སྒོ་ཊེ་མ་ལ

སའི་རྒྱ་ཚད་དང་ཆགས་ཡུལ། གྷོ་ཊ་མ་ལ་འདི་ དབུས་ཨ་མེ་རི་ཀ་ལུ་ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ བྱང་དང་ནུབ་ལུ་ མེཀ་སི་ཀོ་དང་ ཤར་ལུ་ བྷེ་ལིཛ་ ཤར་ལྷོ་ལུ་ ཧཱན་ཌུ་རཱསི་ དེ་ལས་ ལྷོ་ལུ་ ཨེལ་སཱལ་ཝ་ཌོ་ཚུ་གིས་མཐའ་བསྐོར་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་༡༠༨,༨༨༩ དེ་ཅིག་ཡོདཔ་ལས་ དབུས་ཨ་མེ་རི་ཀ་གི་རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན། གྷོ་ཊ་མ་ལ་འདི་ མངའ་སྡེ་༢༢ ལུ་དབྱེ་སྟེ་ཡོདཔ་ཨིན། གྷོ་ཊ་མ་ལ་གི་རྒྱལ་ས་ཨིན་མི་ གྷོ་ཊ་མ་ལ་སི་ཊི་འདི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཡང་ ཁྲོམ་འདི་ཨིན།
ས་ཆའི་གནས་སྟངས་ཀྱི་ཐད་ལུ་ གྷོ་ཊ་མ་ལ་འདི་ ལ་དང་མེ་རིའི་རི་ རྒྱ་མཚོ་མཐའ་མའི་ཐང་དང་ ཆར་ལྡན་ནགས་ཚལ་སྟུག་དྲགས་ ལ་སོགས་པའི་ ས་ཆའི་གནས་སྟངས་མ་འདྲཝ་ཚུ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ པེ་སི་ཕིག་རིང་ཨོཕ་ཕཱ་ཡཱར་གྱི་གྲངས་སུ་ཚུདཔ་ཨིནམ་དང་ དེ་ནང་ ཕུའུ་གོ་དང་ པཱ་ཀཱ་ཡ་ དེ་ལས་ ཨ་ཊི་ཊི་ལཱན་ཚུ་བརྩིས་ཏེ་ མེ་རི་ལེ་ཤ་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདིའི་གནམ་གཤིས་འདི་ སའི་མཐོ་ཚད་དང་འཁྲིལ་ཏེ་ གནམ་གཤིས་ཡང་སོ་སོ་སྦེ་ཡོདཔ་དང་ ས་ཁ་དམའ་ས་ལུ་ ཚ་དྲོད་རན་ཏོག་ཏོ་དང་ ས་ཁ་མཐོ་ས་ལུ་ བསིལ་དྲགས་སྦེ་ཡོདཔ་ཨིན། སྤྱིར་བཏང་ལུ་ སྤྱི་ཟླ་༥ པ་ལས་ སྤྱི་ཟླ་༡༠ པ་ཚུན་ ཆར་ཆུ་འབབ་པའི་དུས་ཚོད་ཨིནམ་དང་ སྤྱི་ཟླ་༡༡ པ་ལས་ སྤྱི་ཟླ་༤ པ་ཚུན་ སྐམ་ཀྲོག་ཀྲོ་སྦེ་སྡོད་པའི་དུས་ཚོད་ཨིན།

མི་རློབས་དང་མི་རིགས།
གྷོ་ཊ་མ་ལ་ལུ་ མི་རློབས་ས་ཡ་༡༨ དེ་ཅིག་ཡོདཔ་དང་ རྒྱལ་ཁབ་འདི་ནང་ མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ཨིན། མི་རློབས་མང་ཤོས་ཅིག་རང་ དུས་ཐོག་མ་ལས་ར་ རྒྱལ་ཁབ་འདི་ནང་བྱུང་པའི་མི་རིགས་ཨིནམ་སྦེ་ངོས་འཛིན་འབདཝ་ཨིན། དེ་ཡང་ མི་རློབས་བརྒྱ་ཆ་༤༠ དེ་ཅིག་ མ་ཡཱ་ཟེར་མི་ རྒྱལ་ཁབ་འདི་ནང་གི་མི་རིགས་འདི་ཨིནམ་དང་ མི་རིགས་འདིའི་ནང་གསེས་དབྱེ་བ་ ཀྱེ་ཆེ་དང་ ཀཾ་ཆི་ཀེལ་ ལ་སོགས་པའི་སྡེ་ཚན་མ་འདྲཝ་ཚུ་ཡོདཔ་ཨིན། སྡེ་ཚན་འདི་ཚུ་ལུ་ རང་རང་སོ་སོའི་ཁ་སྐད་དང་ལམ་སྲོལ་ཡང་ མ་འདྲཝ་སྦེ་ཡོདཔ་ཨིན།
ལྷག་ལུས་མི་རློབས་ལས་ མི་རློབས་བརྒྱ་ཆ་༦༠ དེ་ཅིག་ ཡུ་རོ་པི་ཡཱན་གྱི་མི་རིགས་དང་ རྒྱལ་ཁབ་འདིའི་མི་རིགས་གཉིས་སླ་བསྲེ་རྐྱབ་པའི་ མེསི་ཊི་ཟཱོ་ཟེར་བའི་མི་རིགས་འདི་ཨིན། དོ་རུང་ ཀེ་རི་བི་ཡཱན་རྒྱ་མཚོའི་མཐའ་མ་ལས་ཕར་སྡོད་མི་ ཨཕ་རི་ཀའི་མི་རིགས་ཡང་ཡོདཔ་དང་ ཡུ་རོ་པི་ཡཱན་གྱི་མི་རིགས་ཡང་ སྡེ་ཚན་ཆུང་ཀུ་རེ་ཡོདཔ་ཨིན། རྒྱལ་ཁབ་འདིའི་གཞུང་འབྲེལ་གྱི་སྐད་ཡིག་འདི་ ཨིས་པེ་ནིཤ་ཨིན་རུང་ རྒྱལ་ཁབ་ནང་འཁོད་ལུ་ མ་ཡཱན་གྱི་ཁ་སྐད་མ་འདྲཝ་༢༠ ལྷགཔ་ཅིག་སླབ་དོ་ཡོདཔ་ཨིན། འདི་གིས་ རྒྱལ་ཁབ་འདི་ནང་ ལམ་སྲོལ་སྣ་ཚོགསསྦེ་ཡོད་པའི་ བརྡ་སྟོནམ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
གྷོ་ཊ་མ་ལ་འདི་ སྲིད་འཛིན་གྱི་ལམ་ལུགས་ཡོད་པའི་ དམངས་གཙོའི་མི་སེར་གྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁམས་དང་ གཞུང་གཉིས་ཆ་རའི་དབུ་ཁྲིད་ཨིན་མི་ སྲིད་འཛིན་འདི་ ལོ་༤ གི་གནས་ཡུན་གྱི་དོན་ལུ་ བཙག་འཐུ་འབདཝ་ཨིན། རྒྱལ་ཁབ་འདི་གི་སྲིད་དོན་ལམ་ལུགས་ཀྱི་ཐད་ཁར་ སྲིད་ཚོགས་སྣ་མང་སྦེ་ཡོད་པའི་ལམ་ལུགས་འདི་ཨིནམ་དང་ སྲིད་འཛིན་འདི་ མང་མོས་ཚོགས་རྒྱན་གྱི་ཐོག་ལས་ བཙག་འཐུ་འབད་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ ཁྲིམས་བཟོའི་ལྷན་སྡེ་འདི་ཡང་ ཚོགས་ཁང་གཅིག་རྐྱངམ་གཅིག་ཡོད་པའི་ལམ་ལུགས་འདི་ཨིནམ་དང་ ཚོགས་ཁང་འདི་ནང་ འཐུས་མི་༡༦༠ ཡོདཔ་ཨིན། འཐུས་མི་འདི་ཚུ་ཡང་ ལོ་༤ གི་གནས་ཡུན་གྱི་དོན་ལུ་ བཙག་འཐུ་འབདཝ་ཨིན།
གྷོ་ཊ་མ་ལ་གི་དྲང་ཁྲིམས་ལྷན་སྡེ་འདི་ནང་ རྩ་ཁྲིམས་ཅན་གྱི་ཁྲིམས་འདུན་ཡང་ཚུད་དོ་ཡོདཔ་དང་ ཁྲིམས་འདུན་འདི་གིས་ རྩ་ཁྲིམས་ཆེན་མོ་དོན་འགྲེལ་འབད་ནིའི་འགན་ཁུར་འབག་དོ་ཡོདཔ་ཨིན། ལོ་ངོ་༣༦ གི་རིང་ལུ་ འགྲོ་བ་མིའི་ཐོབ་དབང་ལུ་ གནོད་སྐྱོན་སྦོམ་སྦེ་རང་བྱུང་མི་ གྷོ་ཊ་མ་ལཱན་གྱི་ནང་འཁྲུག་འདི་ སྤྱི་ལོ་༡༩༩༦ ལུ་ མཇུག་བསྡུ་བའི་ཤུལ་ལས་ རྒྱལ་ཁབ་ཀྱི་སྲིད་དོན་ལམ་ལུགས་འདི་ འགྱུར་བ་སྦོམ་སྦེ་རང་སོང་སྟེ་ཡོདཔ་ཨིན། ཨིན་རུང་ ད་རེས་ནངས་པའི་བར་ན་ཡང་ རྒྱལ་ཁབ་ནང་ སྲིད་དོན་ལམ་ལུགས་བརྟན་ཏོག་ཏོ་གཅིག་མེད་མི་དང་ ངན་ལྷད་ ཉེན་འཆར་གྱི་བྱ་ངན་ དེ་ལས་ མི་སྡེ་འདྲ་མཉམ་མེད་པའི་དཀའ་ངལ་ཚུ་ འཕྲོ་མཐུད་དེ་རང་ འབྱུང་དོ་ཡོདཔ་ཨིན་པས།
ལམ་སྲོལ་དང་ཆོས་ལུགས།
རྒྱལ་ཁབ་འདི་ སྔོན་མ་ ཨིས་པེན་གྱིས་དབང་ཡོད་པའི་རྒྱལ་ཁབ་གཅིག་འབད་ནི་འདི་གིས་ ཁོང་གི་ལམ་སྲོལ་ཡང་ མ་ཡཱ་གི་ལམ་སྲོལ་དང་ ཨིས་པེ་ནིཤ་གི་ལམ་སྲོལ་གཉིས་ཀྱིས་དབང་སྟེ་ཡོདཔ་ཨིན། མ་ཡཱ་གི་སྲོལ་རྒྱུན་འདི་ རྒྱལ་ཁབ་ཀྱི་སྒྱུ་རྩལ་དང་ སྙན་ཆ་ བགོ་ལ་ དེ་ལས་ དུས་སྟོན་ཚུ་ནང་ མཐོང་གསལ་བྱུང་དོ་ཡོདཔ་ཨིན། དེ་ལས་ རང་ལུགས་མ་ཡཱ་གི་ཐགས་རིགས་ཚུ་ ལམ་སྲོལ་གྱི་རྟགས་མཚན་ཁག་ཆེ་ཤོས་ཅིག་ཨིནམ་དང་ མ་ཡཱ་གི་ཆོ་ག་དང་མཛད་སྒོ་ཚུ་ ད་ལྟོའི་བར་ན་ཡང་ ཡོངས་གྲགས་སྦེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན།
གྷོ་ཊ་མ་ལ་གི་མི་ཚུ་གིས་ ཆོས་ལུགས་མ་འདྲཝ་ཚུ་བསྟེན་དོ་ཡོདཔ་ཨིན། དེ་ཡང་ མི་རློབས་བརྒྱ་ཆ་༥༠ དེ་ཅིག་ རོ་མཱན་ཀེ་ཐོ་ལིག་གི་ཡེ་ཤུའི་ཆོས་ལུགས་འབད་མི་ཨིནམ་དང་ བརྒྱ་ཆ་༤༠ དེ་ཅིག་གིས་ པྲོ་ཊེས་ཊེན་ཊི་ཟཱམ་གྱི་ཡེ་ཤུའི་ཆོས་ལུགས་འཛིན་དོ་ཡོདཔ་ཨིན། འདས་པའི་ལོ་ཚུ་ནང་ ཨི་ཝཱན་ཇི་ལི་ཀཱལ་པྲོ་ཊེས་ཊེན་ཊི་ཟཱམ་གྱི་ཡེ་ཤུའི་ཆོས་ལུགས་འདི་ཡང་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན། མ་ཡཱ་གི་ཆོས་ལུགས་འདི་ གྲོང་གསེབ་ཀྱི་ས་སྒོ་ཚུ་ནང་ཡོངས་གྲགས་འགྱོ་སྟེ་ཡོདཔ་དང་ མང་ཤོས་ཅིག་ར་ ཀེ་ཐོ་ལིག་གི་ལམ་སྲོལ་དང་གཅིག་ཁར་ སླ་བསྲེ་རྐྱབ་སྟེ་འོང་དོ་ཡོདཔ་ཨིན།
དེ་ལས་ གྷོ་ཊ་མ་ལ་འདི་ ཆོས་ལུགས་ཀྱི་དུས་སྟོན་ཁག་ཆེ་ཤོས་ཅིག་ཨིན་མི་ ཨེན་ཊི་གུ་ཝ་དང་ སེ་མ་ན་སཱན་ཊ་ ལ་སོགས་པའི་ ཚོས་གཞི་སྣ་ཚོགས་ཀྱི་དུས་སྟོན་ཚུ་ལུ་ ཡོངས་གྲགས་ཡོདཔ་ཨིན། དེ་མ་ཚད་ མ་སྲོལ་གྱི་ལས་རིམ་གལ་ཅན་གཞན་ མ་ཡཱ་གི་ལོ་གསར་དང་ ལོ་བསྟར་གྱི་ ལ་ཕེ་རི་ཡ་ཌི་ཇོ་ཀོ་ཊེ་ནཱང་གོ་ཟེར་མི་དུས་སྟོན་ཚུ་ཡང་ བརྩི་སྲུང་འབད་དོ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
གྷོ་ཊ་མ་ལ་འདི་ དབུས་ཕྱོགས་ཨ་མི་རི་ཀ་གི་ དཔལ་འབྱོར་སྦོམ་ཤོས་ཨིནམ་དང་ དེ་ཡང་ གཙོ་བོ་ སོ་ནམ་དང་ བཟོ་གྲྭ་ དེ་ལས་ ཞབས་ཏོག་ཚུ་ལུ་གཞི་རྟེན་པའི་དཔལ་འབྱོར་གཅིག་ཨིན། སོ་ནམ་ལས་སྡེ་འདི་ དཔལ་འབྱོར་གྱི་ལས་སྡེ་གཙོ་བོ་ཅིག་སྦེ་བརྩི་དོ་ཡོདཔ་དང་ རྒྱལ་ཁབ་འདིའི་ཕྱིར་ཚོང་གཙོ་བོ་རང་ ཀཱ་ཕི་དང་ གུ་རམ་ ངང་ལག་ དེ་ལས་ ཚོད་བསྲེ་ཚུ་ཨིན། གྷོ་ཊ་མ་ལ་འདི་ འཛམ་གླིང་ནང་ ཀཱ་ཕི་ཐོན་སྐྱེད་འབད་མི་ རྒྱལ་ཁབ་གཙོ་བོ་ཅིག་ཨིནམ་ལས་ ཀཱ་ཕི་འདི་ རྒྱལ་ཁབ་འདིའི་དཔལ་འབྱོར་ལུ་ གལ་ཅན་ཅིག་སྦེ་བརྩི་དོ་ཡོདཔ་ཨིན།
འདས་པའི་ལོ་ཚུ་ནང་ ལྟ་བཤལ་ལས་སྡེ་འདི་ཡང་ རྒྱལ་ཁབ་འདི་གི་དཔལ་འབྱོར་ལུ་ཁག་ཆེ་བའི་ ལས་སྡེ་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན། དེ་ཡང་ ལྟ་བཤལ་པ་ཚུ་ རྒྱལ་ཁབ་འདི་ནང་ཡོད་པའི་ སྔོན་མའི་ མ་ཡཱན་གྱི་གྱང་ཁོག་དང་ སྔོན་མ་ ཨིས་པེ་ནིཤ་གི་དབང་འོག་ལུ་སྡོད་པའི་སྐབས་ཆགས་ཡོད་པའི་ཁྲོམ་ཚོགས་ དེ་ལས་ རང་བཞིན་གྱི་ས་ཆའི་གནས་སྟངས་ཚུ་ བལྟ་བར་འོང་དོ་ཡོདཔ་ཨིན། ལྟ་བཤལ་པ་ཚུ་ལྟ་སྐོར་འགྱོ་སའི་ས་གནས་ཡོངས་གྲགས་ཅན་ཚུ་ཡང་ སྔོན་མའི་མ་ཡཱ་གི་ཁྲོམ་ཚོགས་ ཏི་ཀཱལ་ཟེར་མི་འདི་དང་ དབང་འོག་གི་སྐབས་ལུ་ཆགས་ཡོད་པའི་ཁྲོམ་ཚོགས་ ཨེན་ཊི་གུ་ཝ་ དེ་ལས་ ཨ་ཊི་ཊི་ལཱན་མཚོ་ཚུ་ཨིན།
ཨིན་རུང་ དབུལ་ཕོངས་ཀྱི་དཀའ་ངལ་དང་ འདྲ་མཉམ་མེད་མི་ དེ་ལས་ ངན་ལྷད་ཚུ་ལས་བརྟེན་ རྒྱལ་ཁབ་འདིའི་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན། གྷོ་ཊ་མ་ལ་འདི་ འོང་འབབ་བར་མའི་རྒྱལ་ཁབ་ཅིག་ཨིན་རུང་ དབུལ་ཕོངས་ཀྱི་དཀའ་ངལ་ཁྱབ་ཆེཝ་སྦེ་ཡོདཔ་ལས་ མི་རློབས་མང་ཤོས་ཅིག་ དབུལ་ཕོངས་ཀྱི་ཚད་གཞི་ལས་དམའ་བའི་གནས་སྟངས་ནང་སྡོད་དོ་ཡོདཔ་ཨིན། ཕྱི་རྒྱལ་ལུ་སྡོད་མི་ གྷོ་ཊ་མ་ལ་གི་མི་ཚུ་གིས་ རྒྱལ་ཁབ་ནང་ནང་དངུལ་བཏང་མི་འདི་གིས་ཡང་ དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་རང་བྱུང་དོ་ཡོདཔ་ཨིན།

རྒྱལ་ས་ལྟེ་བ་ གྷོ་ཊ་མ་ལ་སི་ཊི།
གྷོ་ཊ་མ་ལ་སི་ཊི་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན། རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་ཡོད་པའི་གངས་རི་ཚུ་གུ་ལུ་ཆགས་ཡོད་པའི་ཁྲོམ་ཚོགས་འདི་ མཐོ་ཚད་ རྒྱ་མཚོའི་ཁ་ལས་ མི་ཊར་༡༥༠༠ དེ་ཅིག་གི་ས་ཁར་ཆགས་ཡོདཔ་ལས་ ས་དམའ་ས་ཚུ་དང་ཕྱདཔ་ད་ ཚ་དྲོད་རན་ཏོག་ཏོ་སྦེ་ཡོདཔ་ཨིན། གྷོ་ཊ་མ་ལ་སི་ཊི་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་༧༠༠ དེ་ཅིག་ཡོདཔ་དང་ ས་ཁོངས་འདི་ནང་ མི་རློབས་ས་ཡ་༣ ལྷགཔ་ཅིག་སྡོད་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་མི་རློབས་ཡོངས་བསྡོམས་ལས་ ལྔ་དཔྱ་གཅིག་དེ་ཅིག་ ཁྲོམ་འདི་ནང་སྡོད་དོ་ཡོདཔ་ཨིན། གནམ་གཤིས་འདི་ སྤྱི་ཟླ་༡༡ པ་ལས་ སྤྱི་ཟླ་༤ པ་ཚུན་ སྐམ་ཀྲོག་ཀྲོ་སྦེ་སྡོད་དོ་ཡོདཔ་དང་ སྤྱི་ཟླ་༥ པ་ལས་༡༠ པ་ཚུན་ ཆར་ཆུ་འབབ་པའི་དུས་ཚོད་ཨིན།
གྷོ་ཊ་མ་ལ་སི་ཊི་འདི་ རྒྱལ་ཁབ་ཀྱི་མི་རིགས་མ་འདྲཝ་ཚུ་སྡོད་སའི་ས་ཁོངས་ཅིག་ཨིན། མི་རློབས་མང་ཤོས་ཅིག་རང་ མེསི་ཊི་ཟཱོ་གི་རིགས་བརྒྱུད་ཨིནམ་དང་ འདི་ནང་ལས་ཡང་ མི་རློབས་མང་ཤོས་ཅིག་རང་ཀྱེ་ཆེ་དང་ ཀཾ་ཆི་ཀེལ་དེ་ལས་ མཱམ་ ལ་སོགས་པའི་ སྡེ་ཚན་ཚུ་ཡོདཔ་ཨིན། ཨིས་པེ་ནིཤ་ཁ་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིན་རུང་ ཉེ་འདབས་ཀྱི་གྲོང་གསེབ་ས་ཁོངས་ཚུ་ནང་ ཀྱེ་ཆེ་དང་ ཀུ་ཡེ་ཅིག་ ལ་སོགས་པའི་ ས་གནས་ཀྱི་ཁ་སྐད་ཚུ་ཡང་ སླབ་དོ་ཡོདཔ་ཨིན།
དཔལ་འབྱོར་གྱི་ཐད་ཁར་ རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་དོན་ལུ་ གྷོ་ཊ་མ་ལ་སི་ཊི་འདི་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ཁྲོམ་སྡེ་འདི་གིས་ ཚོང་འབྲེལ་དང་བཟོ་གྲྭ་ དེ་ལས་ ཞབས་ཏོག་ལས་སྡེ་ཚུ་ལུ་ གཙོ་བོ་བཟུང་དོ་ཡོདཔ་ཨིན། ཁྲོམ་འདི་ནང་ དངུལ་ཁང་དང་ ཚོང་འབྲེལ་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་ ལ་སོགས་པའི་ དངུལ་འབྲེལ་ལས་སྡེ་ཚུ་ ཡར་རྒྱས་འགྱོ་བའི་བསྒང་ར་ཡོདཔ་ཨིན། པེ་སི་ཕིག་མཚོ་འགྲམ་ལུ་ཡོད་པའི་ པུའུ་ཊོ་ཀུའེ་ཛལ་གྱི་ གྲུ་ཆགས་ས་འདི་གིས་ རྒྱལ་སྤྱིའི་ཚོང་འབྲེལ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་དང་ ཀཱ་ཕི་དང་ ངང་ལག་ དེ་ལས་ གུ་རམ་ ལ་སོགས་པའི་ཕྱིར་ཚོང་ཚུ་ ས་གནས་འདི་ནང་ལས་འབད་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ཁག་ཆེ་བའི་ཁྲོམ་གཅིག་ཨིན་རུང་ གྷོ་ཊ་མ་ལ་སི་ཊི་ལུ་ དབུལ་ཕོངས་དང་འོང་འབབ་འདྲ་མཉམ་མེད་པའི་གདོང་ལེན་བྱུང་དོ་ཡོདཔ་ཨིན། ཁྲོམ་འདི་ ཡར་རྒྱས་མགྱོགས་དྲགས་སྦེ་འགྱོ་མི་དང་བསྟུན་ མི་རློབས་ཡང་ཡར་སེང་འགྱོ་དོ་ཡོདཔ་ལས་ སྐྱེལ་འདྲེན་དང་སྡོད་ཁྱིམ་ དེ་ལས་ མི་མང་ཞབས་ཏོག་ ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ བྱེམ་སྦོམ་སྦེ་ཕོག་དོ་ཡོདཔ་ཨིན།
ལམ་སྲོལ་གྱི་ཐད་ཁར་ གྷོ་ཊ་མ་ལ་སི་ཊི་ནང་ གློག་བརྙན་ཁང་དང་ འགྲེམས་སྟོན་ཁང་ དེ་ལས་ སྒྱུ་རྩལ་གྱི་མཐོང་སྣང་ཚུ་ལེ་ཤ་ཡོད་པའི་ མིང་གཏམ་ཡོད་པའི་ཁྲོམ་ཅིག་ཨིན། དེ་ཡང་ ཁྲོམ་འདི་ནང་ རྒྱལ་ཡོངས་གནའ་ཤུལ་རིག་པ་དང་མི་རིགས་དབྱེ་བཤད་རིག་པའི་འགྲེམས་སྟོན་ཁང་ གཞི་བཙུགས་འབད་དེ་ཡོདཔ་དང་ འགྲེམས་སྟོན་ཁང་འདི་ནང་ ཁག་ཆེ་བའི་ མ་ཡཱན་གི་ཅ་རྙིང་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ པ་ལ་ཤཱི་འོ་ནེ་ཤཱིའོ་ནཱལ་ཟེར་མི་ རྒྱལ་རབས་ཅན་གྱི་སྒྲིང་ཁྱིམ་ཡང་ ཁྲོམ་འདི་ནང་ཡོདཔ་ཨིན། སྒྲིང་ཁྱིམ་འདི་གིས་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་གྱི་ཤུལ་བཞག་ཚུ་གསལ་སྟོན་འབད་དོ་ཡོདཔ་ཨིན། དོ་རུང་ ཁྲོམ་ཚོགས་འདི་ནང་ ཁོང་ར་ ཨིས་པེན་ལས་རང་དབང་ཐོབ་པའི་དུས་སྟོན་དང་ རྒྱལ་སྤྱིའི་སྔར་ལུགས་སྙན་ཆའི་དུས་སྟོན་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། སྙན་ཆ་དང་ཞབས་ཁྲ་འདི་ གྷོ་ཊ་མ་ལ་སི་ཊི་གི་ལམ་སྲོལ་གྱི་ཆ་ཤས་གཙོ་བོ་ཅིག་སྦེ་བརྩི་དོ་ཡོདཔ་ཨིན།
གྷོ་ཊ་མ་ལ་སི་ཊི་ལུ་ ལྟ་བཤལ་ཡར་འཕར་འགྱོ་བའི་བསྒང་རང་ཡོདཔ་ཨིན། བལྟ་བཤལ་པ་མང་ཤོས་ཅིག་གིས་ སྔོན་མའི་མ་ཡཱན་ཁྲོམ་ཚོགས་ ཏི་ཀཱལ་དང་ དབང་འོག་གི་སྐབས་ལུ་ཆགས་པའི་ཁྲོམ་ཚོགས་ ཨེན་ཊི་གུ་ཝ་ ལ་སོགས་པའི་ ཉེ་འདབས་ཀྱི་མཐོང་སྣང་ཚུ་ བལྟ་ནི་གི་དོན་ལུ་ གྷོ་ཊ་མ་ལ་སི་ཊི་བརྒྱུད་དེ་འགྱོ་དོ་ཡོདཔ་ཨིན་པས། ཨིན་རུང་ གཞན་མི་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཚུ་དང་ཕྱདཔ་ད་ལུ་ གྷོ་ཊ་མ་ལ་སི་ཊི་ལུ་ ལྟ་བཤལ་གྱི་མཐུན་རྐྱེན་ཚུ་ གོང་འཕེལ་མ་འགྱོ་བར་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- CIA World Factbook. (2023). Guatemala. Central Intelligence Agency. Retrieved from https://www.cia.gov/the-world-factbook/countries/guatemala/
- Guatemala Government. (2023). Official Government Website. Retrieved from http://www.guatemala.gob.gt
- National Geographic. (2023). Geography of Guatemala. National Geographic Society. Retrieved from https://www.nationalgeographic.com
- Climate Data. (2023). Climate of Guatemala. Climate-Data.org. Retrieved from https://en.climate-data.org/america/guatemala-240/
- World Bank. (2023). Guatemala Population. Retrieved from https://data.worldbank.org/country/guatemala
- Guatemala National Statistics Institute. (2023). Population and Ethnicity Data. Retrieved from https://www.ine.gob.gt
- Ethnologue. (2023). Languages of Guatemala. Retrieved from https://www.ethnologue.com/country/GT
- BBC News. (2023). Guatemala: History of the Civil War. BBC News. Retrieved from https://www.bbc.com/news/world-latin-america-20234635
- Cultural Survival. (2023). Indigenous Culture in Guatemala. Retrieved from https://www.culturalsurvival.org
- Pew Research Center. (2023). Religious Landscape of Guatemala. Retrieved from https://www.pewresearch.org
- Cultural Events of Guatemala. (2023). Festivals in Guatemala. Retrieved from https://www.guatemalatravel.com
- Guatemala Tourism Institute. (2023). Guatemala Tourism Overview. Retrieved from https://www.visitguatemala.com
- OECD. (2023). Economic Report: Guatemala. Organization for Economic Cooperation and Development. Retrieved from https://www.oecd.org
- Guatemala Tourism Board. (2023). Tourism Attractions in Guatemala City. Retrieved from https://www.visitguatemala.com