Jump to content

སྟང་མེ་འབར་མཚོ། Membartsho

Wikipedia ལས།

༉ གཏེར་བཏོན་པདྨ་གླིང་པ་འདི་ འཛམ་གླིང་ནང་འགྲན་ཟླ་མེད་པའི་ཨྱོན་གྱི་སློབ་དཔོན་ཆེན་པོ་ པདྨ་འབྱུང་གནས་ཀྱིས་བསླུ་མེད་རྡོ་རྗེ་ལུང་གི་བསྔགས་པ་བཞིན་ སྤྱི་ལོ་ ༡༤༥༠ ལུ་བུམ་ཐང་སྟང་ལུ་སྐུ་འཁྲུངས་ནུག། སྤྱི་ལོ་ ༡༤༧༥ གི་ལོ་ལུ་པདྨ་གླིང་པ་ཁོ་ར་སྐུ་འཁྲུངས་ཏེ་མི་ལོ་ཉི་ཤུ་རྩ་ལྔ་ལངམ་ད་ལུ་ ཁོ་ལུ་ཚར་གཅིག་འབདཝ་ད་ སྒོམ་ཆེན་གྱི་ཆ་ལུགས་འབད་མི་གཅིག་གིས་ ཤོག་དུམ་ཅིག་བྱིན་མི་འདི་ཁོ་གིས་ཧེམ་ཅུ་ནང་བཙུགས་བཞག་མི་འདི་ དཔྱད་རིག་བཏང་སྟེ་ཕྱི་ཁར་བཏོན་ཏེ་ཕྱེ་ལྟཝ་ད་ལུ་ འདི་ནང་ལུ། ལེགས་ཤོམ་སྦེ་ལྷག་ཟེར་བྲིས་བྲིསཝ་ཡོད་དོ་བཟུམ་སྦེ་ དྲནམ་བཏོན་ལྷག་ནུག། དེ་ཡང་ཁྱོད་སྟང་ཆུ་ནང་ལུ་སོང་། དེ་ཁར་ལས་ཁྱོད་ཀྱིས་གཏེར་འཐོབ་འོང་ཟེར་གསུངས་དོ་བཟུམ་སྦེ་ ནུབམོ་གཅིག་ཚེས་བཅོ་ལྔའི་ཟླཝ་གིས་མུན་པ་ཉིམ་བཟུམ་བསལ་ཡོད་པའི་སྐབས་ ཁོ་རའི་སྤུན་ཆ་ཚུ་འཁྱིད་དེ་སྟང་ཆུ་འདི་ དེ་བསྒང་ཚལ་མའི་གང་སྟེ་ཡོད་མི་ལས་བྱོན་པའི་བསྒང་ པདྨ་གླིང་པ་གིས་མི་སྐད་གོ་ཡོད་རུང་ཕར་ལྷོད་དེ་ལྟཝ་ད་ མི་ག་ཡང་མེདཔ་མ་ཚད་སྟང་ཆུ་ཡང་མ་འདྲཝ་ཅིག་སྦེ་མཐོང་ནུག། པདྨ་གླིང་པ་ཕར་སྟང་ཆུ་གི་རྡོ་སྦོམ་གུར་འཛེགས་ཞིན་ན་ སྟང་ཆུ་དེ་གི་གཏིང་ནང་ན་གཟིགས་པའི་སྐབས་ ཁོ་གིས་ཆུའི་གཤམ་ནང་ལུ་ལྷ་ཁང་སྒོ་ལེ་ཤ་ཡོད་མི་ལས་སྒོ་གཅིག་ཕྱེ་ཡོདཔ་སྦེ་གཟིགས་ནུག། པདྨ་གླིང་པ་གིས་མིག་ཏོ་བཙུམ་སྦེ་ཐེ་ཚོམ་མེད་པར་ ཚར་གཅིག་གུར་ཆུ་འདི་ནང་མཆོངས་ཏེ་རྩལ་རྐྱབ་ཞིན་ན་ བྱ་ཕུག་སྦོམ་གཅིག་གི་རྩ་བར་ལྷོདཔ་ད་ལུ་ ཨམ་མིག་ཏོ་གཅིག་དང་སོ་གཅིག་འབད་མི་དེ་གིས་ཁོ་ལུ་ གུ་རུ་རིན་པོ་གིས་ ཁོ་གི་དོན་ལུ་སྒྲོམ་གཅིག་བཞག་ཡོད་ཟེར་སླབ་དོ་བཟུམ་སྦེ་ ཁོ་གིས་མོ་ལས་སྒྲོམ་འདི་ལེནམ་ཅིག་ ཁོ་ཆུའི་གཏིང་གི་ནང་ན་ཨིནམ་ལས་ཡར་ལོག་ག་ཏེ་སྦེ་འགྱོ་ནི་ཨིན་ན་ཟེར་མནོཝ་ཅིག་ ཁོ་ཡ་མཚན་ཆེ་ཏོག་ཏོ་སྦེ་ཆུའི་མཐའ་མར་ལྷོད་དེ་ ད་ཅི་མཆོང་སའི་རྡོ་གུར་ ཨམ་མིག་ཏོ་གཅིག་དང་སོ་གཅིག་འབད་མི་ལས་འབག་མི་གི་སྒྲོམ་ལག་པར་བཤེད་དེ་ཡོདཔ་ཨིནམ་ཧ་གོ་ནུག། དེ་ལས་ཁོ་དེ་ཚེ་ནུབ་མོ་ར་ཁོ་རའི་སྤུན་ཆ་ཚུ་དང་གཅིག་ཁར་ལོག་ཁོ་རའི་གཟིམ་ཅུང་ནང་བྱོན་ནུག།

དེ་ལས་ཁོ་གི་སྟང་ཆུ་ལས་གཏེར་སྦེ་བཞེས་མི་གཏེར་སྒྲོམ་འདི་ ཁོ་རའི་གཡུས་ཁའི་མི་སེར་དང་དཔོན་ལུ་སྟོནམ་ད་ ཁོ་ལུ་ག་གིས་ཡང་ཡིད་མ་ཆེསཔ་མ་ཚད་ཁོ་ལུ་བདུད་ཟེར་སླབ་ནུག། དེ་ལས་པདྨ་གླིང་པ་གིས་ཐུགས་དགོངས་ལུ་ ད་ང་གིས་གཏེར་བཏོན་མི་ལུ་ཁོང་ག་གིས་ཡིད་མི་ཆེས་བས། དེ་འབད་ནི་དེ་གིས་ཁོང་ཚུ་ལུ་བདེན་པ་བདར་ནིའི་དོན་ལུ་ ཁོང་ང་དང་གཅིག་ཁར་ལོག་མཚོའི་མཐའ་མར་འཁྱིད་ཞིནམ་ལས་ ཁོ་གིས་དེ་ཁར་འཛོམས་མི་ཚུ་ལུ་དེ་སྦེ་གསུངས་ནུག། ད་ང་གིས་སྟང་ཆུ་འདི་ནང་ལས་ གཏེར་བཏོན་རུང་ཁྱོད་ཆ་ཁྱབ་ཀྱིས་ང་ལུ་ཡིད་ཆེས་མ་བཏུབ། གལ་སྲིད་ང་གཏེར་བཏོན་པ་ངོ་མ་ཅིག་ཨིན་པ་ཅིན་ ང་ཆུ་ནང་ལུ་དཀར་མེ་སྤར་ཏེ་མཆོང་ཞིན་ན་ལོག་དཀར་མེ་དེ་ཡང་མ་ཤི་བར་གཏེར་འབག་སྟེ་འོང་ནི་ཨིན། གལ་སྲིད་ང་བདུད་ཀྱི་སྤྲུལ་པ་ཅིག་ཨིན་པ་ཅིན་ ང་ཆུ་གིས་འབག་སྟེ་ཤི་བཅུག་ཟེར་ཐུགས་སྨོན་གནང་སྟེ་ཆུ་ནང་མཆོངས་ནུག། དེ་ལས་ཡུན་རིང་འགྱོ་རུང་པདྨ་གླིང་པ་ཆུའི་ནང་ལས་ལོག་ཡར་ཐོན་ནི་མེད་པར་ དེ་ཁར་འཛོམས་མི་ཚུ་དོགས་པ་ཟ་ནི་འགོ་བཙུགསཔ་ཅིག་ ཁོ་ཆུའི་ནང་ལས་ལགཔ་གཅིག་གིས་སྐུ་གཅིག་བཞེས་ཏེ་ གཏེར་སྒྲོམ་འདི་ཐུགས་ཁར་བསྣམས་སྦེ་ ཕྱག་གཅིག་ནང་ལུ་དཀར་མེ་མ་ཤི་བར་མེ་ལྕེ་ལྷབ་ལྷབ་སྦེ་འབར་བཞིན་པ་སྦེ་ ཚར་ཅིག་གུར་ཡར་ཐོན་ནུག། དེའི་ཚེ་དེ་ཁར་འཛོམས་མི་ མི་དང་དཔོན་ཚུ་ཡིད་ཆེས་ཏེ་ པདྨ་གླིང་པ་ལུ་ གུ་རུ་དངོས་ཀྱི་འདུ་ཤེས་བསྐྱེད་དེ་ དེ་ལས་ཕར་གཡུས་དེ་ཁའི་མི་སེར་ཚུ་ དམ་པའི་ཆོས་ལུ་ཡིད་ཆེས་དང་དད་པ་བསྐྱེད་དེ་ དམ་པའི་ཆོས་ཀྱི་བསྟན་པ་དར་ནི་འགོ་བཙུགས་ནུག། (འབྲུག་གི་ལྷན་ཐབས་བྱུང་རབས ༡༡ པ། ༢༠༢༢)།

པདྨ་གླིང་པ་གིས་གཏེར་འགོ་ཐོག་འདི་ ཀློང་གསལ་གསང་བ་སྙིང་བཅུད་ཟེར་མི་འདི་སྤྱི་ལོ་ ༡༤༧༦ ལུ་སྣ་རིང་བྲག་གི་འོག་ལུ་ཡོད་པའི་ཆུ་ལས་བཏོན་ཡོདཔ་ཨིན་མས། དེ་ལས་གུ་རུ་རིན་པོ་ཆེ་གི་གསང་ཡུམ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བཀའ་རྒྱ་ལྟར་དུ་ ཁོ་གིས་བཏོན་མི་གཏེར་ཚུ་མི་སེར་ཚུ་ལུ་ མཇལ་ཁ་གནང་སྟེ་ཡོདཔ་ཨིན། ཁོ་གི་གཏེར་ལན་ཐེངས་གཉིས་པ་འདི་ཡང་ས་གོ་འདི་ལས་ར་ མི་ལེ་ཤ་སྤུང་འཛོམས་འབད་སའི་གདོང་ཁ་ར་བཏོན་ཡོདཔ་ཨིན། དེ་ཡང་དེ་སྦེ་མཛད་དགོ་མི་འདི་ཁོ་གི་གཏེར་གྱི་བདེན་པ་བདར་ནིའི་་དོན་ལུ་ གལ་སྲིད་ང་བདུད་ཀྱི་སྤྲུལ་པ་ཨིན་པ་ཅིན་ཆུ་འདི་ནང་ར་ཤི་བཅུག། གལ་ཏེ་ང་གུ་རུ་པདྨ་བསམ་བྷ་ཝ་གི་ཐུགས་སྲས་ཨིན་པ་ཅིན་ ངེ་གི་དཀར་མེ་འདི་ཡང་མ་ཤི་བར་ལོག་གཏེར་ལེ་ཤ་འབག་སྟེ་འོང་བཅུག་ཟེར་ དམ་བཅའ་མཛད་དེ་ཆུའི་ནང་ན་མཆོངས་ནུག། ཁོ་ཆུའི་གཏིང་ནང་ལས་སངས་རྒྱས་ཀྱི་སྐུ་དང་ཐོད་པ་བསྣམས་ཏེ་ དཀར་མེ་ཡང་མ་ཤི་བར་འབར་སྦེ་ཡར་ཐོན་ནུག། གཏེར་དེ་སྦེ་མི་མང་གི་སྦུག་ལུ་བཏོན་འདི་ཁྲོམ་གཏེར་སྦེ་སླབ་ཨིན། དེ་ལས་ཚུར་ཆུ་འདི་གི་མིང་ལུ་མེ་འབར་མཚོ་ཟེར་མིང་དར་ཡོདཔ་ཨིན། (ཀརྨ་ཕུན་ཚོགས། གནམ་ལོ་མེད། སྤྱི་ལོ་ ༢༠༡༣)

པདྨ་གླིང་པ་གིས་གཏེར་བཏོན་པའི་བསྒང་ལུ་དཀར་མེ་སྤར་ཏེ་ཆུ་ནང་མཆོངས་ཏེ་ ལོག་བྱོན་པའི་སྐབས་དཀར་མེ་མ་ཤི་བར་འབར་ཡོད་ནི་དེ་གིས་ ཆུ་འདི་གི་མིང་ལུ་ཡང་ སྟང་མེ་འབར་མཚོ་ཟེར་བཏགས་གནང་སྟེ་ དེ་ལས་ཚུར་དེ་སྦེ་དར་ཁྱབ་སོང་ནུག། (ཟེན་ཧུའི་ཞན་ཧཱུང་། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)

མཚོ་འདི་འབྲུག་གི་རྒྱལ་རབས་ཀྱི་རྩོམ་མི་ མཁས་དབང་ཀརྨ་ཕུན་ཚོགས་ཀྱིས་བཤད་དོ་བཟུམ་སྦེ་ ཆོས་དང་འབྲེལ་བའི་གནས་ནང་ལུ་ཡོད་པའི་དགའ་ཉམས་དང་སྐྱིད་ཉམས་ཅན་སྦེ་ཡོདཔ་ཨིན། ས་གོ་ཚུ་ལས་རང་བཞིན་དང་ཆོས་ཀྱི་ནུས་ཤུགས་ཚུ་རང་བཞིན་གྱིས་འབབ་སྟེ་ ཆོས་ཉམས་སུ་བླངས་ནི་གི་ས་གོ་ཐོས་མཐུན་ཅན་ཅིག་སྦེ་ཡོད། ཆོས་ཉམས་སུ་བླངས་འདོད་ཅན་ཚུ་གིས་ ཁོང་རའི་ཉམས་ལེན་ལུ་མགྱོགས་དྲགས་སྦེ་ བོགས་ཐོན་ནི་དོན་ལུ་འཚོལཝ་ཨིན། དེ་ཡང་སེམས་ཆོས་སྐུར་གྲོལ་མི་ཚུ་གིས་ མཚོ་གི་གཤམ་ལུ་ལྷ་ཁང་མཇལ་ཚུགས་ཟེར་སླབ་སྲོལ་འདུག། གཏེར་ཆེན་པདྨ་གླིང་པ་གིས་ མེ་འབར་མཚོ་གི་མཐའ་མར་མ་འོངས་པ་ནང་ལུ་ ཨམ་སྲུ་ཚུ་ཤེས་ཡོན་སྦྱང་སའི་ལྟེ་བ་སྦོམ་ཅིག་ཆགས་འོང་ཟེར་ ལུང་བསྟན་གནང་ཡོདཔ་བཞིན་དུ་ པད་གླིང་གི་སྐུའི་སྤྲུལ་པ་སྒང་སྟེང་སྤྲུལ་སྐུ་རིན་པོ་སྐུ་ཕྲེང་དགུ་པ་མཆོག་གིས་ སྤྱི་ལོ་ ༢༠༠༠ ལུ་འབྲུག་རྒྱལ་ཁབ་ཀྱི་ཨ་ཎི་ཚུ་བཤད་གྲྭ་སྦྱང་ནི་དོན་ལུ་ འགོ་པ་གཞི་བཙུགས་མཛད་དེ་བཤད་གྲྭ་འདི་གི་མཚན་ཡང་ པདྨ་ཐེག་མཆོག་ཆོས་གླིང་ཨ་ཎིམོ་བཤད་གྲྭ་ཟེར་གསོལ་ཡོདཔ་ཨིན། ཨ་ཎིམོ་ཚུ་གིས་རི་ཀི་ཏི་གི་ཤིང་ཟམ་གྱི་སྦོ་ལོགས་ཁར་ཡོད་པའི་ས་གོ་ གཤོང་དོག་དྲགས་ཅིག་ནང་གནས་རྩ་ཅན་འདི་ནང་དཀར་མེ་ཕུལ་སའི་བང་སྒྲོམ་ཅིག་བཟོ་ཡོདཔ་ཨིན།

ས་གནས་དེ་གི་ས་གོ་ལེ་ཤ་ནང་ལུ་ཚ་ཚ་ཚུ་ལེ་ཤ་ཡོདཔ་ཨིན། ཚ་ཚ་འདི་ཚུ་ལ་ལུ་ཅིག་ནང་པའི་རྩ་ཅན་ཅ་ལ་དང་ ལ་ལུ་ཅིག་མི་གི་ཐལཝ་ཚུ་སླ་བསྲེས་ཏེ་ བཟོ་མི་ཡོདཔ་ཨིན། འ་ནཱི་གཞན་དང་མ་འདྲ་བའི་འཇིམ་བཟོ་ཚུ་ མཆོད་པ་ཅིག་སྦེ་ཕུལ་ཏེ་ དེ་གིས་དགེ་རྩ་ཚུ་གཤིན་གསོན་གཉིས་ཆ་ར་ལུ་བསྔོ་བཏུབ་ཨིན། ས་གནས་དེ་ཁར་ས་གོ་འགོ་ དོག་དྲགས་སྦེ་འགྱེལ་ཏ་རྐྱབ་སི་སི་དང་ ཆུའི་རླབས་ཤུགས་ཡང་མགྱོགས་དྲགས་སྦེ་ཉེན་ཁ་ཅན་ཅིག་ཡོདཔ་ཨིན། མེ་འབར་མཚོ་འདི་གིས་ སྤྱི་ལོ་ ༢༠༡༡ ལས་འགོ་བཙུགས་ཏེ་ད་ལྟོ་ཚུན་ཚོད་ ཕེརེནཆ་གི་ལྟ་བཤལཔ་གཅིག་དང་ཁོ་གི་ལམ་སྟོན་པ་རྩིས་ཏེ་ མི་ལྔ་ཐིམ་སྟེ་ཤི་ཡོདཔ་ཨིན། དེ་འབད་ནི་དེ་གིས་ (བསོད་ནམས་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༡༨) མེ་འབར་མཚོ་ཟེར་མི་ནང་ལུ་ གནས་དེ་ཁར་ཉ་གཟུང་ནི་དང་རྩལ་རྐྱབ་ནི་ཚུ་ རྩ་ལས་ར་འབད་ཐག་མ་ཆོགཔ་སྦེ་ཨིན་མས། མེ་འབར་མཚོ་འདི་གི་ནང་ན་གཏིང་ཚད་དང་དེའི་ནང་ན་ག་ཅི་ཡོདཔ་ཨིན་ན་ཚུ་ག་གིས་ཡང་ཧ་གོ་མ་ཚུགསཔ་སྦེ་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཀརྨ་ཕུན་ཚོགས། འབྲུག་གི་རྒྱལ་རབས། གནམ་ལོ་མེད། སྤྱི་ལོ་ ༢༠༡༣། རེན་སྒྲོམ་ཧའུསི། རྒྱ་གར།

༢. འབྲུག་གི་ལྷན་ཐབས་བྱུང་རབས་ ༡༡ པ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢། ཤེས་རིག་ལྷན་ཁག། ཐིམ་ཕུ།

༢. ཝི་ཀི་པི་ཌི་ཡ། གནམ་ལོ་མེད། སྤྱི་ལོ་མེད།

༣. བསོད་ནམས་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༡༨། མེ་འབར་མཚོ།

༤. ཟེན་ཧུའི་ཞན་ཧཱུང་། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཧ་གོ་མ་ཚུགས་པའི་འབྲུག་གི་མེ་འབར་མཚོ།