སྨོན་ལམ་ཚེ་རབས་མ་ལུས།
༄༅། །ཚེ་རབས་མ་ལུས་སྨོན་ལམ་བཞུགས་སོ།།
༄༅། །ཚེ་རབས་མ་ལུས་ཐམས་ཅད་དུ། །བླ་མ་དམ་པ་མཉེས་བྱེད་ཅིང་། །མོས་གུས་ལྟེམས་བརྐྱང་མེད་པ་ཡིས། །ནོར་བཟང་བུ་བཞིན་བསྟེན་པར་ཤོག། །སྐྱབས་ཆེ་བྱིན་ཆགས་དཀོན་མཆོག་གསུམ། །མཆོད་པའི་ཚོགས་རྣམས་མ་ལུས་པས། །ཚིམ་པ་མེད་པར་མཆོད་ནས་ཀྱང་། །རྟག་ཏུ་བསྟོད་ཅིང་བཀུར་བར་ཤོག། །བར་ཆད་ཐམས་ཅད་སེལ་འགྱུར་ཞིང་། །མ་བཞིན་སེམས་པའི་ཡི་དམ་ལྷ། །ཐུན་བཞི་ཡིས་ནི་མཉེས་གྱུར་ནས། །ཡི་དམ་ལྷ་དང་མི་འབྲལ་ཤོག། །ཧཱུཾ་དང་ཕཊ་ཀྱི་འབྲུག་སྒྲ་ཡིས། །དྲེགས་པ་ཅན་རྣམས་ཚར་གཅོད་ཅིང་། །བསྟན་པ་མ་ལུས་སྲུང་བ་ཡི། །ཆོས་སྐྱོང་རྣམས་ཀྱིས་བསྲུང་བར་ཤོག། །བདག་ཅག་ལྷན་ཅིག་ཚོགས་པ་རྣམས། །ཁྲོ་འཁྲུག་ཐམས་ཅད་རབ་ཞི་ནས། །ཟབ་མོའི་གཏམ་ནི་སྣ་ཚོགས་ཀྱིས། །སེམས་ལ་ཕན་པ་ཉིད་དུ་ཤོག། །གང་དུ་འདུག་པའི་གནས་རྣམས་སུ། །འཇིགས་དང་ཉམ་ང་བྲལ་བ་དང་། །ཕྱི་ནང་འཚེ་བ་མེད་པ་ཡི། །དགོན་གནས་རྣམས་དང་མི་འབྲལ་ཤོག །ངོ་བསྲུང་རྩོལ་བ་མི་དགོས་ཤིང་། །ངོ་བོ་ཉིད་ཀྱིས་ཆོས་ལ་དཀར། །ཕན་ཚུན་འཚེ་བ་མེད་པ་ཡི། །སྐྱེ་བོ་རྣམས་ཀྱིས་བཀུར་བརཤོག། །བདག་ཅག་ཚེ་རབས་ཐམས་ཅད་དུ། །བྱམས་པ་རྒྱུན་ཆད་མེད་པ་དང་། །རྟོགས་པ་གསེར་གྱི་རི་བོ་ལྟར། །གཉིས་མེད་འགྱུར་བ་མེད་པར་ཤོག །ཉོན་མོངས་གསུམ་པོ་སྐྱེས་པའི་ཚེ། །ཆུ་ལ་རལ་གྲི་བཏབ་པ་ལྟར། །སེམས་ཀྱི་མདུད་པ་གྲོལ་ནས་ཀྱང་། །འོད་གསལ་ངང་ལ་གནས་པར་ཤོག །དོན་མེད་གླེང་མོ་བྱེད་པའི་ཚེ། །འཁོར་བ་ཐོག་མཐའ་མེད་པ་རུ། །གཏམ་གྱི་སྦྱོར་བ་འདི་དག་ཀྱང་། །ཆོས་ཀྱི་གཏམ་དུ་འགྱུར་བ་ཤོག། །སྡང་བའི་ཡུལ་རྣམས་མཐོང་བའི་ཚེ། །རང་དབང་མེད་པའི་བྱམས་པ་ཡིས། །དྭང་བའི་སེམས་ནི་སྐྱེ་བ་དང་། །སྙིང་ནས་མ་བཞིན་གོ་བར་ཤོག །མཛེས་ཤིང་བཀྲག་ལྡན་མཐོང་བའི་ཚེ། །མི་གཙང་བུམ་པར་གོ་བ་ཡིས། །ཞེན་པའི་མཚན་མ་རབ་ལོག་ནས། །ཆགས་པ་མེད་ལ་གནས་པར་ཤོག། །ང་རྒྱལ་ཁེངས་ཤིང་དྲེགས་པ་ཡི། །སྐྱེ་བོ་རྣམས་དང་འགྲོགས་པའི་ཚེ། །དམན་པའི་མཚན་མ་རབ་སྤངས་ནས། །བསྙེན་བཀུར་བྱེད་ལ་གནས་པར་ཤོག །ཤེས་བྱའི་ཆོས་རྣམས་མ་ལུས་པས། །ལྟེམས་བརྐྱང་མེད་པར་ཆོས་ཀུན་ལ། །མོས་གུས་རྒྱ་ཆེན་བྱེད་པ་དང་། །གཉེན་པོ་བསྟེན་ལ་གནས་པར་ཤོག །སྒྲུབ་པར་བྱེད་པའི་འབྲས་བུ་དེས། །བདག་གཞན་གཉིས་ཀྱི་འདོད་པ་གྲུབ། །འཁོར་བ་མུ་མཐའ་མེད་པ་རུ། །སེམས་ཅན་རྣམས་ལ་སྨིན་པར་ཤོག །རྗེ་ཕག་གྲུའི་གསུང་ཡིན་པར་གྲགས།།