སྐུ་སྲུང་དམག་སྡེ།

Wikipedia ལས།

༉   སྐུ་སྲུང་དམག་སྡེ་འདི་ རྒྱལ་གཞུང་བསྟན་སྲུང་དམག་སྡེའི་ཡན་ལག་ཅིག་ཨིན། ཨིན་རུང་ རང་དབང་ཡོད་པའི་དམག་སྡེ་ཅིག་འབདཝ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་འདི་ མངོན་མཐོའི་དམག་སྤྱི་ཨིན། དེ་ལས་ སྐུ་སྲུང་དམག་སྡེའི་འགོ་འཛིན་འདི་ མདོ་འཛིན་པདྨ་རྡོ་རྗེ་ཨིན། སྐུ་སྲུང་དམག་སྡེ་ནང་དམག་མིའི་གྱངས་ཁ སྟོང་ཕྲག་གཅིག་དེམ་ཅིག་ཡོདཔ་དང་ དྲག་ཁག་གསུམ་གྱི་དམག་སྡེ་ནང་ལས་ སྐུ་སྲུང་དམག་སྡེ་འདི་ དྲག་ཤོས་ཅིག་ཨིན། དམག་མི་ཚུ་ག་ར་ དེང་སང་དམག་ཆས་ལག་ལེན་འཐབ་ཤེསཔ་དང་ དྲག་གནོན་དབང་བཙོང་གདོང་ལེན་འབད་ནིའི་ནང་ སྦྱོང་བརྡར་ལེགས་ཤོམ་སྦེ་འབད་ཡོདཔ་ཨིན།

སྐུ་སྲུང་དམག་སྡེའི་མདོ་འཛིན་དང་པ་དེ་ མདོ་འཛིན་དོན་གྲུབ་ཚེ་རིང་ཨིན། མདོ་འཛིན་དོན་གྲུབ་ཚེ་རིང་དེ་སྤྱི་ལོ་ ༡༩༧༡ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༢ ལུ་ རྒྱ་གར་དམག་སྦྱོང་ལྟེ་བ་ལས་ སྦྱོང་བརྡར་འབད་དེ་ སྤྱི་ལོ་ ༡༩༧༣ ལུ་ སྐུ་སྲུང་དམག་སྡེ་ནང་འཛུལ་ཞུགས་མ་འབད་བའི་ཧེ་མ་ བྱང་ཕྱོགས་ཀྱི་ས་མཚམས་སྲུང་ནིའི་ནང་ཕྱག་ཞུ་ནུག། ཁོ་གིས་སྐུ་སྲུང་དམག་སྡེའི་དམག་སྲིད་འོགམ་སྦེ་སྤྱི་ལོ་ ༡༩༨༨ ལུ་སྐུ་སྲུང་དམག་སྡེའི་འགོ་འཛིན་སྦེ་ཕྱག་འགན་བཞེས་ཡོདཔ་དང་ སྐུ་སྲུང་དམག་སྡེ་ནང་ལོ་ངོ་ ༤༤ ཕྱག་ཞུ་ནུག། ཕྱག་ཞུ་བའི་རིང་ལུ་ སྤྱི་ལོ་ ༡༩༩༠ དང་ ༢༠༠༣ ལུ་ངོ་ལོགཔ་ཚུ་གདོང་ལེན་འབད་ནིའི་ནང་ འགན་འབག་སྟེ་ཕྱག་ཞུ་མི་ཅིག་ཨིན་མས། མདོ་འཛིན་མཆོག་རྩ་བ་གསུམ་ལུ་ ཕྱག་ཞུ་མི་གལ་ཅན་ཅིག་འབདཝ་ལས་ མི་དབང་མཆོག་ལས་ དྲག་པོའི་ཐུགས་སྲས་དང་ དྲག་པོའི་དབང་རྒྱལ་གྱི་གཟེངས་བསྟོད་ཀྱི་རྟགས་མ་ཞུ་ཡོདཔ་ཨིན།

སྐུ་སྲུང་དམག་སྡེའི་འགན་ཁུར་འདི་མི་དབང་མཆོག་དང་ སྐུ་འཁོར་དེ་ལས་ཆེས་མཐོའི་མི་ངོམ་ཚུ་ཕྱག་ཞུ་སྟེ་ སྲུང་སྐྱོབ་འབད་ནི་འདི་ཨིན། སྐུ་སྲུང་དམག་མི་ཚུ་གིས་ སྤྱི་ལོ་ ༢༠༠༣ ལུ་ལྷོ་ཕྱོགས་ས་གནས་ཚུ་ནང་ གཡིབ་དམག་ཚུ་སྒར་བཅག་སྡོད་དེ་ རྒྱལ་ཁབ་ཀྱི་རང་དབང་མེདཔ་བཟོ་ནི་འབདཝ་ད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་བཀའ་རྒྱ་ལྟར་ གདོང་ལེན་འབད་བར་དམག་མི་ཚུ་དང་གཅིག་ཁར་ གཡིབ་དམག་ཚུ་བདའ་གཏང་ནིའི་ཞབས་ཏོག་ཞུ་ཡོདཔ་ཨིན།

རྒྱབ་རྟེན།

Former Commandant. (n.d.). Retrieved from Wikipedia: https://en.m.wikipedia.org

Royal Bodyguard of Bhutan. (n.d.). Retrieved from Wikipedia: https://en.m.wikipedia.org