སྡོམ་གསུམ་སྨོན་ལམ་རྣམ་གྲོལ་ལམ་བཟང་།
༄༅། །སྡོམ་གསུམ་སྨོན་ལམ་རྣམ་གྲོལ་ལམ་བཟང་བཞུགས་སོ།།
༄༅། །ཨོཾ་སྭསྟི། དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དང་།། བདེན་གཉིས་ངོ་བོ་བསྟན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་ཏེ། །མཆོག་གསུམ་བདེན་མཐུས་སྨོན་པའི་མཐུན་འགྱུར་མཛོད། །བདག་སོགས་འདི་བཟུང་ཚེ་རབས་ཐམས་ཅད་དུ། །སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི། །སྡོམ་པའི་རྟེན་དུ་དལ་འབྱོར་ཀུན་ཚང་གི་ཆོས་ལྡན་མི་ལུས་གཙང་མ་ཐོབ་པར་ཤོག། །དེ་ནས་ལྔ་ཕྲུགས་ཡོན་ཏན་ཀུན་ལྡན་གྱི། །མཁན་སློབ་གཙུག་གི་ནོར་བུར་གུས་བསྟེན་ཏེ། །གཞོན་ནུ་རབ་བྱུང་ཀློག་པའི་གྲྭར་ཞུགས་ནས། །ཚངས་སྤྱོད་ངུར་སྨིག་འཛིན་པའི་དཔལ་ཐོབ་ཤོག །སྡོམ་པའི་ཞིང་སར་ངེས་འབྱུང་ཆུ་ཡིས་བརླན། །ངེས་ལེགས་ཚུལ་ཁྲིམས་གཙང་མའི་མྱུ་གུ་ལ། །སྡེ་ལྔའི་ལྟུང་བའི་སད་ཀྱིས་མ་བཅོམ་པར། །བརྟན་མཁས་ཡོན་ཏན་སྙེ་མས་མཛེས་པར་ཤོག །ལྟུང་བའི་སྒོ་བཞི་བསྡམས་ནས་གཞི་གསུམ་གྱི། །དག་བྱེད་ཆབ་ཀྱིས་བསླབ་གཞི་རིན་པོ་ཆེ། །བྱི་དོར་ཡོངས་སུ་སྦྱོང་བའི་ཆོ་ག་ཡིས། །ཚུལ་ཁྲིམས་ཕུང་པོ་དྲི་མ་མེད་པར་ཤོག །ཟས་སོགས་མཐའ་གཉིས་སྤངས་ཏེ་ལོགས་སྤྱོད་ལ། །འདོད་ཆུང་ཆོག་ཤེས་སྦྱངས་ཡོན་བཅུ་གཉིས་དང་། །ཚད་ལྡན་འཚོ་བའི་ཡོ་བྱད་བཅུ་གསུམ་གྱིས། །ཚངས་པར་སྤྱོད་པས་ཚེ་མཐར་ཕྱིན་པར་ཤོག །ལྷག་པའི་ཚུལ་ཁྲིམས་གསེར་རིའི་མུ་ཁྱུད་ཅན། །ཏིང་འཛིན་ལྷུན་པོའི་སྤོ་ལ་གནས་བཅས་ཤིང་། །ཤེས་རབ་མིག་སྟོང་ལྡན་པའི་རྣམ་འབྱེད་ཀྱིས། །བསླབ་གསུམ་འཆི་མེད་རི་བོ་ལྟར་བརྟན་ཤོག། །ཁྱད་པར་དུས་གསུམ་རྒྱལ་བའི་གཤེགས་ཤུལ་གྱི། །ལམ་བཟང་བྱང་ཆུབ་སེམས་མཆོག་སྟོན་མཁས་པའི།། མཚན་ལྡན་དགེ་བའི་བཤེས་ཀྱི་སྤྱན་སྔ་ནས། །སྨོན་འཇུག་སེམས་ཀྱི་དམ་བཅའ་ནོད་པར་ཤོག །ནག་པོའི་ཆོས་བཞིའི་སྒྲིབ་བྱེད་སྤྲིན་དང་བྲལ། །དཀར་པོའི་ཆོས་བཞི་སྟོན་མཚན་དྭངས་པ་ལ། །སྨོན་པའི་སེམས་ཀྱི་ཟླ་ཤེལ་ཆ་རྫོགས་ཏེ། །ཚད་མེད་རྣམ་བཞིའི་འོད་དཀར་འཛུམ་པར་ཤོག། །བསམ་པ་བྱང་ཆུབ་སེམས་ཀྱིས་གོ་བགོས་ནས། །མི་མཐུན་བདུད་ཀྱི་ལས་རྣམས་མཐར་བྱེད་དེ། །སྦྱོར་བ་ཕར་ཕྱིན་དྲུག་དང་ལྡན་པ་ཡིས། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པར་ཤོག། །ཡང་དག་བླངས་པ་སྡོམ་པའི་ཚུལ་ཁྲིམས་དང་། །ཕྱིན་དྲུག་ལམ་གྱིས་དགེ་ཆོས་སྡུད་པ་དང་། །བསྡུ་བ་རྣམ་བཞིས་སེམས་ཅན་དོན་བྱེད་པའི། །ཚུལ་ཁྲིམས་རྣམ་གསུམ་ཉམས་པ་མེད་པར་ཤོག། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །གཞན་གྱི་མི་འདོད་སྡུག་བསྔལ་རང་གིས་ལེན། །བདག་གི་བདེ་སྐྱིད་གཞན་ལ་གཏོང་བ་སོགས། །ཀུན་རྫོབ་བྱང་ཆུབ་སེམས་ལ་བློ་སྦྱོང་ཤོག། །སྟོང་དང་རྟེན་འབྱུང་དབྱེ་བསལ་མེད་པའི་ལམ། །དོན་དམ་བྱང་ཆུབ་སེམས་ལ་འཇུག་པ་ཡིས། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་ཁ་བསྒྱུར་ཏེ། །ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ཤོག། །དེ་ལྟར་རྒྱུ་ཡི་ཐེག་པས་རྒྱུད་སྦྱངས་ནས། །འབྲས་བུ་རིག་འཛིན་ནང་གི་སྡོམ་པ་ཡི། །དབང་རྒྱུད་མན་ངག་སྟོན་པའི་བླ་མ་མཆོག། །མི་འབྲལ་སྙིང་གི་རྒྱན་དུ་བསྟན་པར་ཤོག །བྱ་སྤྱོད་རྣལ་འབྱོར་བླ་མེད་སྨིན་བྱེད་ཆུས། །སྒོ་གསུམ་སྐྱེད་ཚལ་ལང་ཚོ་སྙེམས་པ་ལས། །དམ་ཚིག་སྡོམ་པའི་མེ་ཏོག་རྒྱ་གྲོལ་ཏེ། །གསང་ཆེན་རྒྱུད་སྡེའི་དྲི་བསུང་འཐུལ་བར་ཤོག །བུམ་དབང་སྡོམ་པས་མ་དག་ཕུང་ཁམས་ཀྱིས། །བསྡུས་པའི་ཆོས་རྣམས་ལྕགས་ལ་གསེར་བསྒྱུར་གྱིས། །ཟིན་པ་ཇི་བཞིན་རྩ་ཁམས་ལྷའི་འཁོར་ལོར། །འཆར་ཏེ་སྣང་སྟོང་ལྷ་སྐུར་དག་པར་ཤོག །གསང་དབང་སྡོམ་པས་སྒྲ་ཚིག་གིས་བསྡུད་པའི། །རླུང་རིག་དབུ་མའི་གྲོང་དུ་སོན་པ་ལས། །སྒྲ་སྐད་ཆོས་ཀྱི་འཁོར་ལོ་ཐམས་ཅད་པར། །འཆར་ཏེ་གྲགས་སྟོང་སྔགས་སུ་རྫོགས་པར་ཤོག། །ཤེར་དབང་སྡོམ་པས་གཟུང་འཛིན་གྱིས་བསྡུད་པའི། །རྟོག་ཚོགས་ཀུན་རྫོབ་བྱང་ཆུབ་སེམས་ཞུ་བ། །དགའ་བཞིའི་འགྲོས་ཀྱིས་བདེ་ཆེན་ཡེ་ཤེས་སུ། །འཆར་ཏེ་རིག་སྟོང་ཆོས་སྐུར་སྨིན་པར་ཤོག །ཚིག་དབང་སྡོམ་པས་འཁོར་འདས་ལམ་གསུམ་གྱིས། །བསྡུས་པའི་ཆོས་རྣམས་དོན་དམ་ཕྱག་རྒྱ་ཆེ། །ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ། །རྟོགས་ཏེ་སྐུ་བཞིའི་གོ་འཕང་མངོན་གྱུར་ཤོག། །ཐབས་མཆོག་དཀྱིལ་འཁོར་རྒྱལ་དང་ལས་རྒྱལ་གྱིས། །དབྱེ་བས་བསྐྱེད་རིམ་ཡན་ལག་བཞི་དང་དྲུག། །རྫོགས་རིམ་ཕྱག་རྒྱ་བཞི་དང་རིམ་པ་ལྔ། །བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ཤོག། །གྲོལ་ལམ་སེམས་ཀྱི་གནས་ལུགས་ཕྱག་རྒྱ་ཆེ། །བྱིན་རླབས་འཕོ་བའི་དབང་མཆོག་སེམས་ལ་ཐོབ། །རྣལ་འབྱོར་བཞི་ཡི་རྟོགས་པ་ཚད་དུ་ཕྱིན། །སྒོམ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག། །དེ་ལྟར་ཐབས་ལམ་ལུས་ལ་རྫོགས་པ་དང་། །གྲོལ་ལམ་སེམས་ལ་རྫོགས་ཏེ་བརྟུལ་ཞུགས་ཀྱི། །སྤྱོད་པས་འབོགས་འདོན་འབྱིན་པས་ཚེ་འདི་ཀར། །ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ་ཐོབ་ཤོག །མདོར་ན་སྡོམ་གསུམ་ངོ་བོ་གཅིག་པ་ལ། །རང་ལྡོག་མ་འདྲེས་ཡོན་ཏན་ཡར་ལྡན་དུ། །དགག་བྱ་དགོས་པ་གནད་ཀྱིས་མི་འགལ་བར། །དུས་སྐབས་གང་གཙོའི་ལག་ལེན་ཉམས་མེད་ཤོག །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་འབྲུག་པའི་བཤད་སྒྲུབ་བསྟན་པ་ལ། །ཚུལ་གནས་ཐོས་བསམ་སྒོམ་པའི་བྱ་བས་དང་། །མཁས་ཚུལ་གསུམ་གྱིས་འཛིན་སྐྱོང་སྤེལ་ནུས་ཤོག །རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་ཅན་ཆོས་ཉིད་ཟབ་མོའི་བདེན་སྟོབས་དང་། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདིའང་ཡོན་ཏན་འོད་ཀྱི་བཀའ་བཞིན་དུ་དགེ་རིན་པསསྨོན་པ་དགེའོ། །འཛམ་གླིང་ཆོས་ཚིགས་ལྟེ་བ་ཁ་བཞིའི་ལྗོངས། མདོ་སྔགས་ཆོས་ཚུལ་རྒྱ་མཚོ་འདུ་བའི་བཅུད། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་འབྲུག་པ་ཡི། །བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས་གྱུར་ཅིག། སརྦ་མངྒ་ལཾ།