ཨས་ཊི་ཡ
ཨས་ཊི་ཡ།

དབུས་ཕྱོགས་ཡུ་རོབ་ཀྱི་ མཚོ་ཁའི་རྒྱལ་ཁབ་ཅིག་ཨིན་མི་ ཨཱོས་ཊི་ཡ་འདི་ སེམས་ཁར་འབབ་པའི་ ས་ཆའི་གནས་སྟངས་དང་ ལམ་སྲོལ་གྱི་ སྲོལ་རྒྱུན་ཕྱུགཔོ་ དེ་ལས་ དཔལ་འབྱོར་གྱི་གནས་སྟངས་ ལེགས་ཤོམ་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན་པས། འདི་གི་རྒྱལ་ས་ལྟེ་བ་ ཝི་ཡེ་ན་འདི་ བྱུང་རབས་དང་སྙན་ཆ་ དེ་ལས་ བཟོ་རིགས་ནང་ལེགས་ཤོམ་ཡོད་མི་ཅིག་སྦེ་ཡོདཔ་ཨིན། འདི་ཡང་ རྒྱལ་ཁབ་ཀྱི་ ཁྱད་ཆོས་མ་འདྲཝ་དང་ དེང་སང་དང་མཐུནམ་སྦེ་ གསལ་སྟོན་འབད་དོ་ཡོདཔ་ཨིན།
ཨཱོས་ཊི་ཡ་གི་ས་ཁོངས་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་༨༣,༨༧༩ དེ་ཅིག་ཡོདཔ་ད་ དེ་ཡང་ ཤར་ཕྱོགས་ཨཱལ་པསི་གི་ས་ཁོངས་ནང་ རྒྱལ་ཁབ་ཀྱི་བརྒྱ་ཆ་༦༢ དེ་ཅིག་ཁྱབ་སྟེ་ཡོདཔ་ཨིན། ཡུ་རོབ་ཀྱི་གཙང་ཆུ་རིང་ཤོས་གཉིས་པ་ Danube གཙང་ཆུ་འདི་ རྒྱལ་ཁབ་ནང་ལས་བརྒྱུད་དེ་ སོ་ནམ་དང་དཔལ་འབྱོར་གྱི་ལཱ་ཚུ་ལུ་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན། [༡] བྱུང་རབས་དང་འཁྲིལ་བ་ཅིན་ ཨཱོས་ཊི་ཡ་འདི་ རོ་མཱན་གྱི་མངའ་སྡེ་ Noricum ལས་ཐོན་ཏེ་ དུས་རབས་བར་མའི་ནང་ དབང་ཚད་ཅན་གྱི་རྒྱལ་ཁབ་ཅིག་ལུ་གྱུར་ནུག།[༢]

སྤྱི་ལོ་༢༠༢༤ ལུ་ ཨཱོས་ཊི་ཡ་གི་མི་རློབས་འདི་ས་ཡ་༩ དེ་ཅིག་ཡོདཔ་ཨིན།[༣] རྒྱལ་ཁབ་འདི་ནང་ལུ་ མང་ཤོས་ཅིག་རང་ ཨཱོས་ཊི་ཡཱན་གི་མི་རིགས་ཡོདཔ་ད་ འདི་ནང་ལུ་ Slovenes དང་ Croats དེ་ལས་ Hungarian དང་ Turks ཚུ་རྩིས་ཏེ་ མི་རིགས་གཞན་ཡང་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ མི་རིགས་དབྱེ་བ་ཕྱེ་ནི་གི་ལམ་ལུགས་དམ་དམ་མེད་པར་ འདྲ་མཉམ་གྱི་བཀོད་རིས་ལུ་བརྩི་སྲུང་འབདཝ་ཨིན་རུང་ མི་སྡེ་གི་དབྱེ་བ་འདི་ ཤེས་རིག་དང་ལཱ་གཡོག་གིས་ ཤན་ཞུགས་འབདཝ་ཨིན་མས། [༤] ཨཱོས་ཊི་ཡ་འདི་ སྤྱི་མཐུན་མངའ་སྡེ་དགུ་ལུ་དབྱེ་སྟེ་ཡོདཔ་ད་ དེ་ཡང་ བཱར་གཱན་ལེནཌ་དང་ ཀཱར་རིན་ཐི་ཡ་ ཨཱོས་ཊི་ཡ་དམའ་ཤོས་ ཨཱོས་ཊི་ཡ་ཁ་སྟོད་ སཱལ་ཟི་བཱརག་ ཨིསི་ཊི་རི་ཡ་ ཊའི་རོལ་ ཝོ་རཱལ་བཱརག་དང་ ཝི་ཡེ་ན་ཚུ་ཨིན། མངའ་སྡེ་རེ་རེ་བཞིན་དུ་རྫོང་ཁག་དང་ ཁྲོམ་སྡེ་ལུ་དབྱེ་སྟེ་ ས་གནས་གཞུང་སྐྱོང་དང་ ལུང་ཕྱོགས་བདག་སྐྱོང་ལུ་ ཡར་དྲག་བཏང་ཡོདཔ་ཨིན། ཨཱོས་ཊི་ཡ་གིས་ སྤྱི་མཐུན་སྤྱི་ཚོགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ལཱ་འབདཝ་ཨིན། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ གཙོ་འཛིན་གྱིས་ གཞུང་འགོ་འཁྲིདཔ་སྦེ་འབདཝ་ཨིན་པས། [༥]
ཇར་མཱན་ཁ་སྐད་འདི་ ཨཱོས་ཊི་ཡ་གི་གཞུང་འབྲེལ་སྐད་ཡིག་ཨིནམ་ལས་ ལུང་ཕྱོགས་ཀྱི་སྐད་ཡིག་ཚུ་གིས་ སྐད་ཡིག་ཕྱུགཔོ་ཡོད་པའི་ས་ཁོངས་ཅིག་སྦེ་བཟོཝ་ཨིན་པས། [༦]གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚུ་ཡང་ ཧང་གེ་རི་ཡཱན་དང་ ཀྲོ་ཨེ་ཤི་ཡཱན་ དེ་ལས་ སི་ལོ་ཝེ་ནི་ཡཱན་ཚུ་ཨིན་པས། ཨཱོསི་ཊི་ཡ་གི་ལམ་སྲོལ་གྱི་ཤུལ་བཞག་འདི་ Mozart དང་ Schubert དེ་ལས་ Strauss ཚུ་གི་ཁྱིམ་དང་ Vienna State Opera བཟུམ་གྱི་ཡོངས་གྲགས་ཅན་གྱི་གཙུག་སྡེ་ཚུ་བརྒྱུད་དེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། Viennese coffeehouse གི་ལམ་སྲོལ་འདི་ UNESCO གི་དངོས་མེད་ལམ་སྲོལ་གྱི་སྲོལ་ཁྱུན་ཅིག་ཨིནམ་དང་ འདི་གིས་མི་སྡེའི་གནས་སྟངས་འདི་ ཧེང་སྐལ་རང་ཡར་དྲག་བཏངམ་ཨིན། ཨཱོས་ཊི་ཡ་གི་བཟོ་གྲྭ་གཙོ་བོ་ཚུ་ཡང་ འཕྲུལ་ཆས་དང་རྫས་སྦྱོར་ ལྟ་བཤལ་ དེ་ལས་ ཟ་འཐུང་ཐོན་སྐྱེད་ཚུ་ཨིན། [༧]
རྒྱལ་ཁབ་འདི་གིས་ ཕྱིར་ཚོང་གི་ཚོང་འབྲེལ་སྒྲིང་སྒྲི་ཅིག་ བདག་འཛིན་འཐབ་དོ་ཡོདཔ་ད་ དེ་ཡང་ དམིགས་བསལ་གྱིས་ འཕྲུལ་ཆས་དང་ སྣུམ་འཁོར་ དེ་ལས་ སྨན་རིགས་ཚུ་ཨིན་མས། ཡར་རྒྱས་འགྱོ་སྟེ་ཡོད་རུང་ ཨཱོས་ཊི་ཡ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། མི་རློབས་རྒས་ཤོས་མང་ནི་འདི་གིས་ གསོ་བའི་ཞབས་ཏོག་དང་ དངུལ་ཕོགས་ལམ་ལུགས་ལུ་ ཐོ་ཕོགཔ་ཨིན་མས།[༨] ད་རུང་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་ནང་ལུ་ དམིགས་བསལ་གྱིས་ ཝི་ཡེ་ན་ལུ་ སྡོད་ཁྱིམ་གྱི་གོང་ཚད་ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ མི་ཚུ་སྡོད་ནི་ལུ་ལཱ་ཁག་གཏང་དོ་ཡོདཔ་ཨིན་པས། [༣]གནམ་གཤིས་འགྱུར་བ་ལས་བརྟེན་ཏེ་ alpine glacier ཕྱིར་འཐོན་འགྱོ་མི་ཚུ་རྩིས་ཏེ་ མཐའ་འཁོར་གནས་སྟངས་ཀྱི་ཚ་གྱང་ཚུ་གིས་ ཡུན་རིང་གི་ཉེན་ཁ་ཚུ་ ཧེང་སྐལ་རང་ འབྱུང་དོ་ཡོདཔ་ཨིན།
ཨཱོས་ཊི་ཡ་གིས་སྲིད་དོན་བརྟན་ཏོག་ཏོ་དང་ རིག་རྩལ་ཅན་གྱི་ལས་མི་ཚུ་ལུ་ ཚོང་འབྲེལ་གྱི་གནས་སྟངས་ལེགས་ཤོམ་སྦེ་ བྱིན་དོ་ཡོདཔ་ཨིན།(འཛམ་གླིང་དངུལ་ཁང་ ༢༠༢༤) ལས་འཛིན་ཆུང་བ་དང་བར་མ་ཚུ་ དཔལ་འབྱོར་གྱི་སྲོག་ཤིང་ཨིནམ་ད་ འདི་ཡང་ དམིགས་བསལ་གྱིས་ ཝི་ཡེ་ན་གི་འཕྲུལ་རིག་དང་ གསར་གཏོད་བཟོ་གྲྭ་ དེ་ལས་ ལྟ་བཤལ་ལས་སྡེ་ཚུ་ཨིན་མས། [༩]ཨཱོས་ཊི་ཡ་གི་རྒྱལ་ས་ལྟེ་བ་ཝི་ཡ་ན་འདི་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ དེང་སང་གི་གསར་གཏོད་ཚུ་གིས་ ཕྱུགཔོ་སྦེ་ཡོདཔ་ཨིན། ཌ་ནུབི་གཙང་ཆུ་བདའ་སྟེ་ ཀི་ལོ་མི་ཊར་གྲུ་བཞི་༤༡༥ དེ་ཅིག་ཡོད་པའི་ ཁྲོམ་སྡེ་འདི་ནང་ མི་ས་ཡ་༢ དེ་ཅིག་སྡོད་སའི་རྒྱལ་ཁབ་ནང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་པས། [༣]
སྤྱི་གཞུང་མངའ་སྡེ་དང་ རྒྱལ་ཁབ་ཀྱི་སྲིད་དོན་ལྟེ་བ་གཉིས་ཆ་ར་འབདཝ་ལས་ ཝི་ཡ་ན་ལུ་ སྤྱི་ཚོགས་དང་སྤྱི་མཐུན་གཞུང་ལས་ཁང་ཚུ་རྩིས་ཏེ་ གཞུང་གི་གཙུག་སྡེ་གཙོ་བོ་ཚུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན།[༡༠] ཁྲོམ་འདི་ ལྟ་བཤལ་དང་འཕྲུལ་རིག་ དེ་ལས་ འཛམ་གླིང་སྤྱི་ཚོགས་བཟུམ་གྱི་རྒྱལ་སྤྱིའི་ཚོགས་པ་ཚུ་གིས་ དཔལ་འབྱོར་སྣ་ཚོགས་ཀྱི་ཐོག་ལས་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། ཁྲོམ་སྡེ་འདི་ནང་ལུ་ ཡོངས་གྲགས་ཅན་གྱི་ ཀོ་ཕི་ཁྱིམ་གྱི་ལམ་སྲོལ་དང་ སྔར་ལུགས་ཀྱི་སྙན་ཆའི་སྲོལ་རྒྱུན་ཚུ་གིས་ ལམ་སྲོལ་ཚུ་གསལ་སྟོན་འབདཝ་ལས་ ཇར་མཱན་སྐད་ཡིག་འདི་ སྐད་ཡིག་གཙོ་བོ་ཅིག་ཨིན། [༧] ཡར་རྒྱས་འགྱོ་སྟེ་ཡོད་རུང་ ཝི་ཡེ་ན་ལུ་ སྡོད་ཁྱིམ་གྱི་ཟད་འགྲོ་ཡར་སེང་འགྱོ་མི་དང་ མཐའ་འཁོར་གནས་སྟངས་ཀྱི་ཚ་གྱང་ཚུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་རུང་ བཟོད་བསྲན་འདི་གིས་ ཨཱོས་ཊི་ཡ་གི་མཐར་འཁྱོལ་གྱི་ལྟེ་བ་ཅིག་སྦེ་བཞགཔ་ཨིན།[༨]
ཝི་ཡེ་ན་འདི་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ དེང་སང་གི་གོང་འཕེལ་ཚུ་ གཅིག་ཁར་བསྡོམས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ གཞུང་སྐྱོང་བརྟན་ཏོག་ཏོ་དང་ སྲོལ་ཁྱུན་ཕྱུགཔོ་ དེ་ལས་ དཔལ་འབྱོར་བརྟན་ཏོག་ཏོ་ཚུ་གིས་ ཡུ་རོབ་ལུ་ གལ་ཅན་གྱི་རྒྱལ་ཁབ་ཅིག་སྦེ་བརྩིཝ་ཨིན། ཨིན་རུང་ མི་འབོར་དང་ མཐའ་འཁོར་གནས་སྟངས་བཟུམ་གྱི་ གདོང་ལེན་ཚུ་ལུ་ ཡུན་བརྟན་གྱི་ཐབས་བྱུས་དགོཔ་ཨིན་མས། ཨཱོས་ཊི་ཡ་གིས་ ལམ་སྲོལ་དང་ གསར་བཏོད་ཚུ་ སླ་བསྲེ་རྐྱབ་ཚུགས་པའི་ ལྕོགས་གྲུབ་འདི་གིས་ འཛམ་གླིང་ནང་ལུ་འཕྲོ་མཐུད་དེ་རང་ ཡོངས་གྲགས་ཐོན་ཅན་ཅིག་སྦེ་གནས་ཡོདཔ་ཨིན།
References
[ཞུན་དག]- ↑ European Environment Agency. (2022). Retrieved from Austria's Environmental Overview: https://www.eea.eea.europa.eu
- ↑ Beller. (2006). A Concise History of Austria. Cambridge University Press. Retrieved from A Concise History of Austria .
- 1 2 3 Statistik Austria. (2024). Retrieved from Population and Social Statisics: https://www.statistick.at
- ↑ Kolinsky. (2006). Social Stratification in Europe. Routledge. Retrieved from Social Stratification in Europe.
- ↑ Bruckmuller. (2020). Understanding Austria: Nation, Culture, and History. Bohlau Verlag.
- ↑ Ammon. (2016). Sociolinguistics:An International Handbook of the Science of Language and Society. De Gruyter Mouton.
- 1 2 UNESCO. (2022). Retrieved from Viennese Coffeehouse Culture:Intangible Cultural Heritage: https://ich.unesco.org
- 1 2 Organisation for Economic Co-operation and Development (OECD). (2023). Retrieved from Austria's Economic Outlook and Challenges: https://www.oecd.org
- ↑ Austrian Economic Chamber. (2023). Retrieved from Austria's Economy:Report on Industry and Trade: https://www.wko.at
- ↑ Austrian's Government. (2024). Retrieved from Federal Structure and Administrative Divisions: https://www.oesterreich.gv.at
World Bank. (2024). Retrieved from Austria's Economic Perfprmance and Business Environment: https://www.worldbank.org