Jump to content

སྲས་ཕུར་བུ་ས་དབང་འདུས་དགོན་པ། Ι Wangdue Goenpa Monastery, Sephu Busa

Wikipedia ལས།

ངོ་སྤྲོད།

[ཞུན་དག]

མཐུ་ཆེན་བླ་མའི་གདན་ས་གསུམ་པ་ དབང་འདུས་ཕོ་བྲང་རྫོང་ཁག་དེ་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་བྱོན་ཏེ་ ཞབས་ཀྱིས་བཅགས་ཞིན་ན་ བྱིན་གྱིས་བརླབས་གནང་བའི་ཤུལ་ལུ་ མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་ ལེ་ཤ་བྱོན་ཏེ་རང་སོའི་ལུང་བསྟན་དང་འཁྲིལ་ཏེ་ ཕྱག་བཏབ་གནང་བའི་གདན་ས་རྩ་ཅན་མང་རབས་ཅིག་མཇལ་ནི་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་གཅིག་སྲས་ཕུར་བུ་ས་དབང་འདུས་དགོན་པའི་ལྷ་ཁང་འདི་ཨིནམ་དང་ དེ་ཡང་ལྷ་ཀླུ་མིའི་ནོར་བུ་མིག་གསུམ་སྤུངས་བཞག་བཞགཔ་དང་འདྲ་བའི་ཐོག་ཁར་ ལྗོན་ཤིང་དང་སྐྱེད་ཚལ་ག་ར་ མཎྜལ་ཕུལ་བའི་ཚུལ་ལུ་གནས་ཏེ་ཡོད་པའི་སྦུག་ན་ རི་གླངམོ་ཆེ་ཉལཝ་དང་འདྲ་བའི་གཉའ་བར་ དབང་འདུས་ཆོས་ཀྱི་དགོན་པའི་གཙུག་ལག་ཁང་འདི་ ག་ནི་བ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ཨིན།

དགོན་པའི་སྐོར།

[ཞུན་དག]

དགོན་པ་ཆགས་སའི་ས་གནས་འདི་ཡང་ སྔོན་དང་ཕུ་འབད་བ་ཅིན་ འབྱོགཔ་ཚུ་གི་ནོར་གྱི་བྱང་ས་ཨིན་རུང་ ཤུལ་ལས་དུས་རབས་བཅུ་བདུན་པ་རབ་བྱུང་༡༡ པའམ་སྤྱི་ལོ་༡༦༥༠ དེ་ཅིག་ལུ་ མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ མཚུངས་མེད་བཀྲིས་བསྟན་འཛིན་མཆོག་གིས་ གདན་ས་ཕྱག་བཏབ་གནང་གནངམ་ཨིན་པས། དུས་རབས་བཅུ་བཞི་པའི་ནང་ གཏེར་ཆེན་རྒྱལ་པོ་ལྔའི་ཡ་གྱལ་ཨྱོན་རྡོ་རྗེ་གླིང་པ་མཆོག་ ཨྱོན་གུ་རུའི་ལུང་བསྟན་དང་གཏེར་གྱི་ཁ་བྱང་དང་འཁྲིལ་ཏེ་ཨུམ་སྟེང་མཚོ་ལས་ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏེར་ཁ་དང་ གསེར་གྱི་ཕུར་པ་ གནམ་ལྕགས་དབུ་མའི་རལ་གྲི་ལ་སོགས་པའི་ གཏེར་ཁ་མང་རབས་ཅིག་གཏེར་ལས་བཞེས་ཏེ་ སྲས་ཕུར་ལུང་པའི་གཡུས་ཚན་ག་ར་ནང་ ཞབས་ཀྱིས་བཅགས་ཏེ་ ད་ལྟོ་དགོན་པ་འདི་ཡོད་སའི་ས་གནས་དེ་ཁར་ཕེབས་ད་ མ་འོངས་པ་ལུ་ཆོས་བརྒྱུད་འཛིན་པའི་ཐུགས་སྲས་ཅིག་གིས་ དགོན་པ་ཅིག་ཕྱག་བཏབ་སྟེ་ རྡོར་གླིང་གི་བསྟན་པ་སྤེལ་ནི་གི་ལུང་བསྟན་གནང་ནུག།

དེའི་ཤུལ་ལས་ཐུགས་སྲས་མཚུངས་མེད་བཀྲིས་བསྟན་འཛིན་མཆོག་ ཡོངས་འཛིན་ངག་དབང་ཚུལ་ཁྲིམས་ཀྱི་བཀའ་དང་ མནལ་ལམ་གྱི་ལུང་བསྟན་དང་འཁྲིལ་ཏེ་ སྲས་ཕུར་གྱི་གཡུས་ཚན་ཚུ་ནང་ གདན་ས་བཏབ་ནི་གི་ས་ཆ་ཅིག་ག་ཏེ་ཡོད་ག་ གཟིགས་ཅི་རང་བྱོནམ་ད་  མགོན་པོ་མ་ནིང་གི་སྤྲུལ་པའི་བྱ་རོག་ཅིག་ བླ་མའི་ཧེ་མ་འཕུར་ཏེ་འགྱོ་སར་གཟིགསཔ་ལས་ བླམ་ཡང་དེའི་རྟིང་བདའ་སྟེ་ར་བྱོནམ་ད་ ཧེ་མ་ར་བོད་ཅུང་དགོན་པ་དང་ དེ་ལས་གླང་སྦིས་ དེ་ལས་བུ་ས་གཟར་སྒང་ཚུ་ནང་ བྱ་རོག་དེ་གིས་ལྡིང་སྐོར་ཚར་རེ་རྐྱབ་སྟེ་བྱོན་ཞིན་ན་ ད་ལྟོའི་དགོན་པ་ཡོད་སའི་ས་ཁོངས་ནང་ལྷོདཔ་ད་ ལྡིང་སྐོར་ཚར་གསུམ་དེ་ཅིག་རྐྱབ་པའི་ཤུལ་མར་ སྤྲུལ་པའི་བྱ་རོག་དེ་ཡལ་སོཔ་ཨིན་པས།

དེ་ལས་བླམ་ཁོ་ར་སྒང་ཏོག་དེ་གུར་ རྡོ་རྗེ་གླིང་པའི་ཕྱག་འཁར་ཨིནམ་སྦེ་བརྩི་མི་ སྟར་ཤིང་དེའི་རྩ་བར་ གཅོད་གུར་ཆུང་ཀུ་ཅིག་སྤུབས་ཞིནམ་ལས་ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་ཀྱི་བསྙེན་སྒྲུབ་གནང་སྟེ་ བཞུགས་པའི་དྲོཔ་ཅིག་ལུ་ མནལ་དང་འོད་གསལ་འདྲེས་མའི་ཉམས་སྣང་ནང་། ལུང་ཕྱོགས་དེ་ནང་གི་གཞི་བདག་འདི་ བླ་མའི་ཕྱག་དབང་བཅར་ཞིནམ་ལས་སྲོག་གི་སྙིང་པོ་དང་ཁས་བླངས་དམ་བཅའ་ཚུ་ཕུལ་བའི་ཤུལ་ལུ་ གདན་ས་འདི་ད་ལྟོའི་དགོན་པ་ཡོད་སའི་ས་གནས་དེ་ནང་བཞེངས་གནང་དགོཔ་དང་ དེ་གི་གཉེར་ཁ་ཁོ་ར་གིས་འབད་ནི་ཨིན་ཟེར་ཞུཝ་བཞིན་དུ་ བླམ་གིས་བཀའ་བསྒོ་དམ་བཞག་གནང་སྟེ་ མཚན་ཚེ་སྒྲུབ་དར་རྒྱས་ཟེར་གསོལ་གནངམ་མ་ཚད་ ཆོས་སྲུང་གི་གྱལ་ཁར་བཙུགས་ཏེ་ གསོལ་ཁ་ཅིག་ཡང་ལྗགས་རྩོམ་མཛད་གནང་ནུག།

དེ་ལས་བླམ་གིས་ས་གནས་དེ་ནང་གདན་ས་ཅིག་ཕྱག་བཏབ་ཞིནམ་ལས་ ཁམས་གསུམ་དབང་ལུ་བསྡུ་བའི་རྟེན་འབྲེལ་ལུ་དགོངས་ཏེ་དགོན་པའི་མཚན་ཡང་ དབང་འདུས་དགོན་པ་ཟེར་བཏགས་གནང་ནུག། མཚུངས་མེད་བཀྲ་ཤིས་བསྟན་འཛིན་གྱིས་ ཕྱག་བཏབ་གནང་བའི་གཙུག་ལག་ཁང་དེ་ ལོ་ངོ་མང་རབས་ཅིག་སོང་བའི་རྐྱེན་གྱིས་ ཉམས་ཆག་ཤོར་ཡོདཔ་ལས་བརྟེན་ སྤྱི་ལོ་༡༩༥༨ རབ་བྱུང་༡༦ པའི་ས་ཁྱིའི་ལོ་ལུ་ ལྷག་བསམ་དུང་ལས་དཀར་བའི་མཚམས་པ་མ་ནིང་རྡོ་རྗེ་དང་ མཚམས་པ་མགོན་པོ་སྲི་ཐུབ་གཉིས་ཀྱི་དབུ་འདྲེན་གྱི་ཐོག་ལས་ སྲས་ཕུརཔ་དམངས་ཀྱིས་ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཧེ་མའི་ལྷ་ཁང་གི་ཤུལ་དེ་ཁར་ གཙུག་ལག་ཁང་ཐོག་ཚད་གཉིས་འབད་མི་ཅིག་ བཞེངས་གནང་ནུག།

ཨིན་རུང་དུས་ངན་གྱི་དབང་ལས་ ས་གཡོམ་རྐྱབ་པའི་རྐྱེན་གྱིས་གཙུག་ལག་ཁང་གི་རྒྱབ་ཁ་ལས་ གྱང་གུར་གག་འགྲམ་སྦོམ་སྦེ་རང་བྱུངམ་ལས་ གདན་འཛིན་བླམ་ངག་དབང་བསྟན་འཛིན་མཆོག་གཙུག་ལག་ཁང་ཉམས་ཆག་ཤོར་མི་དེ་ལུ་ ཐུགས་ཀྱིས་མ་བཟོད་པར་ ཆོསཔ་དམངས་དང་གྲོས་བསྟུན་ཐོག་ གཞུང་ཞབས་ལུ་སྙན་འབུལ་ཞུ་སྟེ་ སྤྱི་ལོ་༢༠༠༢ ལས་འགོ་བཙུགས་ཏེ་ གཙུག་ལག་ཁང་འདི་ ཕྱིའི་དབྱིབས་བཀོད་དང་ ནང་གི་རྟེན་གསུམ་ཚུ་ ག་ཅི་གི་ཐད་ལས་འབད་རུང་ ཉམས་གསོ་སྔར་ལས་ལྷག་སྟེ་མཛད་གནང་ཡོདཔ་ཨིན་པས།

ལྷ་ཁང་དེ་ཡང་ ཐོག་ཚད་གཉིས་གུར་གཤམ་བར་ཅིག་བཀལཝ་ད་ ཐོག་ཚད་གསུམ་གྱི་རྩིས་ཡོདཔ་དང་། ལྷ་ཁང་གི་ནང་རྟེན་ཡང་ འོག་ཐོག་ལུ་རི་བོ་པོ་ཏ་ལ་ཡི་ཞིང་ཁམས་ཀྱི་མཚོན་བྱེད་ལུ་ འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཁང་དང་ དེའི་ནང་ན་རྟེན་གྱི་གཙོ་བོ་ རྒྱུ་སྨན་འདམ་ལས་གྲུབ་པའི་ འཕགས་པ་བཅུ་གཅིག་ཞལ་ ཕྱག་སྟོང་སྤྱན་སྟོང་གིས་གཙོས་པའི་ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང། སྨན་ལྗོངས་སྐྱེ་དགུའི་གཙུག་ནོར་ ཆོས་རྒྱལ་དང་པོ་ གོང་ས་ཨྱོན་དབང་ཕྱུག་མཆོག་གིས་གནང་བའི་ བདག་ཅག་གི་སྟོན་པ་རྣམ་འདྲེན་ ཤཱཀྱའི་རྒྱལ་པོའི་སྐུ་རྟེནབྱིན་ཅན་དང། དབང་འདུས་དགོན་པའི་གདན་འཛིན་བརྒྱད་པ་ བླ་མ་ཤེས་རབ་འོད་ཟེར་མཆོག་གིས་ ཤར་ཆེད་པ་ཁའི་གནསཔོ་སྦོ་ཟ་ཕུར་པ་ཟེར་མི་ལུ་ བལ་ཀྲམ་དཀར་པོ་ཁལ་གསུམ་གནང་སྟེ་བསྣམས་བྱོན་པའི་ རྒྱུ་གསེར་ཟངས་ལས་གྲུབ་པའི་ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་སྐུ་འདྲ་ བྱིན་ཅན་ཚུ་བཞུགས་ཏེ་ཡོད། གསུང་རྟེན་གྱི་རིགས་ལས་འབད་བ་ཅིན་ དད་སྦྱིན་ཤེལ་མ་རིན་ཆེན་གྱིས་ཕུལ་བའི་བསྟན་འགྱུར་རིན་པོ་ཆེ་དང་ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཚུ་ཡོད། ཐུགས་རྟེན་བདེ་བར་གཤེགས་པའི་མཆོད་རྟེན་དང། ལྡེབ་རིས་ནི་གཙོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དང་ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས། སྟོན་པའི་རྒྱལ་ཚབ་ འཕགས་པའི་གནས་བརྟན་བཅུ་དྲུག་གི་ལྷ་ཚོགས་ཚུ་བཞུགས་ཏེ་ཡོད། བར་ཐོག་ལུ་ཟངས་མདོག་དཔལ་རིའི་བཀོད་པ་ཡོངས་སུ་རྫོགས་པའི་ གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་དང་ སྐུ་རྟེན་གཙོ་བོ་སྙིགས་དུས་འགྲོ་བའི་སྐྱབས་གཅིག་ ཨྱོན་གྱི་མཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ གཡས་གཡོན་ལུ་སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ལྷ་ཚོགས། གཞན་ཡང་རྡོར་གླིང་བླ་བརྒྱུད་ཀྱི་སྣང་བརྙན་ཚུ་བཞུགས་ཏེ་ཡོད། ལྷག་པར་དུ་སྤྱི་ལོ་༢༠༡༨ ཀྱི་ལོ་ལུ་ལྷོ་ལྗོངས་སྐྱེ་དགུའི་སྐྱབས་མགོན་ ༧ དཔལ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ སྲས་ཕུར་རྒེད་འོག་སྤྱི་དང་ ཁྱད་པར་དུ་ བུ་ས་དབང་འདུས་དགོན་པའི་གདན་ས་འདི་ལུ་ ཐུགས་བརྩེ་བླ་ན་མེད་པ་གཟིགས་ཏེ་ དགོན་སྡེ་འདི་ཁར་ཞབས་ཀྱིས་བཅགས་གནངམ་མ་ཚད་ རྒྱལ་ཁབ་ནང་ཧེ་མ་མེད་པའི་རྒྱུ་གསེར་ཟངས་ལས་གྲུབ་པའི་ གཏེར་སྟོན་རྡོ་རྗེ་གླིང་པའི་སྐུ་འདྲ་བྱིན་ཅན་ཅིག་ གནང་སྟེ་ཡོད་མི་དེ་ཡང་རྟེན་གྱི་གཙོ་བོ་སྦེ་ བཞུགས་སུ་གསོལ་ཏེ་ཡོདཔ་ཨིན།

རྟེན།

[ཞུན་དག]

གསུང་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་ ཐུགས་རྟེན་མཆོད་རྟེན་ཚུ་ཡོད། གཞན་ཡང་གུ་རུ་མཚན་བརྒྱད་དང་བསམ་པ་ལྷུན་གྲུབ་ བར་ཆད་ལམ་སེལ་དང་རྡོར་གླིང་བརྒྱུད་པའི་བླ་མ་ཚུ་གི་ལྡེབ་རིས་ཡོད། མགོན་ཁང་ནང་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྐུ་འདྲ་དང་ ལྷ་ཆེན་ཚེ་སྒྲུབ་དར་རྒྱས་ཀྱི་སྐུ་འདྲ་ བཀའ་ཁྲབ་དང་བཅསཔ་བཞུགས་ཏེ་ཡོད། ལྡེབ་རིས་ནི་མགོན་པོ་སྡེ་བརྒྱད་དང་ དུར་ཁྲོད་ཆས་བརྒྱད་ཚུ་བཞེངས་ཏེ་ཡོད། གཞན་ཡང་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་མ་ གནམ་ལྕགས་དབུ་མའི་རལ་གྲི་དང་ བཀྲ་ཤིས་པའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བའི་རྡོ། གཟུངས་སྔགས་ཀྱིས་བསྐོར་བའི་རྡོ་བཅས་ གཏེར་གྱི་རིགས་ཚུ་མཇལ་ནི་ཡོད། ཐོག་གོང་མ་སྒྲོལ་མའི་ལྷ་ཁང་ནང་ སེང་ལྡེང་ནགས་ཀྱི་སྒྲོལ་མས་ གཙོས་པའི་ རྒྱལ་ཡུམ་སྒྲོལ་མ་ཉེར་གཅིག་གི་སྣང་བརྙན་ཚུ་བཞུགས་ཏེ་ཡོདཔ་ཨིན། 

དགོན་པ་དེ་ནང་ཧེ་མ་སྒོམ་ཆེན་ཞལ་གྲངས་༣༠ ལྷགཔ་ཅིག་ཡོདཔ་ཨིན་རུང་ རྒྱལ་བའི་བསྟན་པ་འདི་ དགེ་སློང་གི་སྡེ་གིས་འཛིན་དགོཔ་འདི་ གལ་ཆེ་བའི་ཐུགས་བཞེད་གནང་སྟེ་སྤྱི་ལོ་༢༠༠༠ གི་ལོ་ལུ་ བཤད་གྲྭའི་སྡེ་ཅིག་གསར་བཙུགས་མཛད་གནང་ཡོདཔ་དང་ ད་རེས་དགེ་སློང་ཞལ་གྲངས་༥༠ ལྷགཔ་ཅིག་ཡོདཔ་ཨིན།

དགོན་པ་དེ་ནང་སྐུ་མཆོད་འབུམ་སྡེའི་རིགས་ཡང་ ལོ་བསྟར་རང་ཟླ་དང་པའི་ནང་ དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྨྱུང་གནས་ཆ་གཅིག་ རྒྱབ་ཆོག་དང་བཅས་པ་དང་ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དང་ སྡིག་བཤགས་གསེར་གྱི་སྤུ་གྲི་ཉིན་གྲངས་གཉིས་བཅས་ འབུམ་སྡེ་ཉིན་གྲངས་ལྔའི་རིང་དང་། རང་ཟླ་གཉིས་པའི་ཚེས་བཅོ་ལྔ་ལུ་ མཚུངས་མེད་བཀྲ་ཤིས་བསྟན་འཛིན་གྱི་སྐུ་མཆོད་/འདས་མཆོད་ཉིནམ་གཅིག་དང་ རྒྱལ་བའི་བཀའ་འགྱུར་ཆེན་མོ་ཉིན་གྲངས་ལྔའི་རིང་གནང་སྲོལ་ཡོད། ཟླཝ་གསུམ་པའི་ཚེས་བཅུ་ཐམ་ལུ་ ཞབས་དྲུང་སྐུ་མཆོད་ཉིནམ་གཅིག་དང་། ཟླཝ་བཞི་པའི་ཚེས་བཅོ་ལྔ་ལུ་ དུས་ཆེན་ལྔ་འཛོམས་ཀྱི་ཚོགས་འཁོར་ཉིནམ་གཅིག། ཟླཝ་ལྔ་པའི་ཚེས་བཅུ་ཐམ་ལུ་ སྤྲེལ་ཟླ་ཚེས་བཅུ་ཉིནམ་གཅིག་དང་། ཚེས་༢༥ ལུ་ལོ་ཆེན་བཻ་རོ་དངོས་བྱོན་ ཨྱོན་རྡོ་རྗེ་གླིང་པའི་འདས་མཆོད་/སྐུ་མཆོད་ཉིན་གྲངས་གཅིག། ཟླཝ་ལྔ་པའི་ཉིན་ལོག་དང་བསྟུན་ཏེ་ དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་ འཁོར་བཀའ་སྡོད་དང་བཅས་པའི་གཏོར་བཟློག་ཉིནམ་གཅིག། ཟླཝ་དྲུག་པའི་ཚེས་བཞི་ལུ་བདེན་བཞི་ཆོས་འཁོར་བསྐོར་བའི་ཉིནམ་དང་བསྟུན་ཚོགས་འཁོར་ཉིནམ་གཅིག། ཟླཝ་བདུན་པའི་ཚེས་བཅུ་ཐམ་ལུ་ ཡར་ངོའི་ཚེས་བཅུ་གི་ཚོགས་འཁོར། ཟླཝ་བརྒྱད་པའི་ཚེས་བརྒྱད་ལས་བཅུ་ཐམ་གྱི་བར་ན་  གཏེར་སྟོན་རྡོ་རྗེ་གླིང་པ་མཆོག་གིས་ གནམ་ལྕགས་བྲག་ལས་གཏེར་བཞེས་མི་ བླ་མ་བཀའ་འདུས་ཀྱི་སྒྲུབ་མཆོད་ཉིན་གྲངས་གསུམ་གྱི་རིང་ རྒྱས་ཤིང་རྒྱསཔ་སྦེ་གནང་སྟེ་གྲོལ་བའི་ཉིན་མ་ བླ་མ་བཀའ་འདུས་ཀྱི་ཁྲོམ་དབང་ཆེན་མོ་གནང་ནི་ཡོད། འབྲུག་ཟླ་དགུ་པའི་ཚེས་ལྔ་ལུ་གཏོར་བཞེངས་གནང་སྟེ་ཚེས་དྲུག་ལས་བཅུ་ཐམ་གྱི་བར་ན་ རྣམ་དག་བདེ་ཆེན་ཞིང་སྒྲུབ་ཀྱི་བཀའ་འཁྲིད་དང་གྲོལ་ཉིན་བཀའ་དབང་། ཟླཝ་དགུ་པའི་ཚེས་ཉེར་གཉིས་ལུ་ ལྷ་བབས་དུས་ཆེན་ཉིནམ་གཅིག་དང་། ཟླཝ་བཅུ་པའི་ཚེས་བཅུ་ཐམ་ལུ་ ཡར་ངོའི་ཚེས་བཅུ་ཉིནམ་གཅིག་དང་ཚེས་ཉེར་དགུ་ལུ་ བླ་མ་གུ་རུ་དྲག་པོའི་གཏོར་བཟློག་ཉིནམ་གཅིག། ཟླཝ་བཅུ་གཅིག་པའི་ཚེས་བཅུ་གཉིས་ལས་བཅུ་དྲུག་བར་ན་ ཨྱོན་རྡོ་རྗེ་གླིང་པ་གིས་སྦས་གླང་བྲག་ལས་གཏེར་སྦེ་བཞེས་པའི་ ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་དང་ ཨུམ་སྟེང་མཚོ་ལས་བཞེས་པའི་ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བཅས་ཀྱི་ ཆོ་ག་ཉིན་གྲངས་ལྔའི་རིང་དང། ཟླཝ་བཅུ་གཉིས་པའི་ནང་ ཡར་ངོའི་ཚེས་བཅུ་བཅས་ ཟླཝ་ཆ་མཉམ་གྱི་ཡར་ངོའི་ཚེས་བཅུ་དང་ འབུམ་སྡེ་ཚུ་སྔར་གྱི་སྲོལ་འཁྱུན་མ་ཉམས་པའི་ཁར་ ལོ་བསྟར་བཞིན་དུ་ ཧེ་མ་མེད་པའི་འབུམ་སྡེ་ལེ་ཤ་གསར་བཙུགས་མཛད་དེ་ བསྟན་པ་རིན་པོ་ཆེ་ནོར་བུའི་ཏོག་བཟུམ་ དགུང་དུ་བཏེགས་བཞིན་དུ་ཡོདཔ་ཨིན།

དགོན་པ་དེ་གི་མཐའ་འཁོར་ལུ་ མཚུངས་མེད་བཀྲ་ཤིས་བསྟན་འཛིན་གྱི་གྲུབ་ཆུ་དང་ གུ་རུ་རིན་པོ་ཆེའི་སྐུ་རྗེས་དང་ཁྲུས་གཞོང་ ལ་སོགས་པའི་གནས་ཁག་ལེ་ཤ་ཡོདཔ་ལས་ རང་གི་རྒྱུད་ལུ་ཡོད་པའི་ལས་ངན་གྱི་སྡིག་སྒྲིབ་ག་ར་དག་སྟེ་ རྣམ་མཁྱེན་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཡོད་མི་དད་ལྡན་གྱི་སྐྱེ་བོ་ཕོ་མོ་ག་ར་ དགོན་པ་དེ་ནང་བྱོན་ཏེ་རྣམ་དཀར་གྱི་བྱ་བ་ལུ་བརྩོན་གནང་པ་ཅིན་ཕན་པ་སྦོམ་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.