Jump to content

ཨི་ཐི་ཡོ་པི་ཡ།

Wikipedia ལས།

ཨི་ཐི་ཡོ་པི་ཡ་འདི་ ཨཕ་རི་ཀ་གི་ཁ་ཐུག་ལུ་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་དང་ འདི་ནང་ལུ་ རྒྱལ་རབས་ཅན་ཅིག་དང་ ས་ཆའི་ཆགས་ཚུལ་དང་ལམ་སྲོལ་མ་འདྲཝ་ཡོདཔ་ཨིན། འདི་ཡང་ ཨཕ་རི་ཀ་ལུ་ རང་དབང་ཐོབ་མི་ རྒྱལ་ཁབ་རྙིངམ་ཚུ་གི་གྲས་ལས་གཅིག་ཨིནམ་ལས་ ལོ་སྟོང་ཕྲག་ལས་བཅད་དེ་ ཁྱད་དུ་འཕགས་པའི་ཤུལ་བཞག་ཅིག་སྦེ་གནས་ཏེ་ཡོདཔ་ཨིན།

ཨི་ཐི་ཡོ་པི་ཡ་འདི་ ཨཕ་རི་ཀ་གི་སྦུག་ནང་ཆགས་ཏེ་ རྒྱལ་ཁབ་ ༦ དང་ ས་མཚམས་བགོས་ཏེ་ཡོདཔ་ཨིན། བྱང་ཁ་ཐུག་ལུ་ ཨེ་རི་ཏྲ་དང་ ཤར་ཁ་ཐུག་ལུ་ཇི་བཱུ་ཊི་དང་སོ་མ་ལི་ཡ་ དེ་ལས་ནུབ་ཁ་ཐུག་ལུ་སུ་དཱན་དང་ལྷོ་སུ་དཱན་ དེ་ལས་ལྷོ་ཁ་ཐུག་ལུ་ ཀེན་ཡ་རྒྱལ་ཁབ་ཚུ་དང་ ས་མཚམས་བགོ་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ལུ་ ས་གནས་སྣ་ཚོགས་ཡོདཔ་མ་ཚད་ ཨི་ཐི་ཡོ་པི་ཡ་འདི་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༡,༢༩༠ ལས་ ༣,༠༠༠ གི་བར་ན་ཡོདཔ་ཨིན།

རྒྱལ་ཁབ་འདི་ནང་གངས་རི་ ༢༥ དེ་ཅིག་ མི་ཊར་ ༤༠༠༠ ལས་ལྷག་སྟེ་ཡོདཔ་དང་ མཐོ་ཤོས་འདི་མི་ཊར་ ༤༥༤༣ འབད་མི་ རཱས་ད་ཤེན་འདི་ཨིན། ཨི་ཐི་ཡོ་པི་ཡ་ལུ་ ས་ཆའི་ཁྱད་ཆོས་མ་འདྲཝ་ཅིག་འདི་ གེརེཊ་རིཕཊི་ཝེ་ལི་ ཟེར་མི་འདི་ཨིན།

གཙང་ཆུ་ལེ་ཤ་ཅིག་ ཨི་ཐི་ཡོ་པི་ཡ་གི་ལ་ཁ་ལས་ཕར་འགྱོ་དོ་ཡོདཔ་དང་ འདི་ཡང་ མང་ཤོས་ཅིག་ར་ཏཱ་ན་མཚོ་ལས་བྱུང་མི་ བཱུལུ་ན་ཡེལ་གཙང་ཆུ་འདི་ཨིན། ལ་ཐང་འདི་རིམ་གྱིས་སྦེ་ ནུབ་ཁ་ཐུག་གི་ས་ཆ་དམའ་ཤོས་སུ་ཌན་དང་ ཤར་ཁ་ཐུག་ལུ་སོ་མཱ་ལི་གི་ཐང་ཁར་ལས་མར་འབབ་འགྱོཝ་ཨིན། འ་ནི་ས་ཆའི་གནས་སྟངས་མ་འདྲཝ་འདི་གིས་ ཨི་ཐི་ཡོ་པི་ཡ་གི་སྐྱེ་ལྡན་གནས་སྟངས་མ་འདྲཝ་ལུ་ཕན་ཐོགས་བྱུང་ཡོདཔ་ཨིན།

ཨི་ཐི་ཡོ་པི་ཡ་འདི་སྐོབས་ཚུད་ཀྱི་རྒྱལ་ཁབ་ཨིནམ་དང་ འཛམ་གླིང་ནང་ མི་རློབས་མཐོ་ཤོས་ཅིག་ཡང་ཨིནམ་ལས་ འཕྲལ་ཁམས་ཀྱི་གནས་སྡུད་དང་འཁྲིལཝ་ད་ མི་རློབས་ཡོངས་བསྡོམས་ ༡༢༠,༢༨༣,༠༢༦ ཡོདཔ་ཨིན། རྒྱལ་ཁབ་ནང་ མི་རློབས་ཀྱི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་རེ་ལུ་ མི་ ༡༠༩.༣ ཡོདཔ་དང་ སྤྱི་ལོ་ ༢༠༢༡ ཚུན་ ཡར་འཕར་གྱི་ཚད་གཞི་དེ་ བརྒྱ་ཆ་ ༢.༥ ལུ་ལྷོད་ནུག།

མི་འབོར་ཞིབ་རྩིས་ཀྱི་གནས་སྡུད་ནང་ མི་རློབས་ ༡,༠༠༠ ལུ་སྐྱེ་ཚད་ ༣༢.༤ ༼༢༠༢༡༽ དང་ མི་རློབས་ ༡༠༠༠ ལུ་ ཤི་རྐྱེན་ ༦.༨ ཡོདཔ་སྦེ་བཀོད་དེ་ཡོདཔ་མ་ཚད་ ཨི་ཐི་ཡོ་པི་ཡ་ལུ་མི་ཚེའི་ཚད་གཞི་འདི་ དུས་ཚོད་དང་འཁྲིལ་ཏེ་ཡར་དྲག་འགྱོ་སྟེ་ སྤྱིར་སྙོམས་ལུ་ ལོ་ ༦༨.༢༥ ལུ་ལྷོད་དེ་འདུག།

མི་རློབས་འདི་ལོ་ཚུ་ནང་ གནམ་མེད་ས་མེད་ཡར་སེང་འགྱོ་སྟེ་ དུས་རབས་ ༡༩ པའི་ནང་ ས་ཡ་ ༩ ལས་ སྤྱི་ལོ་ ༡༩༨༣ ལུ་ ས་ཡ་ ༣༨.༡ ལུ་ལྷོད་ཡོདཔ་དང་ ད་རེས་ནངས་པ་ ས་ཡ་ ༡༢༠ ལྷགཔ་ཅིག་ལུ་ལྷོད་ནུག། འདི་གིས་ འཛམ་གླིང་ནང་ལུ་ མི་རློབས་ཡར་སེང་མགྱོགས་ཤོས་ཅིག་ཨིན་རུང་ སྤྱི་ལོ་ ༡༩༨༣ ལས་ ༡༩༩༤ གི་བར་ན་ བརྒྱ་ཆ་ ༢.༨ ལས་ སྤྱི་ལོ་ ༡༩༩༤ ལས་ ༢༠༠༧ གྱི་བར་ན་ བརྒྱ་ཆ་ ༢.༦ ལུ་མར་ཕབ་འགྱོ་ནུག།

ཨི་ཐི་ཡོ་པི་ཡ་ལུ་ས་གནས་ཁག་སོ་སོ་ལས་ གནམ་གཤིས་ཀྱི་ཁྱད་པར་སྦོམ་ཡོདཔ་ཨིན། གནམ་གཤིས་འདི་ ལྷོ་དང་ལྷོ་ནུབ་ལུ་ རླན་གཤེར་མཐོ་དྲགས་ཡོད་པའི་ འཛམ་གླིང་སྐེད་ཐིག་གི་ནགས་ཚལ་ལས་ བྱང་ཤར་དང་ཤར་ཕྱོགས་ དེ་ལས་ ཤར་ལྷོ་ཁ་ཐུག་ལུ་གངས་རི་དང་བྱེ་ཐང་བཟུམ་གྱི་ མཐའ་འཁོར་གནས་སྟངས་ཚུན་ཚོད་ཁྱབ་སྟེ་ཡོདཔ་ཨིན། ཨི་ཐི་ཡོ་པི་ཡ་གི་གནམ་གཤིས་འདི་ སྔར་སྲོལ་ལྟར་ མཐོ་ཚད་དང་དྲོད་ཚད་ལུ་གཞི་བཞག་སྟེ་ ས་ཁོངས་མ་འདྲཝ་ལྔ་ལུ་དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན།

གནམ་གཤིས་འགྱུར་བ་འདི་ ཨི་ཐི་ཡོ་པི་ཡ་ལུ་ དམིགས་བསལ་གྱིས་ སྤྱི་ལོ་ ༡༩༧༠ ལོ་གྲངས་ལས་ ཚ་གྱང་སྦོམ་ཅིག་ལུ་འགྱུར་ཡོདཔ་ཨིན། སྤྱི་ལོ་ ༡༩༧༠ བར་ལས་ སྤྱི་ལོ་ ༢༠༠༠ གི་བར་ན་ ལུང་ཕྱོགས་ལ་ལུ་ཅིག་ནང་ ཆརཔ་བརྒྱ་ཆ་ ༡༥-༢༠ དེ་ཅིག་མར་ཕབ་སོང་ནུག། འདི་གིས་ འཕྲལ་འཕྲལ་འབད་ར་ མུ་གེ་ཚུ་འབྱུང་དོ་ཡོདཔ་ལས་ གཞུང་གིས་ སྤྱི་ལོ་ ༢༠༡༡ ལུ་ གནམ་གཤིས་ལུ་བརྟེན་པའི་ དཔལ་འབྱོར་སྔོ་ལྗང་གི་ལས་རིམ་བཟུམ་གྱི་ སྔོ་ལྗང་དཔལ་འབྱོར་གྱི་སྲིད་བྱུས་ཚུ་ ལག་ལེན་འཐབ་ནིའི་འགོ་བཙུགས་ནུག།

ཨི་ཐི་ཡོ་པི་ཡ་ལུ་ སྐད་ཡིག་མ་འདྲཝ་ ༨༦ དང་ རྒྱལ་ཁབ་ནང་འཁོད་ལུ་ སྐད་ཡིག་ ༢༠༠ དེ་ཅིག་སླབ་སྟེ་ སྐད་ཡིག་མ་འདྲཝ་ ཁྱད་དུ་འཕགས་པ་སྦེ་ ཡོདཔ་ཨིན། སྐད་ཡིག་ཕྱུགཔོ་འདི་གིས་ ཨི་ཐི་ཡོ་པི་ཡ་གི་ལམ་སྲོལ་སྣ་ཚོགས་དང་ མགུ་རྙོག་དྲགས་ཀྱི་བྱུང་རབས་ཚུ་ གསལ་སྟོན་འབདཝ་ཨིན།

སྐད་ཡིག་གཙོ་བོ་འདི་ཚུ་ལས་ལྷག་སྟེ་ ཨི་ཐི་ཡོ་པི་ཡ་ལུ་ གཙུག་སྡེ་གི་སྐད་ཡིག་ ༤༡ དང་ གོང་འཕེལ་འགྱོ་བའི་བསྒང་གི་སྐད་ཡིག་ ༡༤ དེ་ལས་ ཤུགས་ཅན་གྱི་སྐད་ཡིག་ ༡༨ ཡོདཔ་ཨིན། མ་གཞི་ སྤྱི་ལོ་ ༢༠༡༢ ལུ་ སྐད་ཡིག་སླབ་མི་ རྒས་ཤོས་ ༡༢ ལས་བརྒལ་མེད་མི་ ཨཱོན་གོ་ཊ་ཁ་སྐད་རྩིས་ཏེ་ སྐད་ཡིག་ ༥ རབས་ཆད་ནི་གི་ཉེན་ཁ་ཡོདཔ་ཨིན་པས།

འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་ལུ་ ཨི་ཐི་ཡོ་པི་ཡ་འདི་ ཨཕ་རི་ཀ་གི་དཔལ་འབྱོར་མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་མི་ རྒྱལ་ཁབ་ཅིག་ཨིནམ་ད་ ལོ་བསྟར་གྱི་ རྒྱལ་ཡོངས་ནང་འདྲེན་གྱི་ ཡར་རྒྱས་འདི་ སྤྱིར་སྙོམས་ལུ་ བརྒྱ་ཆ་༨-༡༠ གི་བར་ན་ཡོདཔ་ཨིན། གཞུང་གིས་ གཞི་རྟེན་མཐུན་རྐྱེན་དང་ བཟོ་གྲྭ་འཕྲུལ་ཁང་ དེ་ལས་ སོ་ནམ་དེང་སང་བཟོ་ནི་ལུ་ གཙོ་རིམ་བཟུང་མི་ རྒྱལ་ཁབ་ཀྱི་ གོང་འཕེལ་གྱི་དཔེ་སྟོན་ལུ་ གཞི་བཞག་སྟེ་ཡོདཔ་ཨིན།

རྒྱལ་ཁབ་ནང་ ཕྱི་རྒྱལ་གྱི་ བཟོ་གྲྭའི་མ་རྩ་བཙུགས་ནིའི་དོན་ལུ་ དམིགས་བསལ་དཔལ་འབྱོར་ས་ཁོངས་དང་ བཟོ་གྲྭའི་གླིང་ག་ཚུ་ གཞི་བཙུགས་འབད་དེ་ བཟོ་གྲྭ་འཕྲུལ་ཁང་ཚུ་ ཤུགས་སྦེ་ར་འབད་ཡོདཔ་ཨིན། གཞི་རྟེན་མཐུན་རྐྱེན་གྱི་ ལས་འགུལ་སྦོམ་ཚུ་ ཨི་ཐི་ཡོ་པི་ཡ་གི་ གོང་འཕེལ་ཐབས་བྱུས་ཀྱི་ལྟེ་བ་ལུ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་འདི་ལུང་ཕྱོགས་ཀྱི་ ནུས་ཤུགས་ལྟེ་བ་ལུ་ བསྒྱུར་བཅོས་འབད་ནི་གི་དམིགས་གཏད་བསྐྱེདཔ་ཨིན།

ཨི་ཐི་ཡོ་པི་ཡ་ལུ་ ཡར་རྒྱས་སྦོམ་སྦེ་ར་འགྱོ་སྟེ་ཡོད་རུང་ དཔལ་འབྱོར་གྱི་གདོང་ལེན་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན། སྲིད་དོན་བརྟན་ཏོག་ཏོ་མེད་མི་ལུ་བརྟེན་ ཚོང་འབྲེལ་དང་མ་རྩ་བཙུགས་ནི་ལུ་ བར་ཆད་བྱུང་ཡོདཔ་ཨིན། རྒྱལ་ཁབ་ནང་ ཕྱི་དངུལ་མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་བྱུང་མི་ལུ་བརྟེན་ ནང་འདྲེན་ཚུ་གོང་ཚད་མཐོ་དྲགས་སྦེ་ འགྱོ་དོ་ཡོདཔ་མ་ཚད་ ཚོང་འབྲེལ་གྱི་ལཱ་ཚུ་ཡང་འབད་མ་ཚུགས་པར་ ལུས་དོ་ཡོདཔ་ཨིན། གཞུང་གིས་གཞི་རྟེན་མཐུན་རྐྱེན་ཚུ་ལུ་ ཟད་འགྲོ་མཐོ་དྲགས་སྦེ་བཏང་མི་ལུ་བརྟེན་ མི་མང་གི་བུ་ལོན་ཚུ་ཡར་སེང་འགྱོ་དོ་ཡོདཔ་ད་ གོང་ཚད་ཡར་སེང་འགྱོ་སྟེ་ ཉོ་སྤྱོད་འབད་མི་ཚུ་གི་ ཉོ་སྒྲུབ་ཀྱི་དབང་ཚད་ལུ་ ཐོ་ཕོག་དོ་ཡོདཔ་ཨིན།

རྒྱལ་ས་ལྟེ་བ། ཨ་ཌིས་ཨ་བྷ་བྷ།

ཨི་ཐི་ཡོ་པི་ཡ་གི་རྒྱལ་ས་ལྟེ་བ་ཨ་ཌིས་ཨ་བྷ་བྷ་འདི་ ཁྱད་པར་ཅན་གྱི་ཁྲོམ་ཚོགས་ཅིག་ཨིནམ་མ་ཚད་ རྒྱལ་རབས་ཀྱི་གལ་གནད་གཏིང་ཟབ་ཅིག་ཡང་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་འབདཝ་ལས་ ཨ་ཌིས་ཨ་བྷ་བྷ་འདི་ ཨི་ཐི་ཡོ་པི་ཡ་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ ཨཕ་རི་ཀ་གི་ཁྲོམ་ཚོགས་ལྟེ་བ་ཁག་ཆེ་ཤོས་ཅིག་ཡང་ཨིན།

ཨ་ཌིས་ཨ་བྷ་བྷ་འདི་ ཨི་ཐི་ཡོ་པི་ཡ་གི་དབུས་ཕྱོགས་ལུ་ཆགས་ཏེ་ གངས་རི་ཨེན་ཊོ་ཊོ་གི་རྩ་བ་ལུ་ཆགས་ཡོདཔ་ཨིན། ཁྲོམ་འདི་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་ ༢,༤༠༠ དེ་ཅིག་ལུ་ཡོདཔ་ལས་ འཛམ་གླིང་ནང་མཐོ་ཚད་མཐོ་ཤོས་ཡོད་མི་ རྒྱལ་ས་ཚུ་གི་གྲས་ལས་གཅིག་ཨིན། མཐོ་ཚད་མཐོ་དྲགས་འདི་གིས་ ཁྲོམ་འདི་ལུ་གནམ་གཤིས་བསིལ་དྲོད་དང་ སྔོ་ལྗང་ཅན་ཚུ་བྱིན་དོ་ཡོདཔ་ཨིན།

ཁྲོམ་གྱི་ས་ཁོངས་འདི་ ཀི་ལོ་མི་ཊར་གྲུ་བཞིམ་ ༥༢༧ ཡོདཔ་ཨིན། ས་གནས་འདི་ དུས་རབ་ ༡༩ པའི་མཇུག་བསྡུ་ཁམས་ཅིག་ཁར་ རྒྱལ་བཙུན་ཊའི་ཏུ་བི་ཏཱུལ་དང་རྒྱལ་ཆེན་མི་ནི་ལིཀ་ ༢ པ་ གཉིས་ཀྱིས་གདམ་ཁ་རྐྱབ་ཡོདཔ་དང་ འདི་ཡང་ ས་གནས་འདི་ནང་ཚ་ཆུ་དང་ གནམ་གཤིས་ལེགས་ཤོམ་ཡོད་མི་ལུ་བརྟེན་ཏེ་ཨིན།

ཨ་ཌིས་ཨ་བྷ་བྷ་འདི་ ཨི་ཐི་ཡོ་པི་ཡ་ལུ་ མི་རློབས་མང་ཤོས་ཡོད་མིའི་ཁྲོམ་སྡེ་ཅིག་ཨིན། སྤྱི་ལོ་༢༠༠༧ ལུ་ མི་རློབས་རྩིས་བཏོན་འབད་མི་དང་འཁྲིལཝ་ད་ ཁྲོམ་དེ་ནང་མི་རློབས་ས་ཡ་ ༢.༧ དེ་ཅིག་འདུག། ཨིན་རུང་ འཕྲལ་ཁམས་ཅིག་ཁར་བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ མི་རློབས་ས་ཡ་ ༥.༤ དེ་ཅིག་ཡོདཔ་དང་ ཚོད་རྩིས་དང་འཁྲིལཝ་ད་སྤྱི་ལོ་ ༢༠༣༥ ལུ་ མི་རློབས་ས་ཡ་ ༩ དེ་ཅིག་ལུ་ ལྷོད་ནི་མས་ཟེར་ཨིནམ་དང་ དེ་ཡང་ གྲོང་གསེབ་ཚུ་ནང་ལས་ཁྲོམ་ཁར་གནས་སྤོ་འགྱོ་མི་ལུ་བརྟེན་ཨིན་པས།

ཨེ་ཌིས་ཨ་བྷ་བྷ་འདི་ མཐོ་ཚད་མཐོ་དྲགས་ལུ་བརྟེན་ ལོ་གཅིག་གི་རིང་གནམ་གཤིས་རན་ཏོག་ཏོ་དང་ ཚ་དྲོད་ཆེ་བའི་གནམ་གཤིས་ལུ་སྤྲོ་བ་བསྐྱེདཔ་ཨིན།

དེ་ཡང་ལོ་གཅིག་ནང་ དུས་ཚོད་གཙོ་བོ་གསུམ་ལུ་དབྱེ་བ་ཅིན།

• སྐམ་པའི་དུས་ཚོད་ (སྤྱི་ཟླ་ ༡༠ པ་ལས་ སྤྱི་ཟླ་ ༢ པ་ཚུན་) ཉི་མའི་དུས་ཚོད་མཐོ་ཤོས་ཅིག་ཨིན།

• ཆརཔ་ཉུང་བའི་དུས་ཚོད་ (སྤྱི་ཟླ་ ༣ པ་ལས་ ༥ པ་ཚུན།)

• ཆརཔ་ཤུགས་སྦེ་རྐྱབ་པའི་དུས་ཚོད་ (སྤྱི་ཟླ་ ༦ པ་ལས་ སྤྱི་ཟླ་ ༩ པ་ཚུན།)

ཆརཔ་རྐྱབ་པའི་དུས་ཚོད་ཡོད་རུང་ སྤྱིར་བཏང་གི་ཨ་ཌིས་ཨ་བྷ་བྷ་ལུ་ ཉིནམ་གཅིག་ལུ་ཉི་མའི་འོད་ཆུ་ཚོད་ ༧ དེ་ཅིག་འཐོན་དོ་ཡོདཔ་ཨིན། ཨིན་རུང་ འཕྲལ་ཁམས་ཅིག་གི་ཞིབ་འཇུག་ཚུ་གིས་ གནམ་གཤིས་འགྱུར་བ་འདི་གིས་ མ་འོངས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ ཚ་དྲོད་དང་ཆརཔ་ དེ་ལས་ ཆུ་རུད་ཚབས་ཆེན་ཚུ་འབྱུང་སྲིད་ནི་ཨིནམ་ལས་ དམིགས་བསལ་གྱིས་ལུགས་མཐུན་མིན་པའི་གཞིས་ཆགས་ཚུ་ནང་ ཉེན་ཁ་ཅན་གྱི་མི་སྡེ་ཚུ་ལུ་ གནོད་སྐྱོན་རྐྱབ་འོང་ཟེར་ཉེན་བརྡ་འབད་དེ་འདུག།

ཨ་ཌིས་ཨ་བྷ་བྷ་ལུ་སླབ་མི་སྐད་ཡིག་གཙོ་བོ་འདི་ཨམ་ཧ་རིག་ཨིནམ་དང་ འདི་ཡང་ཨི་ཐི་ཡོ་པི་ཡ་གི་གཞུང་འབྲེལ་ལཱ་གི་སྐད་ཡིག་ཨིན། ཨིན་རུང་ ཁྲོམ་འདི་ནང་ལུ་སྐད་རིགས་མ་འདྲཝ་ལེ་ཤ་ཡོདཔ་ལས་ མི་སེར་མང་ཤོས་ཅིག་གིས་ཨོ་རོ་མོ་དང་ ཏིག་རིན་ཡ་ གུ་ར་ཇ་ དེ་ལས་ ཨིང་ལིཤ་ཚུ་སླབ་དོ་ཡོདཔ་ཨིན།

སྤྱི་ལོ་ ༢༠༢༠ ལས་འགོ་བཙུགས་ཏེ་ ཨི་ཐི་ཡོ་པི་ཡ་གིས་ གཞུང་འབྲེལ་གནས་ཚད་ནང་ གཞུང་འབྲེལ་ལཱ་གི་སྐད་ཡིག་ ༥ ངོས་འཛིན་འབད་ཡོདཔ་དང་ དེ་ཡང་ ཨམ་ཧ་རིག། ཨོ་རོ་མོ། ཨ་ཕར། སོ་མ་ལི་དང་ཏིག་རིན་ཡ་ཚུ་ཨིན། ཨ་ཌིས་ཨ་བྷ་བྷ་ལུ་ ཨམ་ཧ་རིག་འདི་ གཞུང་སྐྱོང་དང་ཤེས་ཡོན་ དེ་ལས་ ཉིན་བསྟར་གྱི་བརྡ་དོན་ནང་ལུ་ ཁྱབ་ཆེ་ཏོག་ཏོ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ཨོ་རོ་མོ་འདི་ཡང་ ཁྱབ་ཆེ་ཏོག་ཏོ་སྦེ་ལག་ལེན་འཐབ་དོ་ཡོདཔ་ལས་ ཁྲོམ་འདི་ཨོ་རོ་མི་ཡ་གི་ས་གནས་ནང་ཡོདཔ་ཨིན།

ཨ་ཌིས་ཨ་བྷ་བྷ་འདི་ ཨི་ཐི་ཡོ་པི་ཡ་གི་དཔལ་འབྱོར་གྱི་སྟོབས་ཤུགས་དང་ རྒྱལ་ཁབ་ཀྱི་དངུལ་འབྲེལ་དང་ཚོང་འབྲེལ་ དེ་ལས་ བཟོ་གྲྭའི་ལས་སྣ་ཚུ་གི་ལྟེ་བ་ཅིག་ཨིན། ཁྲོམ་སྡེ་འདི་ནང་ ཨི་ཐི་ཡོ་པི་ཡ་གི་ལས་སྡེ་སྦོམ་དང་དངུལ་ཁང་ དེ་ལས་ ཨཕ་རི་ཀའི་མཉམ་འབྲེལ་དང་ ཨཕ་རི་ཀའི་འཛམ་གླིང་སྤྱི་ཚོགས་ཀྱི་དཔལ་འབྱོར་ལྷན་ཚོགས་ཚུ་རྩིས་ཏེ་ རྒྱལ་སྤྱིའི་ཚོགས་པ་ཚུ་གི་ཡིག་ཚང་ལྟེ་བ་ཡོདཔ་ཨིན།

དཔལ་འབྱོར་ཡར་རྒྱས་སོང་ཡོད་རུང་ ཨེ་ཌིས་ཨ་བྷ་བྷ་ལུ་ ལཱ་གཡོག་མེད་པའི་གནས་སྟངས་མཐོ་དྲགས་དང་དབུལ་ཕོངས་ དེ་ལས་ ལུགས་མཐུན་མིན་པའི་ལས་སྡེ་ཡར་རྒྱས་འགྱོ་བའི་གདོང་ལེན་ཚུ་འཐོན་དོ་ཡོདཔ་ཨིན། མི་སེར་མང་ཤོས་ཅིག་གིས་ ལུགས་མཐུན་མིན་པའི་ལཱ་ནང་ལཱ་འབདཝ་ཨིནམ་དང་ ཁྲོམ་ཚོགས་འདི་ནང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་དང་ གཞི་རྟེན་མཐུན་རྐྱེན་ལངམ་སྦེ་མེད་མི་ དེ་ལས་ དམིགས་བསལ་གྱིས་ལུགས་མཐུན་མིན་པའི་གཞིས་ཆགས་ཚུ་ མགྱོགས་དྲགས་སྦེ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན།

ཨ་ཌིས་ཨ་བྷ་བྷ་གི་མི་སེར་ཚུ་ མགྲོན་བསུ་དང་བཟོད་བསྲན་ དེ་ལས་ མི་སྡེ་གི་ཚོར་སྣང་སྒྲིང་སྒྲི་ཡོད་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། ཤེས་རིག་ལུ་བརྩི་མཐོང་སྦོམ་ཡོདཔ་ལས་ ཕམ་ཚུ་གིས་གོ་སྐབས་ལེགས་ཤོམ་གྱི་ལམ་ལུགས་ཅིག་སྦེ་ མཐོ་རིམ་ཤེས་ཡོན་ལྷབ་ནི་ལུ་རེ་བ་བསྐྱེད་དོ་ཡོདཔ་ཨིན་ནོ།[]

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source: Department of Culture and Dzongkha Development.

  1. https://countrymeters.info/en/Ethiopia https://africanarguments.org/2023/09/how-addis-ababa-is-set-to-get-hotter-wetter-drier-and-bigger/ https://www.linkedin.com/pulse/languages-ethiopia-language-facts-figures-more-ofer-tirosh https://culturalatlas.sbs.com.au/ethiopian-culture/ethiopian-culture-core-concepts https://www.gov.uk/research-for-development-outputs/addis-ababa-a-policy-narrative https://gisgeography.com/ethiopia-map/
"https://dz.wikipedia.org/w/index.php?title=ཨི་ཐི་ཡོ་པི་ཡ།&oldid=38452" ལས་ སླར་འདྲེན་འབད་ཡོདཔ།