སྤུ་ན་ཁའི་ཆིངས་ཡིག།

Wikipedia ལས།

༉  གོང་ས་འཇིགས་མེད་རྣམ་རྒྱལ་མཆོག་ ཀྲོང་གསར་དཔོན་སློབ་ཀྱི་ཁྲི་ཐོག་ཁར་ཕེབས་ཏེ་ ཕྱི་དམག་དང་ནང་འཁྲུག་གི་དཀའ་ངལ་ཚུ་བསལ་ཞིནམ་ལས་ཚུར་ རང་དབང་གི་དཔལ་ཕུན་སུམ་ཚོགས་པ་དབུ་བཙུགས་གནང་སྟེ་ རྒྱལ་ཁབ་ནང་བདེ་སྐྱིད་ཀྱི་ཉི་མ་ཤར་ནུག། དེ་ལས་ཚུར་རིམ་པ་བཞིན་དུ་ འབྲུག་མི་བསོད་ནམས་གཅིག་མཐུན་ལས་གྲུབ་ཡོད་པའི་ འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་དམ་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་ བུམ་ཐང་ཆོས་འཁོར་དབང་འདུས་ཆོས་གླིང་ཕོ་བྲང་ནང་ སྤྱི་ལོ་ ༡༨༦༢ རབ་བྱུང་ ༡༤ པའི་གནམ་ལོ་ཆུ་ཁྱི་ལོ་ལུ་སྐུ་འཁྲུངས་ནུག། རྒྱལ་འཛིན་སྐུ་འཁྲུངས་ཞིནམ་ལས་ཚུར་ སྔར་ལས་ལྷག་པའི་མཛོད་བྱ་བཟང་པོ་མངས་རབས་ཅིག་གནང་ཡོད་པའི་གྲས་ལས་ སྤུ་ན་ཁ་ལུ་ཞི་བའི་ཆིངས་ཡིག་བཟོ་གནང་མི་དེ་གིས་རྒྱ་འབྲུག་གཉིས་ཀྱི་བར་ན་ སྔར་བ་ལྷག་པའི་མཐུན་འབྲེལ་བཟོ་ཚུགས་ནུག།

དེ་ཡང་ རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་( གནམ་ལོ་མེད་ ༢༠༡༡ ) ལྟར་དུ་འབད་བ་ཅིན་ བོད་ཀྱི་རྒྱལ་ཁབ་དེ་ རྒྱ་ནག་རྒྱལ་ཁབ་ཀྱི་དབང་དུ་བསྡུ་ནི་འགོ་བཙུགསཔ་ད་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་རང་དབང་དང་སྲུང་སྐྱོབ་ལུ་ ཉེན་ཁ་ཡོདཔ་ལས་ འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་ ཐུགས་དང་མ་ལྡན་པར་བཞུགས་ནུག། དེ་འབདཝ་ལས་ མི་དབང་མཆོག་གིས་ ཐུགས་བསམ་རྒྱ་ཆེན་པོའི་སྒོ་ལས་ བིརི་ཊིཤ་དང་གཅིག་ཁར་ མཐུན་ལམ་བཟོ་ནི་སྦེ་ཐུགས་ཐག་ཆོད་ནུག། ཟེར་བཀོད་དེ་འདུག། བིརི་ཊིཤ་རྒྱལ་ཁབ་ཀྱིས་ཡང་  འབྲུག་རྒྱལ་ཁབ་ཀྱི་རང་དབང་དང་སྲུང་སྐྱོབ་ བདག་འཛིན་འབད་ནི་གི་དོན་ལས་ འབྲུག་རྒྱལ་ཁབ་དང་གཅིག་ཁར་ ད་རུང་ར་ ཆིངས་ཡིག་གཅིག་མཚན་རྟགས་བཀོད་དགོཔ་དེ་ ཁག་ཆེཝ་སྦེ་གཟིགས་ནུག། དེ་འབདཝ་ལས་ སྤྱི་ལོ་ ༡༩༡༠ རབ་བྱུང་ ༡༥ ལྕགས་ཁྱི་ལོ་ལུ་ བིརི་ཊིཤ་གཞུང་ལས་སྐུ་ཚབ་ ཅཱར་ལིས་ཝེལ་དང་གཅིག་ཁར་ ཡིག་ཚང་ལས་རོགས་དག་པ་ཅིག་ འབྲུག་ལུ་བྱོན་ཞིནམ་ལས་ སྤུ་ན་ཁའི་རྫོང་ནང་སྦེ་ འབྲུག་རྒྱལ་ཁབ་འདི་ག་གི་འོག་ལུ་ཡང་མེན་པར་ རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཨིན་པའི་ངོས་འཛིན་ལུ་ སྤུ་ན་ཁ་གི་ཆིངས་ཡིག་གུར་མཚན་རྟགས་བཀོད་གནང་ནུག། སྤྱི་ལོ་ ༡༨༦༥ ལུ་བཟོ་ཡོད་པའི་སིན་ཅུ་ལའི་ཆིངས་ཡིག་དེ་སོར་སྒྱུར་འབད་བའི་ཐོག་ལས་ སྤུ་ན་ཁའི་ཆིངས་ཡིག་དེ་བཟོ་གནང་ནུག།

ཆིངས་ཡིག་དེ་ནང་ག་དང་ག་གི་མཚན་རྟགས་ར་ཡོདཔ་ཨིན་ན་ཟེར་བ་ཅིན། དཔལ་འབྲུག་ཞིབ་འཇུག་ལྟེ་བ་ (གནམ་ལོ་མེད་ ༢༠༠༨) ལྟར་དུ་འབད་བ་ཅིན་ དབྱིན་གཞུང་གི་སར་སྐུ་ཚབ་ཅཱར་ལིས་འབྲུག་ལུ་བཏང་པའི་སྐབས་ སྤུང་ཐང་ཁར་ཆིབས་གྲལ་སེར་སྦྲེང་དང་བཅས་པ་སྦེ་ མགྲོན་བསུ་མཛདཔ་མ་ཚད་ བདུན་ཕྲག་གསུམ་གྱི་རིང་ སྤུངས་ཐང་ཁར་བཞུགས་པའི་སྐབས་ དབྱིན་ཚེས་ ༨/༧/༡༩༡༠ ལུ་ཞབས་དྲུང་རིན་པོ་ཆེ་ཁོ་རའི་ཕྱག་ཐམ་དང་ འབྲུག་རྒྱལ་པོའི་ཕྱག་ཐམ་བཀོད་གནང་སྟེ་ རྒྱལ་ཁབ་གཉིས་ཀྱི་བར་ན་སྤུ་ན་ཁའི་ཆིངས་ཡིག་བཟོ་གནང་ནུག། ཟེར་བཀོད་དེ་འདུག། ཆིངས་ཡིག་དེ་ནང་ག་ཅི་ར་བཀོད་དེ་འདུག་ཟེར་བ་ཅིན་ དབྱིན་གཞུང་གིས་ འབྲུག་གཞུང་ནང་འཁོད་ཀྱི་བདག་སྐྱོང་དང་འབྲེལ་བའི་ལཱ་ལུ་ བཀག་ཆ་མི་རྐྱབ་ཟེར་བའི་ འགན་དབང་ལེན་ཡོདཔ་དང་། གཞན་ཡང་ འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་དང་པ་མི་དབང་ཨྱོན་དབང་ཕྱུག་མཆོག་གི་རྟོགས་བརྗོད་ (གནམ་ལོ་མེད་ ༢༠༠༨ ཤོག་གྲངས་ ༢༠༡) དང་འཁྲིལ་བ་ཅིན་ “ལྷོ་ཨ་སམ་ཁ་ཐུག་ལུ་ཡང་ ས་མཚམས་སྐོར་ལས་རྩོད་རྙོགས་ལེ་ཤ་ཐོན་ནི་དེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ལོ་ ༡༧/༡༡/༡༩༡༣ ལུ་དེ་ཝན་གུ་རིར་ཕེབས་ཏེ་ བིརི་ཊེཤ་སྐུ་ཚབ་ བི་ཇེ་གྷུལ་དང་ གཅིག་ཁར་གསུང་གྲོས་རིམ་པར་གནང་སྟེ་ ས་མཚམས་ཁའི་དཀའ་ངལ་ལེ་ཤ་ཅིག་རིམ་པ་བཞིན་དུ་བསལ་ཚུགས་པའི་ལོ་རྒྱུས་འདུག།” ཟེར་བཀོད་དེ་འདུག། དེ་སྦེ་ཆིངས་ཡིག་དེ་ནང་ མཚན་རྟགས་བཀོད་དེ་ཡོདཔ་ལས་ རྒྱ་གཞུང་གཉིས་ཀྱི་བར་ན་ དུས་ཡུན་རིངམོ་གྱི་བར་ན་ འབྲེལ་བ་བཞག་ནུག།

རྒྱབ་རྟེན།

རྩ་ཁཞུང་དང་ཁད་རིག་གོང་འཕེལ་ལས་ཁུངས༼༢༠༡༡༽ འབྲིག་གི་འབྱུང་རབ། འབྲུག། སྤ་རོ།

དཔལ་འབྲུག་ཞིབ་འཇུག་ལྟེ་བ༼༢༠༠༨༽ འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་དང་པ་མི་དབང་ཨྱོན་དབང་ཕྱུག་མཆོག་གི་རྟོགས་བརྗོད། འབྲུག། ཐིམ་ཕུག།