ཨིན་ཅིའོན། སཱའུཐ་ཀོ་རི་ཡ། Incheon, South Korea

༉ ཨིན་ཅིའོན་འདི་ སཱའུཐ་ཀོ་རི་ཡ་གི་གྲུ་ཆགས་ས་སྦོམ་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་ཚོགས་འདི་རྒྱལ་ཁབ་ཀྱི་ནུབ་བྱང་ལུ་ཡོདཔ་ཨིན། ཁྲོམ་གྱི་ས་མཚམས་ཀྱི་ཤར་ཁ་ཐུག་སོའུལ་དང་གེའོང་ཇི་མངའ་སྡེ་ཡོདཔ་ཨིན། ཁྲོམ་ཚོགས་དེ་ཁར་ ཨིན་ཅིའོན་རྒྱལ་སྤྱི་གནམ་གྲུ་ཐང་ཡོདཔ་དང་ ཐང་དེ་ནང་འཁོད་དང་རྒྱལ་སྤྱི་ཁར་ གནམ་མེད་ས་མེད་ཡོངས་གྲགས་ཅན་ཅིག་ཨིན། ཁྲོམ་ཚོགས་འདི་ རྒྱལ་ཡོངས་ཀྱི་རྒྱལ་ས་ལྟེ་བ་ སོའུལ་གྱི་ལྷོ་ནུབ་ཁ་ཐུག་ ཀི་ལོ་མི་ཊར་ ༤༠ དེ་ཅིག་ གི་ས་ཁར་ཡོདཔ་ཨིན། ཁྲོམ་ཚོགས་དེ་ ཁྲོམ་ཆེན་གྱི་གནས་ཚད་ལྡན་པའི་ཁར་ གཞུང་ལྟེ་བ་གིས་ཐད་ཀར་དུ་བདག་སྐྱོང་འཐབ་དོ་ཡོདཔ་དང་ བདག་སྐྱོང་གི་དབང་ཚད་ཡང་ མངའ་སྡེའི་བཟུམ་ཅིག་ར་ཡོདཔ་ཨིན།[༡] ཨིན་ཅིའོན་འདི་ འཛམ་གླིང་གི་སྦྲེལ་ཚགས་ཁར་ ༡༢༦ དང་ ༣༧ ཤར་ཁ་ཐུག་དང་ ༣༧ དང་ ༢༨ བྱང་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་དང་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ཨང་གསུམ་པ་ཨིན་པས། ཁྲོམ་ཚོགས་ཀྱི་འོག་ལུ་རྫོང་ཁག་བཅུ་ཐམ་ཡོདཔ་དང་ དེ་ལས་ཡན་ལག་ཆུང་ཀུ་ གུ་ཟེར་མི་བརྒྱད་དང་ཚོ་ཁག་གཉིས་ལུ་བགོ་སྟེ་ཡོདཔ་ཨིན། ཁྲོམ་འདི་ཧེ་མ་སྤྱི་ལོ་ ༡༣༩༢ ལས་ ༡༩༢༠ ལུ་ཉ་གཟུང་ནི་ཡོད་པའི་གྲུ་ཆགས་ས་ཅིག་སྦེ་སྡོད་ཡོད་ས་ལས་ སྤྱི་ལོ་ ༡༩༡༠ ལས་ ༡༩༤༥ ལུ་རྒྱལ་སྤྱིའི་གྲུ་ཆགས་ས་ཅིག་ལུ་གྱུར་ཡོདཔ་ཨིན། སྤྱི་ལོ་ ༡༨༨༣ ལུ་ ནང་འཁོད་ཀྱི་གྲུ་ཆགས་སའི་ས་ཁོངས་ཁག་ཆེ་དྲགས་ཅིག་ལུ་གྱུར་ཡོདཔ་ཨིན། སྤྱ་ལོ་ ༢༠༠༧ སྤྱི་ཟླ་ ༢ པའི་ཚེས་ ༢༧ ལུ་ ཨིན་ཅིའོན་ཁྲོམ་ཚོགས་འདི་ ཨིང་ལིཤ་གི་ཁྲོམ་ཚོགས་ཟེར་གསལ་བསྒྲགས་འབད་དེ་ ཨིན་ཅིའོན་རིན་མེད་སྟོང་པའི་ཨིང་ལིཤ་ས་ཁོངས་ཀྱི་ལས་རིམ་ཟེར་ལམ་རིམ་ལེ་ཤ་ར་འགོ་འབྱེད་འབད་ཡོདཔ་ཨིན།[༢]
དུས་དང་མཐུན་པའི་ཁྲོམ་ཚོགས་འདི་ནང་ དེང་སང་གི་བཟོ་བཀོད་ཧ་ལས་སི་སི་ཚུ་དང་ སྔོ་ལྗང་ལྡན་པའི་ས་ཁོངས་ བྱུང་རབས་དང་ལམ་སྲོལ་ལྡན་པའི་ས་གནས་ཚུ་ཡོདཔ་ཨིན། ཁྲོམ་ཚོགས་དེ་ནང་བཤལ་ས་ལེ་ཤ་ཡོད་ས་ལས་ སོང་ཌོང་དང་ཅའེ་ན་ཁྲོམ་འདི་ཧ་ལས་སི་སི་དང་དགའ་ཏོག་ཏོ་ འོས་ཅན་ཅིག་ཨིན་པས། རིག་པ་ཅན་ ཡུན་བརྟན་ཅན་ འཇོན་ཐང་ཅན་ དོན་སྨིན་ཅན་དང་ མཐུད་འབྲེལ་ཆེ་བའི་སོང་ཌོང་ཁྲོམ་ཚོགས་འདི་ མ་འོངས་པའི་དོན་ལུ་བཟོ་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན་པས། ཁྲོམ་དེ་ མཚོའི་འོག་ལུ་ཡོད་པའི་ས་གཞི་བཏོན་ཏེ་ སྡོད་བཏུབ་སྦེ་ཟོ་བཟོཝ་ཅིག་ཨིན་པས། དེའི་རྒྱབ་འགལ་སྦེ་ཨིན་མི་ ཅའེ་ན་ཁྲོམ་འདི་ དེང་སང་མེན་པར་ ལམ་སྲོལ་ཕྱུག་པའི་ས་ཁོངས་རྙིངམ་ཅིག་ཨིན་པས། ཁྲོམ་ཚོགས་འདི་སཱའུཐ་ཀོ་རི་གི་ཅའེ་ན་ཁྲོམ་རྙིང་ཤོས་དང་ དང་ཀོ་རི་ཡ་ལུ་ཡོད་པའི་ཅའེ་ན་ཁྲོམ་གཅིགཔོ་འདི་ཨིན་པས། ཁྲོམ་འདི་དུས་རབས་ ༡༩ པའི་ཕྱི་མཚམས་ལུ་གཞི་བཙུགས་འབད་དེ་ ཕྱི་རྒྱལ་ཁབ་ཚུ་དང་གཅིག་ཁར་ ཚོང་འབྲེལ་འཐབ་ནི་འགོ་བཙུགས་ཡོདཔ་ཨིན།[༣] ཁྲོམ་ཚོགས་འདི་ ཨེ་ཤི་ཡ་གིས་རྩེདམོ་ཐེངས་ ༡༧ པའི་ཐོག་ལས་ཡོངས་གྲགས་ཐོན་ཡོདཔ་དང་ རྒྱལ་སྤྱི་གནམ་གྲུ་ཐང་ གྲུ་ཆགས་ས་ སོང་ཌོ་རྒྱལ་སྤྱི་ཁྲོམ་ཚོགས་ ཨིན་ཅིའོན་ས་འོག་གི་ལམ་ མཱུན་ཧག་འཛམ་གླིང་རྐང་རྩེའི་རྩེད་ར་ཚུ་ལས་བརྟེན་ རྒྱལ་སྤྱི་གི་གནས་ཚད་ལུ་ ཡོངས་གྲགས་ཐལ་ཡོདཔ་ཨིན། དེ་ལས་ཁྲོམ་དེ་ནང་ མཚོ་གླིང་ཡང་ཡོདཔ་མ་ཚད་ བཤལ་ས་དང་ཟ་འཐུང་ཉོ་ས་ མཁོ་ཆེཝ་དང་མཁོ་འདོད་ཅན་གྱི་ཅ་དངོས་ཚུ་གྲུབ་ཐབས་ཀྱི་དོན་ལུ་ ཐོག་ཚད་རིངམོ་སྦེ་ཡོད་པའི་སྒྲིང་ཁྱིམ་ལས་ཐོག་ཐུང་ཀུ་ཡོད་པའི་ཚོང་ཁྲོམ་ཚུ་ཡོདཔ་ཨིན། དེ་གི་མ་ཚད་ ཁྲོམ་ལམ་བདའ་བཤལ་འགྱོ་བ་ཅིན་ ལམ་བདའ་ཡོད་པའི་བཞེས་སྒོ་ཚུ་འཐོབ་པའི་ཁར་ མཚོ་ནང་ལས་བཏོན་པའི་བཞེས་སྒོ་ཚུ་ལོངས་སྤྱོད་ཚུགས་ནི་ཨིན། དེ་བཟུམ་སྦེ་ ཁྲོམ་ཚོགས་ནང་ ལས་རིམ་དང་འགྲེམས་སྟོན་ པར་རིས་གསལ་སྟོན་ལས་རིམ་ཚུ་ལས་ ལམ་ལུགས་སྲོལ་ཚུ་གསལ་སྟོན་འབད་དོ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ རང་བཞིན་གནས་སྟངས་མཛེས་ཏོག་ཏོང་དང་ཞི་བདེ་ཅནམ་འདི་ནང་ བཤལ་ནི་དང་ངལ་འཚོ་སྟེ་ ལུས་སེམས་བདེ་བའི་ངང་ལུ་ སྡོད་ནིའི་གོ་སྐབས་ཡང་ཡོདཔ་ཨིན་པས།[༤] ཁྲོམ་ཚོགས་འདི་ གཞི་མ་འདྲཝ་མ་འདྲཝ་ཚུ་བཟོ་སྐྲུན་འབད་སའི་ བཟོ་གྲྭ་འཕྲུལ་ཁང་ཡོད་པའི་ཁྲོམ་ཅིག་ཨིནམ་མ་ཚད་ རིག་པ་དང་ཉམས་མྱོང་སྤེལ་ཐབས་དང་སྦྱང་ཐབས་ཀྱི་དོན་ལུ་ གཙུག་ལག་སློབ་སྡེ་དང་མཐོ་རིམ་སློབ་གྲྭ་ལེ་ཤ་ཡོདཔ་ཨིན། མཚོ་མཐའམ་བདའ་སྟེ་ལྟ་བཤལ་པ་ཚུ་གི་དོན་ལུ་ ཡིད་དབང་འཕྲོག་པའི་སྐྱིད་གནས་ཁང་དང་ མཚོ་གླིང་ཚུ་ཡོདཔ་ཨིན། རྩེད་ར་དང་རྩེདམོ་རྩེ་སའི་གཞི་སྟེགས་ཚུ་ཡང་ཡོདཔ་ཨིན། ལྟདམོ་བལྟ་སའི་ཀ་རིང་དང་གླིང་ག་མ་འདྲཝ་ཚུ་ཡོདཔ་མ་ཚད་ རྒྱལ་སྤྱིའི་ཚོང་ཁྲོམ་སྦོམ་ཡང་ཡོདཔ་ཨིན། ནང་པའི་ལྷ་ཁང་རྙིངམ་ཡང་མཇལ་ཚུགས་པའི་ཁར་ ཟམ་སྦོམ་ཧ་ལས་སི་སི་ཡང་མཐོང་སར་ཡོདཔ་ཨིན། [༥]
ཨིན་ཅིའོན་ལུ་རློན་གཤེར་ཅན་གྱི་ཚ་དྲོད་ལྡན་པའི་གནམ་གཤིས་ཡོདཔ་ཨིན། སཱའུཐ་ཀོ་རི་གི་གཞན་མི་ཁྲོམ་ཆེན་བཟུམ་སྦེ་ ཨིན་ཅིའོན་ལུ་ མཚོ་གླིང་ལས་བརྟེན་པའི་དྲོད་གྱིས་བྱེམ་ཕོག་སྟེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ས་གནས་གཞན་དང་ཕྱདཔ་ད་ ཚ་མ་དྲགས་གྱང་མ་དྲགས་པར་ ཀྲིག་ཀྲི་སྦེ་ཡོདཔ་ཨིན། ཁྲོམ་ཚོགས་ཀྱི་ས་ཁོངས་ ༨ བསིལ་ཏོང་ཏོ་དང་ ༡༠ ཚ་ཏོག་ཏོ་ ༩ རློནམ་ ༩ སྐམ་ཀྲག་ཀྲ་སྦེ་ཡོདཔ་ཨིན། དེ་ལས་ གནམ་དུས་བཞི་དུས་དང་བསྟུན་ གསལ་རི་རི་སྦེ་ཡོདཔ་ཨིན། ཁྲོམ་ཚོགས་དེ་ནང་གནམ་དགུན་ལུ་ནུབ་བྱང་གི་རླུང་མ་འཕུར་དོ་ཡོདཔ་དང་ གནམ་བྱཱར་ལྷོ་ནུབ་ཀྱི་རླུང་མ་འཕུཝ་ཨིན་པས། [༢]
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་ཁུངས་དཔེ་དེབ།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༤) ཨིན་ཅིའོན། https://simple.wikipedia.org/wiki/Incheon ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) https://en.wikipedia.org/wiki/Incheon ཨིན་ཅིའོན། ནང་ལས་ཐོབ་ཡོདཔ་ཨིན།
- ↑ ལོ་རིས་གའོ་ཊི་ཡར། (༢༠༢༤) ཨིན་ཅིའོན། https://koreaexploration.com/en/incheon/ ནང་ལས་ཐོབ་ཡོདཔ་ཨིན།
- ↑ ལོ་རིས་གའོ་ཊི་ཡར། (༢༠༢༤) ཨིན་ཅིའོན། https://koreaexploration.com/en/incheon/ ནང་ལས་ཐོབ་ཡོདཔ་ཨིན།
- ↑ བརཊ་མིའུ་ཝེ་སེན། (༢༠༢༡) ཨིན་ཅིའོན་ལུ་འབད་དགོཔ་དྲག་ཤོས་ ༡༥། https://www.thecrazytourist.com/15-best-things-to-do-in-incheon-south-korea/ ནང་ལས་ཐོབ་ཡོདཔ་ཨིན།