ཨཱན་དོ་ར།


གཞུང་འབྲེལ་དུ་ ཨེན་ཌོར་ར་གི་རྒྱལ་ཁབ་འདི་ ཕཱརནསི་དང་ ཨིསི་པེན་གྱི་བར་ན་ ཤར་ཕྱོགས་ཀྱི་ པི་རི་ནིསི་གངས་རི་ཚུ་ནང་ ཆགས་ཡོད་པའི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། རྒྱལ་ས་ལྟེ་བ་ཨཱན་དོ་ར་ ལ་ ཝི་ལ་ འདི་ ཚོང་འབྲེལ་དང་ལྟ་བཤལ་ དེ་ལས་ལམ་སྲོལ་གྱི་ལྟེ་བ་ཅིག་ཨིནམ་དང་ དེང་སང་གི་གནས་སྟངས་དང་རྒྱལ་རབས་གྱི་མཛེས་སྡུག་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། རྩོམ་ཡིག་འདི་ནང་ ཨཱན་དོ་ར་གི་ས་ཆ་དང་ མི་སེར་ གཞུང་སྐྱོང་ དཔལ་འབྱོར་ དེ་ལས་ གནད་དོན་གཙོ་བོ་ཚུ་གི་སྐོར་ལས་ དབྱེ་དཔྱད་འབད་ནི་ཨིན། ད་རུང་ རྒྱལ་ཁབ་གོང་འཕེལ་གྱི་ནང་ལུ་ འགན་ཁུར་འབག་མི་འདི་ བརྟག་དཔྱད་འབད་ནི་གི་དོན་ལུ་ རྒྱལ་ས་ལྟེ་བ་ཨཱན་དོ་ར་ལ་ཝི་ལ་ དམིགས་བསལ་གྱིས་གཙོ་བོར་བསྟེན་དོ་ཡོདཔ་ཨིན།
ཨཱན་དོ་ར་ལ་འདི་རྒྱ་ཁྱོན་དཔག་ཚད་གྲུ་བཞིམ་ ༤༦༨ དེ་ཅིག་ཡོད་པའི་ ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཤོས་ཅིག་ཨིན། རྒྱལ་ཁབ་ཀྱི་ས་ཆ་འདི་ མང་ཤོས་ཅིག་ར་ རི་རྩེ་མཐོ་དྲགས་སྦེ་ཡོདཔ་དང་ རི་རྩེ་མཐོ་ཤོས་ ཀོ་མ་པེ་ཌོ་ས་ཟེར་མི་དེ་ མི་ཊར་ ༢༩༤༢ ལུ་ལྷོད་དེ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༡ ལུ་ ཨཱན་དོ་ར་གི་མི་རློབས་འདི་ མི་གྲངས་ ༧༩༠༣༤ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་ཡོདཔ་ཨིན། མི་འབོར་ཞིབ་རྩིས་འདི་ མ་འདྲཝ་སྦེ་ཡོདཔ་དང་ ཧ་ལམ་བརྒྱ་ཆ་ ༤༨.༣ དེ་ཅིག་ ཨཱན་དོ་རན་གྱི་མི་ཁུངས་དང་ བརྒྱ་ཆ་ ༢༤.༨ དེ་ཅིག་ ཨིས་པེ་ནིཤ་ དེ་ལས་ བརྒྱ་ཆ་ ༡༡.༢ དེ་ཅིག་ པོར་ཅུ་གིས་ དེ་ལས་ བརྒྱ་ཆ་ ༤.༥ དེ་ཅིག་ ཕི་རེནཆ་གི་མི་ཁུངས་ཚུ་ཨིན་མས། (Britannica, 2025) འ་ནཱི་ལམ་སྲོལ་སྣ་ཚོགས་སླ་བསྲེ་འདི་གིས་ རྒྱལ་ཁབ་ནང་འཁོད་ལུ་ལམ་སྲོལ་ཚུ་ ཕྱུགཔོ་སྦེ་བཟོ་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། བདག་སྐྱོང་གྱི་ཐད་ལུ་ ཨཱན་དོ་ར་འདི་ པར་རོ་ཀིའུསི་ ཟེར་སླབ་མི་ ཆོས་སྡེ་བདུན་ལུ་དབྱེ་སྟེ་ཡོདཔ་ཨིན། ཆོས་སྡེ་རེ་རེ་བཞིན་དུ་ མི་སྡེ་ཆུང་ཀུ་དང་ ཡང་ན་ ཁྱིམ་ཚང་ཚུ་ལུ་ ཁ་ཕྱེས་ཏེ་ཡོདཔ་ཨིན། འ་ནཱི་གཞི་བཀོད་འདི་གིས་ ས་གནས་ཀྱི་གཞུང་སྐྱོང་དང་ གཞན་དང་མ་འདྲ་བའི་ས་གནས་ཀྱི་ལམ་སྲོལ་དང་ལག་ལེན་ཚུ་ ཉམས་སྲུང་འབད་བཅུགཔ་ཨིན། ཨཱན་དོ་ར་གིས་ གཞན་དང་མ་འདྲ་བའི་ ཌའི་ཨར་ཀི་ ལམ་ལུགས་འོག་ལུ་ལཱ་འབད་དོ་ཡོདཔ་དང་ དེ་ཡང་ མཉམ་འབྲེལ་རྒྱལ་ཕྲན་ ཟེར་སླབ་ཨིན། འ་ནཱི་སྒྲིག་གཞི་འདི་ དུས་རབས་ ༡༣ པའི་ནང་ལས་ དེང་སང་གི་དམངས་གཙོའི་གཞི་རྩ་ཚུ་ གཞི་བཙུགས་འབད་དེ་ གོང་འཕེལ་འགྱོ་སྟེ་ཡོདཔ་ཨིན། སྤྱིར་བཏང་ཚོགས་སྡེ་གིས་ ཁྲིམས་བཟོ་ཚོགས་སྡེ་སྦེ་ ཕྱག་ཞུ་དོ་ཡོདཔ་དང་ གཞུང་གི་འགོ་ཁྲིདཔ་གིས་ འགོ་འཁྲིད་འབད་མི་ བཀོད་ཁྱབ་ཚོགས་སྡེ་གིས་ བདག་སྐྱོང་གྱི་ལཱ་འགན་ཚུ་ ལྟ་རྟོག་འབདཝ་ཨིན་པས།
ཀེ་ཊ་ལཱན་ སྐད་ཡིག་འདི་ ཨཱན་དོ་ར་གི་གཞུང་འབྲེལ་སྐད་ཡིག་ཨིནམ་ལས་ ཀེ་ཊ་ལཱན་སྐད་ཡིག་སླབ་མི་ ལུང་ཕྱོགས་ཚུ་དང་ ལམ་སྲོལ་དེ་ལས་བྱུང་རབས་ཀྱི་འབྲེལ་བ་ཚུ་ གསལ་སྟོན་འབདཝ་ཨིན། ཨིན་རུང་ མི་རློབས་མ་འདྲཝ་ཡོད་ནི་འདི་གིས་ ཨིས་པེ་ནིཤི་དང་ཕརནཆི་ དེ་ལས་ པོར་ཅུ་གིས་ཚུ་ཡང་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ཨིན། ཨཱན་དོ་རཱན་གྱི་ལམ་སྲོལ་འདི་ ཁྱིམ་ཚང་ཚུ་གི་ཤན་ཞུགས་དང་གཅིག་ཁར་ སླ་བསྲེ་རྐྱབ་སྟེ་ཡོདཔ་ལས་ དུས་སྟོན་དང་བཞེས་སྒོ་ དེ་ལས་ བཟོ་རིགས་ཀྱི་ལུགས་སྲོལ་ཚུ་ནང་ལུ་ གསལ་ཏོག་ཏོ་སྦེ་མཐོངམ་ཨིན། མི་སྡེའི་དུས་སྟོན་ནང་ལུ་ རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་ ཨར་ད་ན་ བཟུམ་གྱིས་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན། ཨཱན་དོ་ར་གི་དཔལ་འབྱོར་འདི་ ལོ་རྒྱུས་དང་འཁྲིལ་ཏེ་ ལྟ་བཤལ་དང་དངུལ་ཁང་ དེ་ལས་ ཚོང་འབྲེལ་ལས་སྡེ་ཚུ་གིས་འདྲུད་བདའ་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་ ཁྲལ་གྱི་གནས་རིམ་ལུ་བརྟེན་ ཚོང་འབྲེལ་པ་དང་ མ་རྩ་བཙུགས་མི་ ལེ་ཤ་ཅིག་ར་འོང་བཅུག་སྟེ་ཡོདཔ་ཨིན། འདས་པའི་ལོ་ཚུ་ནང་ བརྡ་དོན་འཕྲུལ་རིག་དང་ བསྐྱར་གསོ་འབད་བཏུབ་པའི་ ནུས་ཤུགས་བཟུམ་གྱི་ལས་སྡེ་ཚུ་ ཡར་དྲག་བཏང་ཐོག་ལས་ དཔལ་འབྱོར་སྣ་མང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ཡོདཔ་ཨིན་པས། (Central Intelligence Agency, 2024).
ཨཱན་དོ་ར་འདི་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ སྡོད་ཁྱིམ་གྱི་གོང་ཚད་མཐོ་དྲགས་དང་ འོང་འབབ་འདྲ་མཉམ་མེད་མི་ དེ་ལས་ མཐའ་འཁོར་གནས་སྟངས་ཡུན་བརྟན་བཟོ་ནི་ལ་སོགས་པའི་ གདོང་ལེན་ཚུ་ འབྱུང་དོ་ཡོདཔ་ཨིན་པས། གཞུང་གིས་ གནད་དོན་དེ་ཚུ་ སེལ་ཐབས་ལུ་ སྲིད་བྱུས་ཚུ་ འགོ་བཙུགས་ཡོདཔ་དང་ དེ་ཡང་ གོང་ཚད་མཐོ་བའི་སྡོད་ཁྱིམ་ལས་འགུལ་དང་ མཐའ་འཁོར་ཉམས་སྲུང་ལས་རིམ་ཚུ་ཨིན་པས། རྒྱལ་ས་ལྟེ་བ་ཨན་ཌོ་ལ་ཝེ་ལ་འདི་ མཐོ་ཚད་མི་ཊར་ ༡༠༢༣ ལུ་ཆགས་ཡོདཔ་ལས་ ཡུ་རོབ་ཀྱི་རྒྱལ་ས་ལྟེ་བ་མཐོ་ཤོས་ཅིག་ཨིན། སྤྱི་ལོ་ ༢༠༢༤ ལུ་ ཁྲོམ་སྡེ་འདི་ནང་ མི་རློབས་ ༢༤༣༦༩ ཡོད་པའི་ཚོད་དཔགཔ་་ཨིན། (World Population Review, 2024) ཁྲོམ་འདི་རྒྱལ་ཁབ་ཀྱི་བདག་སྐྱོང་དང་ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ ལག་ལེན་འཐབ་དོ་དང་ དེང་སང་གི་མཐུན་རྐྱེན་དང་ རྒྱལ་རབས་ཀྱི་ས་ཁོངས་ཚུ་ སླ་བསྲེས་རྐྱབ་སྟེ་ཡོདཔ་ཨིན་པས། ཨཱན་དོ་ར་ལ་ཝེ་ལ་འདི་ཆུང་ཀུ་དང་ རང་བཞིན་ཐོན་སྐྱེད་ཚད་འཛིན་ཅན་ དེ་ལས་དཔལ་འབྱོར་གྱི་ཐོག་ལས་ ལྟ་བཤལ་དང་དངུལ་ཁང་ཚུ་ལུ་བརྟེན་སྡོད་དོ་ཡོདཔ་ཨིན། དངུལ་འབྲེལ་ལས་སྡེ་སྒྲིང་སྒྲི་ཡོད་མི་ལས་ཕན་ཐོགས་བྱུང་ཡོདཔ་ཨིན་མས། དེ་གིས་མ་དོ་བར་ ཀ་ས་ དི་ ལ་ ཝེལ་དང་ སཱནཊ་ཨིས་ཊིཝ་གི་ལྷ་ཁང་བཟུམ་གྱི་ ས་རྟགས་ཚུ་གིས་ ཁྲོམ་གྱི་སྲོལ་རྒྱུན་ཕྱུགཔོ་འདི་ གསལ་སྟོན་འབདཝ་ཨིན། (Cadenaser, 2024).
མཐའ་མཇུག་ལུ་ ཨཱན་དོ་ར་དང་ དེ་གི་རྒྱལ་ས་ལྟེ་བ་ ཨཱན་དོ་ར་ལ་ཝེ་ལ་གིས་ རྒྱལ་རབས་ཀྱི་རིག་གཞུང་དང་ དེང་སང་གི་གོང་འཕེལ་གྱི་ ཁྱད་པར་ཅན་གྱི་སླ་བསྲེ་འདི་ གསལ་སྟོན་འབདཝ་ཨིན། རྒྱལ་ཁབ་ཀྱི་ཁྱད་པར་ཅན་གྱི་གཞུང་སྐྱོང་དང་ ལམ་སྲོལ་སྣ་ཚོགས་ དེ་ལས་ དཔལ་འབྱོར་གྱི་ལས་རིམ་ཚུ་གིས་ དེང་སང་གི་ གདོང་ལེན་ཚུ་ལུ་མཐུན་སྒྲིག་དང་ བཟོད་བསྲན་འབད་ཚུགས་པའི་ནུས་པ་ཚུ་ གསལ་སྟོན་འབདཝ་ཨིན་པས།
རྒྱབ་རྟེན་དཔེ་དེབ།
Britannica. (2025, March 6). Retrieved from Andorra: https://www.britannica.com/place/Andorra
Cadenaser. (2024). Retrieved from Andorra la Vella preten transformar: https://cadenaser.com/andorra/2025/02/27/andorra-la vella-preten-tranformer-se-en-una-ciutat-del-segle-xxi-radio-ser-principat-d-andorra/
Central Intelligence Agency. (2024). Retrieved from The World facebook:Andorra: https://www.cia.gov/the-world-facebook/countries/andorra/
World Population Review. (2024, March 6). Retrieved from Andorra La Vella Population: https://worldpopulationreview.com/cities/andorra/andorra-la-vella