ཧ་ཝ་ན། Havana

༉ ཧ་ཝ་ན་ཟེར་བའི་ཁྲོམ་སྡེ་འདི་ ཀིའུ་བ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་པའི་ཁར་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་གྱི་སྲོལ་ཁྱུན་ དེ་ལས་ བཟོ་བཀོད་མཛེས་སྡུག་ལྡན་པའི་ ཁྲོམ་ཆེན་ཅིག་ཨིན་མས། མཚོ་གླིང་འདི་གི་ བྱང་ཕྱོགས་མཚོ་འགྲམ་ལུ་ཆགས་ཏེ་ཡོད་མི་ ཧ་ཝ་ན་ཁྲོམ་སྡེ་འདི་ ཀིའུ་བ་གི་གྲུ་ཁ་ངོ་མ་ཅིག་དང་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ཡང་ཨིན་པས།
ཧ་ཝ་ན་ཁྲོམ་སྡེ་གི་ས་ཆའི་རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ ༧༢༨,༢༦ ཡོདཔ་དང་ ཁྲོམ་ཚོགས་འདི་ མཚོ་མཐའི་ས་ཁོངས་ལུ་་བརྟེན་ ལྷོ་ལས་བྱང་ཁ་ཐུག་ལུ་ ཨཱལ་མེན་ཌརསི་གཙང་ཆུ་དང་ ཕོལོ་རི་ཌ་གི་མཚོ་ཁ་ཚུ་གི་བསྐོར་ཏེ་ཡོདཔ་ཨིན། ཧ་ཝ་ན་ལུ་ གནམ་གཤིས་ཚ་དྲོད་དང་ལྡནམ་སྦེ་ཡོདཔ་དང་ སྤྱི་ཟླ་ ༥ པ་ལས་ ༡༠ པ་ཚུན་ ཆརཔ་གི་དུས་ཚོད་དང་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༤ པ་ཚུན་ སྐམ་པའི་དུས་ཚོད་ཚུ་ མཐོང་དོ་ཡོདཔ་ཨིན་པས། སྤྱིར་བཏང་ལུ་ དྲོད་ཚད་འདི་ ལོ་བསྟར་བཞིན་དུ་ དྲོད་ཤུགས་ཅན་ཅིག་ཨིནམ་ལས་ ཆརཔ་གི་དུས་ཚོད་ལུ་ འཕྲལ་འཕྲལ་སྐབས་ རླུང་འཚུབ་ཡང་འཕུ་དོ་ཡོདཔ་ཨིན། [༡]ཟེར་བཀོད་ནུག།
ཝི་ཀི་པི་ཌི་ཡ་[༡] དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༡ ལུ་ ཧ་ཝ་ན་ཁྲོམ་སྡེ་གི་མི་རློབས་འདི་ ཧ་ལམ་ ༢,༡༤༢,༩༣༩ དེ་ཅིག་ཡོདཔ་ལས་ ཀིའུ་བ་ལུ་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ལུ་གྱུར་ཡོདཔ་ཨིན་པས། ཁྲོམ་གྱི་མི་འབོར་ཞིབ་རྩིས་དང་འཁྲིལ་བ་ཅིན་ བརྒྱ་ཆ་ ༥༨.༤ དེ་ཅིག་ མི་རིགས་དཀརཔོ་དང་ མེསི་ཊི་ཟོ་ ཡང་ན་ མུ་ལ་ཊོ་བརྒྱ་ཆ་ ༢༦.༤ དེ་ལས་ མི་རིགས་ནགཔོ་བརྒྱ་ཆ་ ༡༥.༢ དང་ ཨེ་ཤི་ཡ་གི་མི་སེར་བརྒྱ་ཆ་ ༠.༢ དེ་ཅིག་ཡོདཔ་ཨིན་ཟེར་བཀོད་བཞག་ནུག། མི་རློབས་འདི་ཡོངས་རྫོགས་ཁྲོམ་ཚོགས་ནང་ཨིནམ་ལས་ མི་རློབས་མཐོ་ཤོས་ཡང་ ཀི་ལོ་མི་ཊར་གྲུ་བཞི་མ་རེ་ལུ་ མི་རློབས་ ༢༩༤༢.༢ དེ་ཅིག་ཡོདཔ་ཨིན་ཟེར་བཤད་དེ་འདུག།
ཧ་ཝ་ན་ཁྲོམ་ཚོགས་འདི་ སྤྱི་ལོ་ ༡༥༡༩ ལུ་ ཨིསི་པེན་གྱིས་གཞི་བཙུགས་འབད་ཡོདཔ་དང་ དེ་བསྒང་གྱོགས་པ་ར་ ཨིསི་པེན་རྒྱལ་ཁམས་ཀྱི་ ཐབས་བྱུས་ཅན་གྱི་གྲུ་ཆགས་ས་ཅིག་ལུ་གྱུར་ཏེ་ ཨིསི་པེན་ལུ་ལོག་འོངས་མི་ རྒྱུ་ནོར་གྱི་གྲུ་གཟིངས་ཚུ་ བཀག་ཆ་འབད་སའི་ས་གོ་གཙོ་བོ་ཅིག་སྦེ་ལཱ་འབད་ཡོདཔ་ཨིན་པས། ཁྲོམ་ཚོགས་འདི་གིས་ སྤྱི་ལོ་ ༡༥༥༥ ལུ་ ཕཱརནསི་གི་དམག་མི་ ཇེག་ཀིསི་ཌི་སོ་རེས་ཀྱིས་འགོ་ཁྲིད་འབད་དེ་ མཚོ་ཇག་གི་དམག་རྐྱབ་མི་ལེ་ཤ་ར་བྱུང་ཡོདཔ་ལས་ རྫོང་རྒྱ་སྦོམ་སྦེ་རྐྱབ་དགོཔ་ཐོན་ཡོདཔ་དང་ ཤུལ་ལས་ སྤྱི་ལོ་ ༡༦༠༧ ལུ་ ཧ་ཝ་ན་འདི་ ཀིའུ་བ་གི་རྒྱལ་ས་ལྟེ་བ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན། ཁྲོམ་ཚོགས་འདི་ དུས་རབས་ ༡༨ པའི་ནང་ ཡར་རྒྱས་འགྱོ་སྟེ་ གྲུ་བཟོ་སའི་ལྟེ་བ་གཙོ་བོ་ཅིག་ལུ་གྱུར་ཡོདཔ་མ་ཚད་ སྤྱི་ལོ་ ༡༧༦༢ ལུ་ ལོ་བདུན་གྱི་རིང་ལུ་དམག་འཁྲུག་རྐྱབ་པའི་སྐབས་ བིརི་ཊིཤ་གིས་ ཧ་ཝ་ན་གི་ས་ཁོངས་འདི་ ཨིསི་པེན་ལུ་ ལོག་མ་སྤྲོད་པའི་ཧེ་མ་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་ དབང་དུ་བསྡུ་ཡོད་པའི་ལོ་རྒྱུས་ཡང་འདུག། དེ་ལས་ ཧ་ཝ་ན་འདི་ རང་དབང་ཐོབ་པའི་ཤུལ་ལས་ ཁྲོམ་ཚོགས་འདི་ ལམ་སྲོལ་དང་དཔལ་འབྱོར་གྱི་ལྟེ་བ་ཅིག་ལུ་གྱུར་ཡོདཔ་དང་ སྤྱི་ལོ་ ༡༩༥༩ ལུ་ ཀིའུ་བཱན་གྱི་གཞུང་རྒོལ་ལུ་བརྟེན་ སྲིད་དོན་དང་མི་སྡེའི་ནང་འགྱུར་བ་སྦོམ་སྦེ་ར་འགྱོ་ཡོདཔ་དང་ ཁྲོམ་ཚོགས་འདི་ གཞུང་གི་དབང་དུ་བསྡུ་བའི་དཀའ་ངལ་དང་ སོ་ཝེཏ་ཡུ་ནི་ཡན་ཧྲམ་འགྱོ་བའི་ཤུལ་ལས་ དཔལ་འབྱོར་གྱི་གདོང་ལེན་མ་འདྲཝ་ལེ་ཤ་ར་བྱུང་ནུག།
ཧ་ཝ་ན་འདི་ ཁྲོམ་སྡེ་ ༡༥ ལུ་དབྱེ་སྟེ་ ཁྲོམ་སྡེ་དང་མངའ་སྡེ་གཉིས་ཆ་རའི་འགན་ཁུར་འབག་སྟེ་ལཱ་འབད་དོ་ཡོདཔ་ཨིན། ཁྲོམ་འདི་ ཧ་ཝ་ན་མངའ་སྡེ་གཞུང་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་དང་ རི་ནལ་ཌོ་གཱར་སི་ཡ་ཟ་པ་ཏ་གིས་ གཞུང་སྐྱོང་པ་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། སྲིད་དོན་ལམ་ལུགས་འདི་ དབང་ཚད་ལྟེ་བ་ལུ་བསྡུ་སྟེ་ཡོདཔ་ལས་ ཀིའུ་བ་དམངས་གཙོའི་ཚོགས་པ་གིས་ ཤན་ཞུགས་སྦོམ་སྦེ་ར་འབད་དེ་ཡོདཔ་ཨིནམ་དང་ ས་གནས་གཞུང་ནང་ མི་སྡེ་གནས་རིམ་གྱི་གནད་དོན་ཚུ་ ཐག་བཅད་མི་ མི་སེར་ཚོགས་སྡེ་ཚུ་ཡང་ཚུདཔ་ཨིན་པས།
ཧ་ཝ་ན་གི་གཞུང་འབྲེལ་སྐད་ཡིག་འདི་ ཨིས་པེ་ནིཤི་ཨིན་པས། ཁྲོམ་སྡེ་འདི་གི་ ལམ་སྲོལ་འདི་ ཨིས་པེ་ནིཤ་གི་དབང་འོག་སྲོལ་རྒྱུན་དང་ ཨཕ་རོ་ཀིའུ་བཱན་གི་ཤན་ཞུགས་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ལས་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ ཆོས་དང་འབྲེལ་བའི་ལག་ལེན་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོང་ཚུགསཔ་ཨིན། རང་ལུགས་ཀྱི་སྙན་ཆའི་རིགས་ཡང་ སཱན་དང་སཱལ་ས་ དེ་ལས་ རུམ་བ་ཚུ་ཨིནམ་དང་ འདི་ཚུ་ ཧ་ཝ་ན་གི་ཁྲོམ་ཚོགས་དང་མི་སེར་གྱི་ངོ་རྟགས་ལུ་ གལ་ཆེ་ཤོས་ཅིག་ཨིན་པས། ཁྲོམ་སྡེ་འདི་ དབང་འོག་དུས་སྐབས་ཀྱི་སྒྲིང་ཁྱིམ་དང་ རྫོང་ དེ་ལས་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ ཧ་ཝ་ན་རྙིངམ་བཟུམ་གྱི་ ཁྱིམ་ཚང་ཚུ་ཡོད་པའི་ བཟོ་རིགས་ཚུ་གི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་ཨིན། [༡]ཟེར་བཀོད་དེ་འདུག།
ཧ་ཝ་ན་གི་མི་སྡེ་ནང་ རྩེད་རིགས་འདི་ཁག་ཆེ་ཤོས་ཅིག་ཨིན་པས། བེསི་བཱོལ་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ལས་ ཁྲོམ་སྡེ་འདི་ནང་ སྡེ་ཚན་དང་རྩེད་ཐང་ལེ་ཤ་ཅིག་ཡོདཔ་ཨིན་པས། རྩེད་རིགས་གཞན་ཡང་ མཛོག་ཁྱད་དང་ ལག་རིལ་བོ་ལི་བཱོལ་ དེ་ལས་ ལུས་རྩེད་ཚུ་ཁྱབ་ཆེཝ་སྦེ་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པའི་ཁར་ སྤྲོ་བའི་ལས་རིམ་ཚུ་ཡང་ འཕྲལ་འཕྲལ་ར་ མི་སྡེ་འཛོམས་སའི་ས་གོ་ཅིག་སྦེ་ལག་ལེན་འཐབ་མི་ ཡོངས་གྲགས་ཅན་གྱི་མཚོ་གྱང་ མ་ལེ་ཀོན་བདའ་སྟེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། ཧ་ཝ་ན་གི་བཟའ་འཐུང་གིས་ ཨིསི་པེ་ནིཤ་དང་ཨཕ་རི་ཀ་ དེ་ལས་ ཀེ་རི་བི་ཡན་གྱི་བྲོཝ་ཚུ་ མཉམ་བསྡོམས་འབད་དེ་ གསལ་སྟོན་འབདཝ་ཨིན། བཞེས་སྒོ་གཙོ་བོ་ཚུ་ཡང་ ཆུམ་དང་སྲནམ་ཅུམ་ ཕག་ཤ་ དེ་ལས་ མཚོ་ཟས་ཚུ་ཨིན་པའི་ཁར་ ཁྲོམ་སྡེ་འདི་ རམ་དང་ སི་གཱར་ཟེར་གཏམ་ཁུ་དྲིལ་དུམ་གྱི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་དང་ དེ་ནང་ ཀིའུ་བཱན་གྱི་རིང་ལུགས་གི་བཟའ་འཐུང་དང་ མངར་ཆབ་བཀྲམ་སྤེལ་འབད་ས་ཚུ་ཡོདཔ་ཨིན།
ཧ་ཝ་ན་གི་དཔལ་འབྱོར་འདི་ བཟོ་གྲྭ་དང་སྐྱེ་ལྡན་འཕྲུལ་རིག་ དེ་ལས་ ལྟ་བཤལ་བཟུམ་གྱི་ ལས་སྡེ་ཚུ་ཨིན་མས། ཁྲོམ་འདི་ ཀིའུ་བ་གི་ཚོང་འབྲེལ་གྱི་ལྟེ་བ་ཅིག་ཨིནམ་དང་ གྲུ་ཁ་འདི་གིས་ ནང་འདྲེན་དང་ཕྱིར་ཚོང་གི་ཁག་ཆེ་བའི་འཛིན་སྐྱོང་འཐབ་ནི་ལུ་ཁེ་ཕན་བྱུང་ཡོདཔ་དང་ ལྟ་བཤལ་འདི་ ཁག་ཆེ་བའི་བཟོ་གྲྭ་ཅིག་ལུ་གྱུར་ཏེ་ཡོདཔ་ལས་ལྟ་བཤལཔ་ཚུ་ རྒྱལ་རབས་ཅན་གྱི་ས་ཁོངས་དང་ལམ་སྲོལ་གྱི་སྤྱན་འབུལ་ཚུ་གི་མཐོང་སྣང་ལུ་བརྟེན་ ཚུར་བཀུག་ཚུགས་དོ་ཡོདཔ་ཨིན་པས། ཨིན་རུང་ རྒྱལ་སྤྱིའི་བཀག་ཆ་དང་ ནང་འཁོད་ཀྱི་ལྕོགས་གྲུབ་མེད་མི་ལུ་བརྟེན་ དཔལ་འབྱོར་ལུ་གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། དེ་ཡང་ འདས་པའི་ལོ་ཚུ་ནང་ ཧ་ཝ་ན་ལུ་ གཞི་རྟེན་ཅ་ཆས་མ་ལངས་པའི་དཀའ་ངལ་དང་ གོང་ཚད་ཡར་སེང་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་བརྩིས་ཏེ་ དཔལ་འབྱོར་གྱི་དཀའ་ངལ་ཚུ་ ཐོན་ཏེ་ཡོདཔ་ཨིན་པས། རོ་ཌི་རི་གུ་ཟི་ཨེན་ཌི་རི་ཡ་[༢] གི་བཀོད་བཞག་མི་དང་འཁྲིལ་བ་ཅིན་ ཡུ་ཨེས་ཀྱི་ཚོང་འབྲེལ་བཀག་དམ་དང་ ཀོ་བིཌ་-༡༩ གི་ནད་ཡམས་ཀྱིས་ དཀའ་ངལ་འདི་ཚུ་ མང་སུ་མང་སུ་བཟོ་སྟེ་ ཕྱི་ཁར་འགྱོ་མི་དང་ མི་མང་གི་བློ་འདོད་ཚིམས་མ་ཚུགས་པའི་གདོང་ལེན་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན། གཞུང་གིས་ དཔལ་འབྱོར་ལེགས་སྒྱུར་འབད་ནི་ལུ་ རྩ་འགེངས་ཏེ་འབད་རུང་ མི་སེར་མང་ཤོས་ཅིག་གིས་ ཉིན་བསྟར་གྱི་མི་ཚེ་ནང་དཀའ་ངལ་ཚུ་ འཕྲོ་མཐུད་དེ་ར་འབྱུང་དོ་ཡོདཔ་ཨིན་ཟེར་བཤད་དེ་འདུག།
ཧ་ཝ་ན་ཁྲོམ་སྡེ་འདི་ རྒྱལ་རབས་ཀྱི་ཕྱུགཔོ་ཅིག་འབདཝ་ལས་ དེང་སང་གི་གདོང་ལེན་ག་བཟུམ་འབྱུང་རུང་ འདི་ལུ་རྒྱབ་བཤུད་མེད་པར་ ངོས་ལེན་འབད་ཚུགས་པའི་ ཁྱད་པར་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་འདི་ནང་ དཔལ་འབྱོར་དང་མི་སྡེའི་མགུ་རྙོག་དྲགས་ཚུ་གི་ཐད་ཁར་དཀའ་ངལ་སེལ་བའི་སྐབས་ལུ་ཡང་ ལམ་སྲོལ་ཕྱུགཔོ་དང་ མི་རློབས་བཟོད་བསྲན་ཅན་ཚུ་གིས་ རང་བཤིས་འདི་ འཕྲོ་མཐུད་དེ་ར་ ངེས་ཚིག་བརྗོད་དོ་ཡོདཔ་ཨིན། དེ་མ་ཚད་ ཧ་ཝ་ན་ཁྲོམ་སྡེ་འདི་ ཀིའུ་བ་གི་རྒྱལ་ས་ལྟེ་བ་ཅིག་འབདཝ་ལས་ རྒྱལ་ཁབ་ཀྱི་ངོ་རྟགས་དང་ གཞན་གྱིས་རེ་འདོད་ཅན་གྱི་ཁྲོམ་ཚོགས་ཅིག་སྦེ་ལུས་ཡོདཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།
- 1 2 3 Wikipedia. (2025). Havana. Published by: Creative Commons. Retrieved from: https://en.wikipedia.org/wiki/Havana
- ↑ Rodriguez, A. (2020). Economy tanking, Cuba launches some long-delayed reforms. Published by: The Associated Press. Retrieved from: https://apnews.com/article/virus-outbreak-global-trade-havana-cuba-latin-america-1fa09d2dfeded715f443677e82dd5b7c