ཧང་ཇུའོ། རྒྱ་ནག། Hangzhou, China

༉ ཧང་ཇུའོ་འདི་ ཤར་ཕྱོགས་རྒྱ་ནག་གི་ཇེ་ཇི་ཡང་མངའ་སྡེ་གི་ལྟེ་བ་ཅིག་ཨིནམ་པས། ཁྲོམ་འིད་རྒྱ་ནག་གི་ཡོངས་གྲགས་ཅན་དང་བྱུང་རབས་ཅན་གྱི་མཛེས་ཆ་དང་ལྡན་པའི་ཁྲོམ་ཚོགས་ཅིག་སྦེ་ཡོདཔ་ཨིན། དེ་བཟུམ་སྦེ་ཡན་ལག་མངའ་སྡེའི་ཁྲོམ་ཚོགས་འདི་ ཧེ་མ་རྒྱ་ནག་གི་རྒྱལ་ས་ལྟེ་བ་བདུན་ཡོད་ས་ལས་ཅིག་སྦེ་སྡོད་ནུག། ཁྲོམ་འདི་ཨི་ཊ་ལི་གི་འགྲོ་འགྲུལ་པ་མར་ཀོ་པོ་ལོ་ཟེར་མི་གིས་ འཛམ་གླིང་ནང་འགྲོ་འགྲུལ་འབད་ནིའི་དོན་ལུ་ དྲག་ཤོས་དང་འབྱོར་ཉམས་ལྡན་པ་ཅིག་ཨིནམ་སྦེ་བཤད་ནུག། དེ་བཟུམ་སྦེ་ཁྲོམ་འདི་ ཞིང་ཁམས་མིའི་ཡུལ་ལུ་ལྷོད་པའི་ས་ཆ་ཨིནམ་སྦེ་ཡང་བཤདཔ་ཨིན་པས།[༡] ཧང་ཇུའོ་འདི་ རྒྱ་ནག་གི་ཤར་ཕྱོགས་ཀྱི་མཚོ་འགྲམ་ལུ་ཆགས་ཏེ་ཡོདཔ་དང་ ཡང་ཙི་གཙང་ཆུ་གི་ལྷོ་ཐ་ཁུག་དང་ ཤང་ཧའེ་ལས་ལྷོ་ཁ་ཐུག་ ཀི་ལོ་མི་ཊར་ ༡༧༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་སྤྱི་ལོ་ ༡༩༣༧ ལས་ ༡༩༤༥ ཚུན་ཚོད་ཇ་པཱན་གྱི་མངའ་འོག་ལུ་སྡོད་ཡོདཔ་ཨིན། ཁྲོམ་སྡེ་དེའི་མི་རློབས་འདི་ ས་ཡ་ ༡༣ དེ་ཅིག་ཡོདཔ་ཨིན་པས། ཁྲོམ་སྡེ་ལུ་ རྫོང་ཁག་བཅུ་ཐམ་དང་ གཡུས་ཚད་གཉིས་ དེ་ལས་ གཡུས་ཚན་གྱི་གནས་ཚད་ཁྱི་ཁྲོམ་ཡོདཔ་ཨིན།[༢]
ལྟ་བཤལ་པའི་མིག་གིས་བལྟ་སྟེ་ཚོར་སྣང་མྱོང་སའི་ཡུལ་དྲག་ཤོས་འདི་ ཧང་ཇུའོ་ལུ་ཡོད་པའི་དུབ་ཀྱི་མཚོ་འདི་ཨིན་པས། སྤྱི་ལོ་ ༢༠༡༦ ལུ་ རྒྱལ་ཁབ་ ༢༠ ཀྱིས་གྲལ་གཏོགས་ཡོད་པའི་ཞལ་འཛོམས་ཅིག་ ཁྲོམ་ཚོགས་འདི་ནང་འཚོགས་ཡོདཔ་ཨིན།[༣] མཐོང་སྣང་ཅན་གྱི་ནུབ་ཀྱི་མཚོ་ལུ་ ལམ་སྲོལ་དང་འབྲེལ་བའི་རྗེས་ཤུལ་དངོས་པོ་ཡོད་པའི་ས་ཁོངས་ ༦༠ དེ་ཅིག་ཡོདཔ་དང་ རང་བཞིན་གྱི་མཛེས་ཆ་གི་དོན་ལུ་སེམས་ཤོར་ས་ཅིག་ཡང་ཨིན་པས། དེ་ལས་མཚོ་ཡོད་ས་ལས་མཐོང་སྣང་མཐོང་ས་ལུ་ལྟཝ་ད་ མཐོང་སྣང་དགའ་ཏོག་ཏོ་ཚུ་མཐོང་ཚུགས་ཏེ་སེམས་ཞི་བདེ་ལུ་བཀོད་པའི་ཁྱད་ཆོས་ཡོདཔ་ལས་ རྒྱ་ནག་གི་མི་ཁུངས་ཚུ་དང་ཕྱིའི་ལྟ་བཤལ་པ་ཚུ་གིས་ལྟ་སྐོར་ལུ་འོང་དོ་ཡོདཔ་ཨིན། ཧང་ཇུའོ་འདི་ཞི་ཇི་ཡང་མངའ་སྡེ་གི་ སྲིད་དོན་དང་ དཔལ་འབྱོར་ ལམ་སྲོལ་ ཤེས་ཡོན་ སྐྱེལ་འདྲེན་དང་ དངུལ་འབྲེལ་གྱི་ལྟེ་བ་ཅིག་སྦེ་རྩི་དོ་ཡོདཔ་མས། སྤྱི་ལོ་ ༢༠༢༢ ཀྱི་ ཨེ་ཤི་ཡ་གི་རྩོདམོ་ཚུ་ཡང་ ས་གནས་དེ་ཁར་འགོ་འདྲེན་འཐབ་ཡོདཔ་ཨིན། [༣]
ཧང་ཇུའོ་ལུ་ཆུ་རྩ་བའི་ཁྲོམ་ཡོདཔ་དང་ མཚོ་བལྟ་ནིའི་ས་གོ་ གཡུར་ཆེན་ ཌེ་གཱོན་ཇ་འཐོན་སའི་ས་ཁོངས་ སེ་ཤུད་འཐོན་ས་ཚུ་ ཡོདཔ་ཨིན། དེ་ལས་སྡོད་ནིའི་དོན་ལུ་ སྐར་མ་མ་འདྲཝ་འབད་མིའི་སྡོད་ཁང་དང་ཟ་ཁང་ཚུ་ཡོདཔ་ཨིན། སྔོན་དང་ཕུ་གི་བཟོ་བཀོད་གུར་ དེང་སང་གི་བཟོ་བཀོད་ཡོད་པའི་ཁྲོམ་ཅིག་ཨིན་མས། ཁྲོམ་ནང་ ཕར་ཚུར་འགྲོ་འགྲུལ་འབད་ནིའི་དོན་ལུ་ གནམ་གྲུ་དང་ རེལ་ལི་ སྣུམ་འཁོར་གྱི་ཞབས་ཏོག་ཚུ་སྤྱོད་སར་ཡོདཔ་ཨིན། ཨ་ལི་བ་བ་ཟེར་མི་འཛམ་གླིང་ནང་ཡོངས་གྲགས་ཅན་ཡོད་པའི་ཚོང་སྡེ་སྦོམ་ཤོས་འདི་ཡང་ ཧང་ཇུའོ་ལུ་གཞི་བཙུགས་འབད་ཡོདཔ་དང་ ཚོང་འབྲེལ་འདི་ཕུན་སུམ་འཚོག་བཞིན་ཡོདཔ་ཨིན། ཁྲོམ་འདི་ཧེ་མ་ནང་འཁོད་ཚོང་འབྲེལ་འཐབ་ས་ཅིག་སྦེ་སྡོད་ཡོད་རུང་ སྤྱི་ལོ་ ༡༨༩༦ ལས་ཕྱི་རྒྱལ་དང་གཅིག་ཁར་ཚོང་འབྲེལ་འཐབ་ནི་ཡང་འགོ་བཙུགས་ཡོདཔ་ཨིན། དེ་བཟུམ་སྦེ་ཁྲོམ་ནང་བཟོ་གྲྭ་འཕྲུལ་ཁང་ཚུ་ཡང་ཡོདཔ་མ་ཚད་ སྐྱེད་ཚལ་ལྡུམ་ར་ཚུ་རི་དང་ནགས་ཚལ་ནང་ལས་ཡོདཔ་ཨིན་པས། དེ་ལས་ ལས་སྒྲིག་དག་ནི་དང་ཕྱི་མིའི་དབང་པོ་ལུ་ འཇིག་རྟེན་གྱི་ལཱ་ལས་སེམས་སངས་ཐབས་དང་ཞི་བདེ་མྱོང་ཐབས་ལུ་ རི་དང་ནགས་ཚལ་ནང་ལས་ཕར་ཡོད་པའི་ ནང་པའི་ལྷ་ཁང་ མང་རབས་ཅིག་ཡང་ མཇལ་ནིའི་དོན་ལུ་ཁྲོམ་དེ་ནང་ཡོདཔ་ཨིན།[༤]
ཧང་ཇུའོ་ལུ་ གནམ་གཤིས་ ཚ་དྲོད་རན་པའི་ཁར་ རློན་གཤེར་ཅན་ཡོདཔ་ཨིན། དེ་ལས་དུས་དང་བསྟུན་ཏེ་ དུས་བཞི་ཡང་ གསལ་རི་རི་སྦེ་ཡོད་མི་དེ་ཡང་ དུས་ཡུན་རིང་བའི་ཁར་ གནམ་མེད་ས་མེད་ཚདཔ་ཚ་སྟེ་ རློན་ཆག་ཆ་ཡོད་པའི་གནམ་བྱཱར་དང་ བསིལ་ཀྲག་ཀྲ་ཡོད་པའི་་ཁར་ས་སྨུག་ཁོག་ཁོ་ དེ་ལས་སྐམ་ཀྲག་ཀྲ་སྦེ་ཡོད་པའི་གནམ་དགུན་འབྱུང་ནི་ཡོདཔ་ཨིན། རེ་ཚེ་སྐབས་གནམ་དགུན་ལུ་ཁཝ་རྐྱབ་ཨིན་པས། ལོ་བསྟར་གྱི་དྲོག་ཤུགས་ཡང་ སྤྱིར་སྙོམས་ལུ་ ཌིག་རི་སེལ་སིཡསི་ ༡༧ ཨིནམ་དང་ ཟླཝ་རེའི་ཉིན་བསྟར་གྱི་དྲོག་ཤུགས་སྤྱིར་སྙོམས་ལུ་ སྤྱི་ཟླ་ ༡ པའི་ནང་ ཌིག་རི་སེལ་སིཡསི་ ༥ ལས་ སྤྱི་ཟླ་ ༧ པའི་ནང་ ༢༩.༣ འཐོན་དོ་ཡོདཔ་ཨིན་པས། དེ་ལས་ ཁྲོམ་ཚོགས་དེའི་ཆར་པའི་ཚད་གཞི་ཡང་ ལོ་བསྟར་བཞིན་དུ་སྤྱིར་སྙོམས་ལུ་ མི་ལི་མི་ཊར་ ༡༤༣༨ འབབ་དོ་ཡོདཔ་ཨིན་པས། [༥]
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་ཁུངས་དཔེ་དེབ།
- ↑ ཅཱའེ་ན་ཧའེ་ལའེཊ། (ལོ་མེད།) ཧང་ཇུའོ་གི་ལམ་འགྲུལ་ལམ་སྟོན། རྒྱ་ནག། https://www.chinahighlights.com/hangzhou/ ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་པི་ཌི་ཡི། (༢༠༢༥) ཧང་ཇུའོ། https://en.wikipedia.org/wiki/Hangzhou#cite_note-11 ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡི། (༢༠༢༤) ཧང་ཇུའོ། https://simple.wikipedia.org/wiki/Hangzhou ནང་ལས་ཐོབ་ཡོདཔ་ཨིན།
- ↑ བིརི་ཊ་ནི་ཀ། (༢༠༢༥) ཧང་ཇུའོ། https://www.britannica.com/place/Hangzhou ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་པི་ཌི་ཡི། (༢༠༢༥) ཧང་ཇུའོ། https://en.wikipedia.org/wiki/Hangzhou#cite_note-11 ནང་ལས་ཐོབ་ཡོདཔ་ཨིན།