སྒོ་རི་ན་ཀུན་སྣང་འོད་གསལ་ལྷ་ཁང་།།
སོ་རི་ན་ཀུན་སྣང་འོག་གསལ་ལྷ་ཁང་ཆགས་རབས།
༉ སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེ་གིས་ཞབས་ཀྱིས་བཅགས་ཏེ་ ས་ རྡོ་ རི་ བྲག་ ག་ར་གནས་སྦེ་ བྱིན་གྱིས་བརླབས་གནངམ་མ་ཚད་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ས་གནས་མཐའ་དབུས་མེདཔ་ལུ་ དཔལ་ལྡན་འབྲུག་པ་དཀར་བརྒྱུད་པའི་ཆོས་རྒྱུན་སྤེལ་གནང་སྟེ་ མི་མང་བློ་སེམས་དམ་པའི་ཆོས་ལུ་བསྐུལ་གནང་ནུག། རྩ་ཆེན་གྱི་གནས་ སྒོ་རི་ན་ཀུན་སྣང་འོད་གསལ་ལྷ་ཁང་འདི་སྤ་རོ་ལས་ནུབ་ཕྱོགས་ཁ་ཐུག་རྒྱ་མཚོ་ལས་མཐོ་ཚད་མི་ཊར་༣༠༠༠་དེམ་ཅིག་ག་ས་ཁར་ སྟོང་ཚང་ཅིག་གི་སྦུག་ལུ་མཐོང་གསལ་ཆེ་བའི་སྤང་ཅུང་དགའ་ཏོག་ཏོ་ཅིག་ན་ལུ་ཆགས་ཏེ་འདུག དགོན་པ་དེ་ལྷམོ་ཚེ་རིང་མཆེད་ལྔའི་གནས་ཁང་ཅིག་འབད་ཡང་ངོས་འཛིན་འབད་དེ་ཡོདཔ་ལས་མི་མང་གི་ཡང་དད་པ་དང་ཡིད་ཆེ་ལོག་སུ་ཅིག་སྦེ་རང་སྐྱེད་སྟེ་མཇལ་བ་འགྱོ་དོ་ཡོདཔ་ཨིན་མས། ཚེ་རིང་མཆེད་ལྔ་ ཧེ་མ་རྗེ་ཙུན་མི་ལ་རེ་པ་མཆོག་གི་ མི་མ་ཡིན་པའི་སློབ་མ་ཅིག་དང་ སངས་རྒྱས་ཞལ་བཞུགས་སྐབས་ མི་བསད་མི་ཅིག་ཨིན་དེ་འབད་རུང་ བློ་སེམས་ཆོས་ལུ་འགྱུར་ཏེ་ སངས་རྒྱས་ཀྱིས་སློབ་མའི་གྲངས་སུ་བཞུགས་ནུག[༡]
རྗེ་མཁན་ཁྲི་རབས་༢༥ པ་ ཡོངས་གྲགས་ལུ་སྒོ་རི་རྗེ་ཟེར་ཞུ་མི་ རྗེ་ཤེས་རབ་རྒྱལ་མཚན་མཆོག ༼༡༨༣༦་ལས་༡༨༣༩་ཚུན༽་གིས་ སྤ་རོ་གཟར་ཆེན་ཁའི་རི་མགོ་ལུ་ གདན་ས་ཕྱག་བཏབ་གནང་སྟེ་ དགོན་པའི་མཚན་ཡང་སྒོ་རི་ན་ཀུན་སྣང་འོད་གསལ་ཟེར་བཏགས་ནུག། ལ་ལུ་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ ལྷ་ཁང་དེ་སྤྱི་ལོ་ ༡༨༢༠ ལས་བཞེངས་གནང་ནུག་ཟེར་ཨིན་མས། དེ་ལུ་བལྟ་བ་ཅིན་རྗེ་ཤེས་རབ་རྒྱལ་མཚན་ རྗེ་གི་ཁྲི་ཐོག་ལུ་མ་བྱོན་མའི་སྔ་གོང་ལས་རང་བཞེངས་གནང་གནངམ་བཟུམ་ཅིག་འདུག་ མ་གཞི་རྗེ་དགུང་ལོ་༧༧་དེམ་ཅིག་ཚུན་ཚོད་བཞུགས་ནུག དེའི་ཤུལ་མ་ རྗེ་ཤེས་རབ་རྒྱལ་མཚན་གྱི་སློབ་མའི་གཙོ་བོ་ ཐུགས་སྤྲུལ་༤ པ་ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་གིས་ ལྷ་ཁང་རྒྱ་བསྐྱེད་གནང་མའི་མ་ཚད་ ནང་རྟེན་རྒྱུ་གསེར་དངུལ་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་དང་ གསེར་ཟངས་ལས་གྲུབ་པའི་རྟེན་གྱི་བཞུགས་ཁང་དང་ རིན་ཐང་ཅན་གྱི་མཆོད་ཆས་མཁོ་སྒྲུབ་གནང་ཡོདཔ་ལས་ དགོན་སྡེ་འདི་ནང་ མངའ་ཐང་དར་ཞིང་རྒྱས་ཏེ་ བླ་མའི་གྲྭཔ་ཚུ་ཡང་ བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལུ་བཀོད་གནང་ནུག།[༡]
སྒོ་རི་ན་ཀུན་སྣང་འོད་གསལ་ལྷ་ཁང་གི་སྟེང་ཐོག་ལུ་ རྟེན་གྱི་གཙོ་བོ་སངས་རྒྱས་འོད་དཔག་མེད་ཀྱིས་གཙོས་པའི་ རྟེན་གསུམ་ཁྱད་པར་ཅན་མང་རབས་ཅིག་བཞུགས་ཏེ་ཡོད་པའི་ཁར་ ཞབས་དྲུང་འཇིགས་མེད་ནོར་བུ་ སྐུ་དངོས་སུ་བཞུགས་ཡོཔ་དང་ཁྱད་པར་མེདཔ་སྦེ་ བཞུགས་ཁྲི་རྐྱབ་སྟེ་ཡོདཔ་མ་ཚད་ གཟིམ་ཅུང་ནང་བཞུགས་གདན་དང་ སྐུ་ཧང་གི་རིམ་པ་བསྒྲིགས་དེ་ཡོད་མི་དེ་གུ་ལས་ བྱིན་རླབས་ཞུ་ཚུགས་པ་ཅིན་ གདོན་བགེགས་ཀྱི་བརླགས་ཁེལ་མི་ཚུགས་པའི་ནུས་མཐུ་ཡོདཔ་མ་ཚད་ ངན་སོང་ལས་གྲོལ་བའི་ཡིད་ཆེས་བསྐྱེདཔ་ཨིན་པས། ཞབས་དྲུང་འཇིགས་མེད་ནོར་བུ་མཆོག་དགུང་ལོ་ ༣༣ དེམ་ཅིག་ལས་གཤགས་སོང་ནུག པུར་སྦང་ཡང་ལྷ་ཁང་གི་ཟུར་ཁ་ལུ་ད་ལྟོ་མཆོད་རྟེན་ཡོད་སར་ལུ་མཛད་ནུག[༡]
ཨིན་རུང་བར་སྐབས་ཅིག་ལས་ དགོན་སྡེ་ཉམས་ཆག་ཤོར་ཏེ་འབད་རུང་ སྤྱི་ལོ་༢༠༠༡ ལུ་ རྡོར་སློབ་སྐུ་བགྲེས་ངག་དབང་བསྟན་འཛིན་མཆོག་གིས་འགོ་འདྲེན་མཛད་དེ་ གཞུང་གིས་ དགེ་འདུན་སློབ་གྲྭ་འགོ་དང་པ་གཞི་བཙུགས་གནང་ཞིནམ་ལས་ཚུར་ ད་རིས་ནངས་པ་ དཔལ་ལྡན་འབྲུག་པའི་བསྟན་པ་དར་ཞིང་རྒྱས་ཏེ་ཡོདཔ་ཨིན་པས།