝ་ཨིན་མས། བིརི་ཊིཤ་གི་རྒྱལཔོ་འདི་ རྒྱལ་ཁབ་ཀྱི་གཙོ་འཛིན་ཨིནམ་དང་ ས་གནས་ཀྱི་སྤྱི་འཛིན་གྱིས་ ངོ་ཚབ་འབདཝ་ཨིན་མས། སྲིད་དོན་ལམ་ལུགས་འདི་ སྤྱི་ཚོགས་ཀྱི་ ལམ་ལུགས་ཅིག་ ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་འདི་ འཐུས་མི་༥༠ གིས་ ལོ་༤ གི་དོན་ལུ་ བཙག་འཐུ་འབད་དེ་ཡོདཔ་ཨིན་མས། སྤྱི་ཚོགས་ཀྱིས་ བཙག་འཐུ་གྲུབ་མི་ བློན་ཆེན་གྱིས་ བཀོད་ཁྱབ་ཚོགས་སྡེ་འགོ་འཁྲིད་འབད་དེ་ ལྷན་རྒྱས་གཞུང་ཚོགས་བསྐོ་བཞག་འབདཝ་ཨིན། རྒྱལ་ཁབ་འདི་ མངའ་སྡེ་༩ ལུ་དབྱེ་སྟེ་ཡོདཔ་ད་ མངའ་སྡེ་རེ་ལུ་ རང་སོའི་བཙག་འཐུ་གྲུབ་པའི་ མངའ་སྡེའི་ཚོགས་སྡེ་ཡོདཔ་ཨིན་པས།

འཛིན་སྐྱོང་སྡེ་ཚན།

རྒྱལ་ཁབ་འདི་ བདག་སྐྱོང་ཐོག་ལས་ མངའ་སྡེ་དགུ་ལུ་དབྱེ་སྟེ་ཡོདཔ་ད་ དེ་ཡང་ དབུས་ཕྱོགས་ (Central)།ཆོའི་སའུལ་ (Choiseul)། གུ་ཌལ་ཀ་ནཱལ་ (Guadalcanal)། ཨི་ས་བེལ་ (Isabel)། མཀི་ར་ཨུ་ལ་ཝ་(Makira-Ulawa)། མ་ལའི་ཊ་ (Malaita)། རེན་བེལ་ (རེན་ནེལ་དང་ བེ་ལོ་ན་) Renbel (Rennell and Bellona)། ཏེ་མོ་ཊུ་ (Temotu) དེ་ལས་ ནུབ་ཕྱོགས་ (Western) ཚུ་ཨིན་པས། མངའ་སྡེ་རེ་རེ་བཞིན་དུ་ བཙག་འཐུ་གྲུབ་པའི་ བློན་ཆེན་དང་ མངའ་སྡེའི་ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་ཨིན།

ཕྱི་འབྲེལ།

སོ་ལོ་མོན་གྱི་ རྒྱལ་ཁབ་ལེ་ཤ་ཅིག་དང་གཅིག་ཁར་ མཐུན་ལམ་བཞག་སྟེ་ འཛམ་གླིང་སྤྱི་ཚོགས་དང་ པེ་སི་ཕིག་མཚོ་གླིང་ཚོགས་སྡེ་ཚུ་རྩིས་ཏེ་ རྒྱལ་སྤྱིའི་ཚོགས་པ་མ་འདྲཝ་ཚུ་གི་འཐུས་མི་ཅིག་ཨིན་པས།

དཔལ་འབྱོར་དང་ཉོ་ཚོང་།

སོ་ལོ་མོན་ལུ་ དཔལ་འབྱོར་འོང་འབབ་དམའ་ཤོས་ཡོདཔ་ལས་ རང་བཞིན་ཐོན་སྐྱེད་ལུ་ ཤུགས་སྦེ་རང་བརྟེན་དོ་ཡོདཔ་ཨིན་མས། སྤྱི་ལོ་༢༠༢༡ ལུ་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ནང་འོང་འབབ་འདི་ ཡུ་ཨེས་དྲོ་ལར་ཐེར་འབུམ་༡.༥༠ ལུ་ལྷོད་ཡོདཔ་ད་ མི་རེ་ལུ་ རྒྱལ་ཡོངས་ནང་འོང་འབབ་འདི་ ཧ་ལམ་ ཡུ་ཨེས་དྲོ་ལར་༦༠༠ དེ་ཅིག་འོང་ནི་ཨིན་མས། གཞི་རྟེན་ལས་སྡེ་ཚུ་ཡང་ སོ་ནམ་དང་ ཉ་གསོ་སྐྱོང་ དེ་ལས་ ནགས་ཚལ་ཚུ་ཨིན་པས། ཕྱིར་ཚོང་ གཙོ་བོ་ཚུ་ ཤིང་ཆས་དང་ ཐང་མར་ཁུ་ དེ་ལས་ ཉ་ཚུ་ཨིནམ་ད་ ཚོང་འབྲེལ་གྱི་ མཉམ་འབྲེལ་པ་གཙོ་བོ་ཚུ་ རྒྱ་ནག་དང་ ཨི་ཊ་ལི་ དེ་ལས་ ཐའི་ཝན་ཚུ་ཨིན་པས།

དངུལ་ལོ།

གཞུང་འབྲེལ་གྱི་དངུལ་ཀྲམ་འདི་ སྤྱི་ལོ་༡༩༧༧ ལུ་ འགོ་བཙུགས་མི་ སོ་ལོ་མོན་ཌོ་ལར་ (SBD) ཨིན་མས། ཨེསི་བི་ཌི་འདི་ དངུལ་ཀྲམ་༡༠༠ ལུ་དབྱེ་སྟེ་ཡོདཔ་ཨིན་མས།

མཇུག་དོན།

སོ་ལོ་མོན་རྒྱལ་ཁབ་འདི་ ཀ་མཱན་ཝེལཊ་གི་མངའ་ཁོངས་ནང་ལུ་ བིརི་ཊིཤ་གི་རྒྱལཔོ་གི་ རྒྱལ་ཁབ་ཀྱི་གཙོ་འཛིན་འབད་དེ་ ཡོད་མི་རྒྱལ་ཁབ་ཅིག་ཨིན་མས། རྒྱལ་ཁབ་ཆུང་འདི་འབད་རུང་ ཕྱའི་རྒྱལ་ཁབ་དང་ མཐུན་ལམ་ལེགས་ཤོམ་ཡོད་པའི་ཁར་ རང་དབང་ཅན་གྱི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་མས།

རྒྱབ་རྟེན་ཐོ།

https://en.wikipedia.org/wiki/Solomon_Islands

https://www.un.int/solomonislands/solomonislands/country-facts