Jump to content

སྒྲོལ་ཆོག་བསྡུས་པ་དོན་གཉིས་ལྷུན་གྲུབ་མ།

Wikipedia ལས།

༄༅། །སྒྲོལ་ཆོག་བསྡུས་པ་དོན་གཉིས་ལྷུན་གྲུབ་མ་བཞུགས་སོ།།


༄༅། །ན་མོ་ཨརྱ་ཏཱ་རེ་ཡ། ཞེས་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ནས། འདིར་སྒྲོལ་མ་འབུམ་ཐེར་སོགས་ལ་ཉེ་བར་མཁོ་བ་སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་སྒྲོལ་ལྗང་གི་རྒྱུན་ཁྱེར་མདོར་བསྡུས་སུ་དགོད་པ་ལ་ཐོག་མར་སྐྱབས་སེམས་སངས་རྒྱས་ཆོས་ཚོགས་མ་དང་། ཚད་མེད་བཞི་སྔོན་དུ་བཏང་ནས། མདུན་རྟེན་བསྐྱེད་པ་ནི། རང་གི་མདུན་མཁར་སྐད་ཅིག་གིས། །མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པཾ་ལས་པདྨའི་སྡོང་པོ་དང་། །ཨ་ལས་ཟླ་བའི་གདན་གྱི་སྟེང་། །ཏཱཾ་ལས་ཨུཏྤལ་སྔོན་པོ་ཡི། །ལྟེ་བར་ཧཱུྃ་ཡིག་མཚན་པ་ལས། །འོད་འཕྲོས་དོན་གཉིས་ཡོངས་གྱུར་བས། །རྗེ་བཙུན་འཕགས་མ་སྒྲོལ་མ་ནི། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་བདག་དང་བསྲུང་བྱ་ལ། །མི་འཇིགས་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་པས་དཀོན་མཆོག་གསུམ་མཚོན་གྱི། །ཕྱག་རྒྱས་ཨུཏྤལ་སྡོང་བུ་འཛིན། །མཚན་དཔེའི་ལང་ཚོ་རྒྱས་པའི་སྐུ། །མཛེས་སྡུག་འཆི་མེད་ན་ཆུང་བཞིན། །རྒྱན་དང་ལྷ་རྫས་དར་གྱིས་ཀླུབས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་སྟབས་ཀྱིས། །པད་ཟླའི་གདན་ལ་དགྱེས་བཞིན་བཞུགས། །མཐའ་བསྐོར་ཉིད་ལས་མི་གཞན་པའི། །འཁོར་ཚོགས་རྣམ་འཕྲུལ་ཉེར་གཅིག་རྣམས། །མ་འདྲེས་གསལ་བའི་གནས་གསུམ་དུ། དེ་ཉིད་གསུམ་གྱིས་མཚན་པ་དང་། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལྗང་ཁུ། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །ལྷོ་ཕྱོགས་གཡུ་ལོ་བཀོད་པའི་ཞིང་། །སེང་སྡེང་ནགས་ཀྱི་སྐྱེད་ཚལ་ནས།། འཕགས་མ་འཁོར་བཅས་སྤྱན་དྲངས་གྱུར། །པོ་ཏ་ལ་ཡི་གནས་མཆོག་སོགས་ནས། སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས། བདག་དང་འགྲོ་ལ་སོགས་ནས། པདྨ་ཀ་མ་ལ་ཡེ་ཧཱུཾ་གྱིས་གདན་ཕུལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག། ཅེས་པའི་བར་གྱིས་ཕྱག་མཆོད་ཡན་ལག་བདུན་པ་བྱ། དེ་ནས་མཎྜལ་འབུལ་བར་སྤྲོ་ན། ཞིང་ཁམས་རྒྱ་མཚོ་སོགས་ནས། འཕགས་མ་འཁོར་བཅས་མཆོད་པས་མཉེས་གྱུར་ཅིག། ། ཨོ་ཨརྱ་ཏཱ་རེ་ས་པ་རི་ཝ་ར་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་བརྗོད། དེ་ནས་ལྷ་དང་ལྷ་མིན་སོགས་སྔོན་དུ་བཏང་ནས་རྩ་བའི་སྔགས་ཀྱི་བསྟོད་པ་བྱ་སྟེ། ཨོ་རྗེ་བཙུན་མ་སོགས་ནས། ཕྱག་འཚལ་ཉེར་གཅིག་མ་གང་འོས་སྐབས་བསྟུན་གྱིས་ཐུན་གྲངས་བཟུང་། དེནས་ཐུན་བསྡུ་བའི་ཚེ། ལྷ་མོ་ལ་གུས་སོགས་ནས། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར་ཅིག །ཅེས་པའི་བར་གྱིས་ཕན་ཡོན་ལན་གཅིག་བརྗོད་པའི་མཐར། བཟློག་པ་བྱ་བ་འདོད་ན། ན་མོ༑ འཕགས་མ་སྒྲོལ་མ་འཁོར་བཅས་ལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །སྔོན་ལས་ཕྲལ་རྐྱེན་ལས་བྱུང་བའི། །གློ་བུར་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག །སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས་བཟློག །ཡས་བདུད་གཡོས་དང་མས་སྲི་ལངས། །ཕ་ཚན་རྒྱ་འདྲེ་ཐམས་ཅད་དང་། །མ་སྲུའི་བྱུར་འདྲེ་ཐམས་ཅད་བཟློག །ལོ་ཟླ་ཞག་དུས་ངན་པ་བཟློག །ཕུང་འདྲེ་ཐམས་ཅད་བཟློག་ཏུ་གསོལ། །སྲི་ལ་རྐུ་བ་བཟློག་ཏུ་གསོལ། །བྱིས་པའི་གདོན་རྣམས་ཞི་བར་མཛོད། །མི་ཁ་ཁ་མཆུ་མ་གཏོང་ཞིག། གཞན་གྱི་གཡུལ་ངོ་ཞི་བར་གྱིས། །བདག་གི་དམག་ཐབས་ལེགས་པར་མཛོད། །མྱོས་ཤིང་འཐིབས་པ་བསལ་བ་དང་། །ཉིན་གཅིག་ཉིན་གཉིས་ཉིན་གསུམ་པ། །རིམས་ནད་ཐམས་ཅད་ཞི་བར་མཛོད། །ཉམ་ང་འཚེ་བ་བཟློག་ཏུ་གསོལ། །ཡུལ་ཕྱོགས་དགེ་བར་མཛད་དུ་གསོལ། །དམ་ཆོས་རྒྱས་པར་མཛད་དུ་གསོལ། །འཐབ་རྩོད་ཞི་བར་མཛད་དུ་གསོལ། །དེ་ཡན་བཟློག་པ་ལན་གསུམ་བྱས་པའི་མཐར། ལོ་བརྒྱ་འཚོ་དང་སྟོན་བརྒྱ་མཐོང་བ་དང་། །བཀྲ་ཤིས་རི་བོ་བཞིན་དུ་བརྟན་པ་དང་། །བསོད་ནམས་ཉི་འོད་བཞིན་དུ་འབར་བར་མཛོད། །མི་ཕྱེད་མི་གཞིག་ཀུན་གྱི་དངོས་གྲུབ་སྩོལ། །ཞེས་ལན་གཅིག་བརྗོད་པའི་རྗེས་སུ། རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའི་བར་གྱིས་འདོད་དོན་གསོལ་ནས། མདུན་རྟེན་འོད་ཞུ་རང་ལ་ཐིམ། །རང་ཉིད་འཕགས་མའི་སྐུ་རུ་གྱུར། །ཅེས་རང་ཉིད་ལྷའི་ང་རྒྱལ་བཟུང་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཅི་ནུས་བཟླས་པའི་མཐར། ལྷ་དང་རང་སེམས་དབྱེར་མེད་པར། །མ་བཅོས་གཉུག་མའི་ངང་དུ་བཞག། །དེ་ནས་ལྷའི་བསལ་སྣང་བསྡུས་ཏེ་དགེ་བ་བསྔོ། རྒྱལ་བའི་དཀྱིལ་འཁོར་སོགས་ཀྱིས་སྨོན་ལམ་དང་། བདག་གིས་ཚེ་རབས་སོགས་ཀྱིས་བཀྲ་ཤིས་དང་། །དེ་ནས་མི་འགྱུར་ལྷུན་པོ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པའང་དགེ་རིན་པས་སོ།།