Jump to content

ཧ་ལི་ཕེགསི། Halifax

Wikipedia ལས།
ར་ཐུའསི་ཧ་ལི་ཕེགསི།

༉ ཧ་ལི་ཕེགསི་འདི་ ནོ་ཝ་ཨེསི་ཀོ་ཤི་ཡ་མངའ་སྡེའི་རྒྱལ་ས་ལྟེ་བ་དང་ ཨེ་ཊ་ལན་ཊིག་ཀེ་ན་ཌ་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། འཛམ་གླིང་ནང་ རང་བཞིན་གྱི་མཚོ་འགྲམ་སྦོམ་ཤོས་ཅིག་ནང་ཆགས་ཡོད་མི་ ཧ་ལི་ཕེགསི་འདི་ མཚོ་གྲུའི་སྲོལ་ཁྱུན་དང་ལམ་སྲོལ་གྱི་མི་ཚེ་ དེ་ལས་ ཀེ་ན་ཌ་གི་རྒྱལ་རབས་ནང་ ཐབས་བྱུས་ཁག་ཆེ་བའི་ཁྲོམ་སྡེ་ཅིག་སྦེ་ ཡོངས་གྲགས་ཡོད་པའི་ཁར་ ཤར་ཕྱོགས་མཚོ་འགྲམ་ལུ་ དཔལ་འབྱོར་དང་གཞུང་ དེ་ལས་ དམག་སྡེ་གི་ལྟེ་བ་ཅིག་ཨིན་པས།  

ཝི་ཀི་པི་ཌི་ཡ་ []དང་འཁྲིལ་བ་ཅིན་ ཧ་ལི་ཕེགསི་ལུང་ཕྱོགས་ཁྲོམ་སྡེ་གི་ས་ཆའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་མ་ ༥,༤༩༠.༣༥ དེ་ཅིག་ ཁྱབ་སྟེ་ཡོདཔ་ལས་ ཀེ་ན་ཌའི་ས་ཁོངས་ནང་ ཁྲོམ་སྡེ་སྦོམ་ཤོས་ཅིག་ཨིན་པས། འདི་ནང་ལུ་ ཧེ་མའི་ཁྲོམ་ཚོགས་ ཧ་ལི་ཕེགསི་དང་ཌརཊ་མའུཐ་ དེ་ལས་ བེཌ་ཕོརཌ་དང་ ཉེ་འདབས་ཀྱི་གྲོང་གསེབ་ས་ཁོངས་ཚུ་ཚུདཔ་ཨིན། སྤྱི་ལོ་ ༢༠༢༡ ལོའི་ ཀེ་ན་ཌའི་མི་རྩིས་དང་འཁྲིལ་བ་ཅིན་ ཧ་ལི་ཕེགསི་ལུང་ཕྱོགས་ཁྲོམ་སྡེ་ནང་ མི་རློབས་ ༤༣༩,༨༡༩ དེ་ཅིག་ཡོདཔ་ལས་ ཨེཊ་ལན་ཊིག་ཀེ་ན་ཌའི་མི་རློབས་ལྟེ་བ་སྦོམ་ཤོས་ཅིག་ཨིན་པས། མི་འབོར་ཞིབ་རྩིས་དང་འཁྲིལ་བ་ཅིན་ མི་རིགས་མང་ཤོས་ཅིག་ར་ ཡུ་རོབ་ཀྱི་རིགས་བརྒྱུད་ལས་ཨིན་མས། གལ་གནད་ཅན་དང་ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ ཨཕ་རི་ཀའི་ནོ་ཝ་ཨིསི་ཀོ་ཤི་ཡ་དང་ ས་གནས་ཀྱི་མིག་མངག་མི་སྡེ་ཚུ་ཨིན་པས། ཨེ་ཤི་ཡ་དང་ ཤར་འབུས་ དེ་ལས་ ཨཕ་རི་ཀ་ལས་ ནང་སྐྱོད་ཀྱི་སྲིད་བྱུས་དང་ གཙུག་ལག་སློབ་སྡེ་ཚུ་ལུ་བརྟེན་ ནང་སྐྱོད་འབད་མི་གི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་དང་ གཙུག་ལག་སློབ་སྡེ་ལེ་ཤ་ཡོད་མི་མི་འདི་གིས་ མི་རློབས་མང་ཤོས་ར་ ན་གཞོན་ཚུ་ཡོདཔ་ཨིན་པས།  

ཧ་ལི་ཕེགསི་ལུ་ ས་གནས་ཀྱི་མི་ཚུ་དང་ དབང་འོག་བཙུགས་མི་གཉིས་ཆ་ར་ལུ་ བྱུང་རབས་གཏིང་ཟབ་པ་དང་ མགུ་རྙོག་དྲག་སྦེ་ཡོདཔ་ཨིན། ཁྲོམ་སྡེ་འདི་དབང་འོག་མ་བཙུགས་པའི་ ཧེ་མའི་དུས་སྐབས་ནང་ ཡུ་རོབ་ཀྱི་མི་ཚུ་གཞི་མ་ཆགས་པའི་ཧེ་མ་ ལོ་ངོ་སྟོང་ཕྲག་ལས་བཅད་དེ་ ས་གནས་འདི་ནང་ མིག་མངག་མི་རིགས་ཚུ་འཁྱམས་སྡོད་ནུག། སྤྱི་ལོ་ ༡༧༤༩ ལུ་ ཧ་ལི་ཕེགསི་འདི་ ཨེཌ་ཝརཌ་ཀོར་ཝལ་ལིས་ཀྱིས་ ལུའསི་བོརག་ལུ་ ཕཱནརསི་གི་གནས་སྟངས་ལུ་ གདོང་ལེན་འབད་ནིའི་དོན་ལུ་ བིརི་ཊིཤ་གི་དམག་སྡེ་ཅིག་སྦེ་ གཞི་བཙུགས་འབད་ནུག། དེ་ལས་ སྤྱི་ལོ་ ༡༩༡༧ ལུ་ ཀེ་ན་ཌའི་རྒྱལ་རབས་ནང་ གནོད་སྐྱོན་སྦོམ་ཤོས་ཅིག་ཨིན་མི་ ཧ་ལི་ཕེགསི་གྲུ་ཁར་ མཚོན་ཆའི་གྲུ་འགས་འགྱོ་མི་འདི་གིས་ མི་སྟོང་ཕྲག་ ༢ དེ་ཅིག་ལུ་ཤི་རྐྱེན་དང་ སྟོང་ཕྲག་ལས་བཅད་དེ་ རྨ་སྐྱོན་བྱུང་ནུག། ཧ་ལི་ཕེགསི་གིས་ འཛམ་གླིང་དམག་ཆེན་དང་པ་དང་གཉིས་པའི་ནང་ མཚོ་དམག་གི་གཞི་རྟེན་ཅིག་སྦེ་ འགན་ཁུར་གཙོ་བོ་འབག་ཡོདཔ་དང་ སྤྱི་ལོ་ ༡༩༩༦ ལུ་ ཧ་ལི་ཕེགསི་དང་ ཌརཊ་མའུཐ་ དེ་ལས་ བེཌ་ཕོརཌ་དང་ ཧ་ལི་ཕེགསི་གི་མངའ་སྡེ་ཚུ་ གཅིག་ཁར་བསྡོམས་ཏེ་ ཧ་ལི་ཕེགསི་ལུང་ཕྱོགས་ཁྲོམ་སྡེ་གཞི་བཙུགས་འབད་ནུག།

ཧ་ལི་ཕེགསི་འདི་ ནོ་ཝ་ཨིསི་ཀོ་ཤི་ཡ་མངའ་སྡེ་ནང་ལུ་ཆགས་ཡོདཔ་དང་ ཁྲོམ་སྡེ་དང་མངའ་སྡེ་གཞུང་གི་ གཙུག་སྡེ་གཉིས་ཆ་རའི་ གཞི་གནས་ཅིག་ཨིན། ཁྲོམ་ཚོགས་འདི་ ཧ་ལི་ཕེགསི་ལུང་ཕྱོགས་ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་དང་ དེ་ནང་ ཁྲོམ་དཔོན་དང་ རྫོང་ཁག་སོ་སོ་ཚུ་གི་ངོ་ཚབ་སྦེ་ ཚོགས་སྡེའི་འཐུས་མི་ ༡༦ ཡོདཔ་ཨིན། མངའ་སྡེའི་གནས་རིམ་ནང་ ཧ་ལི་ཕེགསི་ལུ་ ནོ་ཝ་ཨིསི་ཀོ་ཤི་ཡ་ཁྲིམས་བཟོ་ལྷན་ཚོགས་ཡོདཔ་ཨིན། སྤྱི་མཐུན་གཞུང་གིས་ ཧ་ལི་ཕེགསི་འདི་ བཙག་འཐུའི་རྫོང་ཁག་ལེ་ཤ་ཅིག་བརྒྱུད་དེ་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ངོ་ཚབ་འབདཝ་ཨིནམ་དང་ སྲིད་དོན་གྱི་ཐད་ལུ་ ལུང་ཕྱོགས་འདི་ མ་འདྲཝ་སྦེ་ཡོདཔ་ལས་ རང་དབང་ཚོགས་པ་དང་ དམངས་གཙོའི་ཚོགས་པ་གསརཔ་ དེ་ལས་ རྙིང་ཞེན་སྲིད་ཚོགས་ལས་ ངོ་ཚབ་ཚུ་ཡོདཔ་ཨིན།

སྐད་ཡིག་གི་ཐད་ཁར་ ཨིང་སྐད་འདི་ ཁྱབ་ཆེ་ཤོས་དང་གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིན། ཕཱརནསི་གི་སྐད་ཡིག་འདི་ཡང་ མི་ཉུང་ཤོས་ཅིག་གིས་སླབ་དོ་ཡོད་རུང་ ཞབས་ཏོག་ཚུ་ གཞུང་འབྲེལ་གྱི་སྐད་ཡིག་གཉིས་ཆ་རའི་ནང་ འཐོབ་ཚུགསཔ་ཨིན། ཨ་ར་བིག་དང་མན་ཌ་རིན་ དེ་ལས་ མིག་མངག་བཟུམ་གྱི་སྐད་ཡིག་གཞན་མི་ཚུ་ ཕྱི་མི་ནང་སྐྱོད་འབད་མི་དང་ ས་གནས་ཀྱི་མི་སྡེ་ནང་ལུ་ སླབ་དོ་ཡོདཔ་ཨིན་མས། ཧ་ལི་ཕེགསི་འདི་ ཤར་ཕྱོགས་ཀེ་ན་ཌ་གི་ ལམ་སྲོལ་ལྟེ་བ་ཅིག་ཨིནམ་དང་ འདི་ཡང་ མཚོ་འགྲུལ་གྱི་བྱུང་རབས་དང་ ས་གནས་ཀྱི་རྩ་བ་ དེ་ལས་ ཨིས་ཀོ་ཊིཤ་གི་སྲོལ་ཁྱུན་ཚུ་ཤུགས་སྦེ་ར་ ཤན་ཞུགས་འབད་དེ་ཡོདཔ་ཨིན། ད་རུང་ འགྲེམས་སྟོན་ཁང་ལེ་ཤ་ཅིག་ཡོད་པའི་ཁྲོམ་སྡེ་ཅིག་ཡང་ཨིན། དཔེར་ན་ ཨིཊ་ལེན་ཊིག་གི་མཚོ་གྲུ་འགྲེམས་སྟོན་ཁང་ སྒྱུ་རྩལ་འགྲེམས་སྟོན་ཁང་དང་ སྙན་ཆའི་དུས་སྟོན་ཚུ་ཨིན། ལོ་བསྟར་གྱི་ལས་རིམ་ཚུ་ ཧ་ལི་ཕེགསི་ཇེཟི་དུས་སྟོན་དང་ ཧ་ལི་ཕེགསི་པོཔ་འབར་རྫས་ དེ་ལས་ ཨེཊ་ལེན་ཊིག་གློག་བརྙན་དུས་སྟོན་ཚུ་ འགོ་འདྲེན་འཐབ་ཨིན། སྔར་སྲོལ་གྱི་ཨིས་ཀོ་ཊིཤ་དང་ ཨེ་ཀེ་ཌི་ཡན་གི་དུས་སྟོན་ཚུ་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ གྱོན་ཆས་ཚུ་གི་ཐོག་ལུ་ ཉམས་སྲུང་འབད་དེ་ཡོདཔ་ཨིན།

ཁྲོམ་ཚོགས་འདི་ནང་ལུ་ རྩེད་རིགས་དང་སྤྲོ་སྟོན་གི་ལས་རིམ་ཚུ་ མི་ཚེའི་ནང་ གལ་ཆེ་བའི་ཆ་ཤས་ཅིག་ཨིན། ཡོངས་གྲགས་ཅན་གྱི་རྩེད་རིགས་ཚུ་ཡང་ འཁྱེག་ཧོ་ཀི་དང་ རག་བི་ ལག་རོསི་ དེ་ལས་ གྲུ་གཏང་ནི་ཚུ་ཨིན། ཁྲོམ་འདི་ནང་ བང་རྒྱུག་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ ཆུའི་མཐའ་མར་ བཱོཌ་ཝལཀ་དང་ མི་མང་གླིང་ག་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། ཧ་ལི་ཕེགསི་གི་བཟའ་འཐུང་གིས་ རྒྱལ་སྤྱིའི་ཤན་ཞུགས་དང་གཅིག་ཁར་ ཨེཊ་ལེན་ཊིག་ཀེ་ན་ཌི་ཡན་གྱི་བྲོཝ་སླ་བསྲེ་རྐྱབ་ཏེ་ཡོདཔ་ཨིན། མཚོ་ཟས་ཀྱི་བཞེས་སྒོ་ དཔེར་ན་ ལྦ་སི་ཊར་རོལ་དང་ སི་ཀཱལ་ལོཔ་ ཉ་དང་ཆིབ་སི་ དེ་ལས་ ཀླམ་ཅའུ་ཌར་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་ཅིག་ཨིན། ས་གནས་ཀྱི་དམིགས་བསལ་གྱི་ ཧ་ལི་ཕེགསི་ཌོ་ནེར་བཟུམ་གྱི་དོན་ལུ་ཡོངས་གྲགས་ཡོདཔ་ཨིན། ཤར་ཕྱོགས་བར་མ་དང་ ཨེ་ཤི་ཡ་ ཀེ་རི་བི་ཡན་ དེ་ལས་ ཨཕ་རི་ཀ་གི་སྡེ་ཚན་ནང་ལས་ བཞེས་སྒོ་མ་འདྲཝ་ཚུ་བྱིན་དོ་ཡོདཔ་ཨིན། ལག་བཟོའི་ཆང་ཁང་དང་ ཆང་བཟོ་ཁང་ཚུ་ ཧ་ལི་ཕེགསི་གི་བཟའ་འཐུང་ལམ་སྲོལ་གྱི་ གལ་གནད་ཅན་གྱི་ཆ་ཤས་ཅིག་ཨིན།

ཧ་ལི་ཕེགསི་ལུ་ ལས་ཁུངས་སྣ་ཚོགས་ཀྱི་དཔལ་འབྱོར་སྣ་མང་ཡོདཔ་ཨིན། མི་མང་ལས་ཁུངས་ཀྱི་ལཱ་གཡོག་ གཞུང་གི་ཡིག་ཚང་དང་ གསོ་བའི་ཞབས་ཏོག་ དེ་ལས་ གཙུག་ལག་སློབ་སྡེ་ཚུ་ཨིན། འཛམ་གླིང་ནང་ འཁྱེག་མེད་པའི་ ཆུ་གཏིང་ཟབ་པའི་གྲུ་ཁ་སྦོམ་ཤོས་ཅིག་དང་ དངུལ་ཁང་དང་ཕིན་ཊེག་གི་དོན་ལུ་ ལུང་ཕྱོགས་ལྟེ་བ་ཅིག་ཨིན། ཌལ་ཧའུ་སི་གཙུག་ལག་སློབ་སྡེ་དང་ མེ་རི་གཙུག་ལག་སློབ་སྡེ་བཟུམ་གྱི་གཙུག་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ འཕྲུལ་རིག་འགོ་བཙུགས་པའི་མཐོང་སྣང་འདི་ ཡར་འཕར་འགྱོ་དོ་ཡོདཔ་ཨིན། མཚོ་མཐའི་མཛེས་སྡུག་དང་ རྒྱལ་རབས་ཀྱི་ས་ཁོངས་ཚུ་གིས་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་ས་ཡ་ལས་བཅད་དེ་ འོང་དོ་ཡོདཔ་ཨིན། ཧ་ལི་ཕེགསི་གྲུ་ཁ་གིས་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ ཀེ་ན་ཌ་དང་ ཡུ་རོབ་དང་ ཨེ་ཤི་ཡ་ དེ་ལས་ ཡུ་ཨེས་ཚུ་དང་འབྲེལ་མཐུད་འབདཝ་ཨིན་མས། ཧ་ལི་ཕེགསི་གིས་ རེ་ལི་དང་གནམ་གྲུ་ དེ་ལས་ གཞུང་ལམ་གྱི་ཡོངས་འབྲེལ་ཚུ་བརྒྱུད་དེ་ ཚོང་འབྲེལ་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་དང་ ལུང་ཕྱོགས་འདི་གིས་ མཚོ་ཟས་དང་ ནགས་ཚལ་ཐོན་སྐྱེད་ གནམ་གྲུའི་ཆ་ཤས་ དེ་ལས་ མཉེན་ཆས་ཞབས་ཏོག་ཚུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས།

ཧ་ལི་ཕེགསི་ཁྲོམ་སྡེ་འདི་ སྟོབས་ཤུགས་ཅན་གྱི་ཁྲོམ་སྡེ་ཅིག་ཨིན་རུང་ དེང་སང་གི་གདོང་ལེན་ལེ་ཤ་ཅིག་རང་ཡོདཔ་ཨིན། དེ་ཡང་ མཁོ་འདོད་ཡར་སེང་འགྱོ་མི་ལུ་བརྟེན་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་དང་ གོང་ཚད་ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། ཁྱིམ་མེད་མི་དང་དབུལ་ཕོངས་ཀྱི་དཀའ་ངལ་འདི་ དམིགས་བསལ་གྱིས་ མཐའ་ཟུར་གྱི་མི་སྡེ་ཚུ་ལུ་ གནོད་རྐྱེན་རྐྱབ་དོ་ཡོདཔ་ཨིནམ་དང་ ཧ་ལི་ཕེགསི་འདི་ མཚོ་མཐའི་ཁྲོམ་ཚོགས་ཅིག་འབདཝ་ལས་ གནམ་གཤིས་འགྱུར་བ་ལུ་བརྟེན་ མཚོ་མཐའི་གནས་ཚད་ཡར་སེང་འགྱོ་དོ་ཡོདཔ་ལས་ ཁྲོམ་གྱི་ས་སྒོ་ཚུ་འཕྱགས་བདའ་བའི་ ཉེན་ཁ་ཡོདཔ་ཨིན། ཀེ་ན་ཌ་གི་ས་གནས་མང་ཤོས་ཅིག་བཟུམ་སྦེ་ ཧ་ལེ་ཕེགསི་ཁྲོམ་སྡེ་འདི་གིས་ཡང་ གསོ་བའི་ཞབས་ཏོག་ལས་ཁུངས་ནང་ དུས་ཡུན་རིངམོ་སྦེ་ བསྒུག་དགོཔ་དང་ ལས་བྱེདཔ་མ་ལང་པའི་དཀའ་ངལ་ཚུ་གི་དཀའ་ངལ་འབྱུང་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་ནང་འཁོད་ཀྱི་ ཁྲོམ་སྡེ་དང་ གྲོང་གསེབ་ཀྱི་ དཔལ་འབྱོར་འདྲ་མཉམ་མེད་པའི་གདོང་ལེན་ཡང་ཡོདཔ་ཨིན་པས།[]

ཧ་ལི་ཕེགསི་འདི་ ཀེ་ན་ཌ་གི་ ཨེཊ་ལེན་ཊིག་ལུང་ཕྱོགས་ནང་ལུ་ སེམས་ཤུགས་ཅན་དང་ རྒྱལ་རབས་ཅན་ དེ་ལས་ ཐབས་བྱུས་ཁག་ཆེ་བའི་ཁྲོམ་ཚོགས་ཅིག་ཨིན། ཧ་ལི་ཕེགསི་འདི་ ས་གནས་ཀྱི་རྩ་བ་དང་ དབང་འོག་བཙུགས་པའི་སྐབས་ལས་ ལམ་སྲོལ་དང་དཔལ་འབྱོར་ དེ་ལས་ ཤེས་རིག་གི་ལྟེ་བ་ཅིག་སྦེ་ དེང་སང་གི་ངོ་རྟགས་ཚུན་ཚོད་ འཕྲོ་མཐུད་དེ་ར་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་པས། ཁྲོམ་ཚོགས་ཀྱི་དཀའ་ངལ་ཚུ་ སྡོད་ཁྱིམ་དང་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་གཏང་ནི་བཟུམ་གྱི་ གདོང་ལེན་ཚུ་འབྱུང་སྟེ་ཡོད་རུང་ ཀེ་ན་ཌ་གི་ ཤར་མཚོའི་མཐའ་མར་ ལམ་སྲོལ་དང་གསར་གཏོད་ཀྱིས་ གཞན་དང་མ་འདྲ་བའི་ ཁྲོམ་སྡེ་ཅིག་སྦེ་ལུས་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

  1. 1 2 Wikipedia. (2025). Halifax, Nova Scotia. The Free Encyclopedia. Published by: Creative commons. Retrieved form: https://en.wikipedia.org/wiki/Halifax,_Nova_Scotia
"https://dz.wikipedia.org/w/index.php?title=ཧ་ལི་ཕེགསི།_Halifax&oldid=39579" ལས་ སླར་འདྲེན་འབད་ཡོདཔ།