ཨིས་ཊི་མོར
ཨིས་ཊི་མོར་འདི་ སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ རང་དབང་གི་སྤྱི་ཚོགས་ཅིག་ལུ་གྱུར་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ལུ་ བཙག་འཐུ་ལས་གྲུབ་པའི་གཞུང་ལུགས་ཡོདཔ་དང་ སྤྱི་ལོ་ ༢༠༠༡ སྤྱི་ཟླ་ ༨ པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ལྟ་རྟོག་འབད་དེ་ འཐུས་མི་ ༨༨ བཙག་འཐུ་འབད་དེ་ སྤྱི་ཚོགས་དང་པ་གྲུབ་ཡོདཔ་ཨིན།
ས་ཆ་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་ ༡༤,༨༧༠ ཡོད་པའི་ཨིས་ཊི་མོར་གི་ས་མཚམས་འདི་ ཤར་ལྷོ་ཁ་ཐུག་ལུ་ ཊི་མོར་རྒྱ་མཚོ་དང་ བྱང་ཁ་ཐུག་ལུ་ ཝི་ཊར་ཨེས་ཊ་རཊ་དང་ ནུབ་བྱང་ཁ་ཐུག་ལུ་ ཨོམ་བཱའི་ཨེས་ཊ་རེད་དང་ ལྷོ་ནུབ་ཁ་ཐུག་ལུ་ ནུབ་ཕྱོགས་ཊི་མོར་ཚུ་གིས་ མཚམས་བཟོ་སྟེ་ཡོདཔ་ཨིན། ཊི་མོར་གི་ཤར་ཕྱོགས་ཁ་ཐུག་གི་མཚོ་གླིང་འདི་ རྡོ་རོང་ཡོདཔ་ད་ རི་གི་མཐོ་ཚད་ཕིཊ་ ༩,༧༢༡ འབད་མི་ ཊ་ཊ་མའུ་ལ་གངས་རི་དེ་ ས་ཁ་མཐོ་ས་ཅིག་ནང་ཆགས་ཏེ་ཡོདཔ་ཨིན།
ས་གནས་འདི་ནང་ལུ་ གནམ་གཤིས་གནས་སྟངས་འབད་བ་ཅིན་ཚ་དྲོད་ཡོདཔ་དང་ ཆརཔ་ཡང་ རན་ཏོག་ཏོ་ཅིག་རྐྱབ་དོ་ཡོདཔ་ཨིན་མས། དེ་ལས་ རི་གི་ས་ཁོངས་ཚུ་ནང་ལུ་ ཙན་དན་ཤིང༌གིས་གང་སྟེ་ཡོདཔ་དང་ མཐའ་ས་ལུ་ སྔོ་ཤིང་ཕྱ་རི་ཕྱི་རི་དང་རྩྭ་ཚུ་སྐྱེས་དོ་ཡོདཔ་མ་ཚད་ དེ་ཚུ་དང་གཅིག་ཁར་ བེ་ཏ་དང་ རྒྱ་གར་ལྕང་ཤིང་ཚུ་ཡང་མཐོང་དོ་ཡོདཔ་ཨིན། འདི་ནང་ལུ་ ཚ་ཆུ་དང་ གངས་རི་ལས་འབབ་མི་ཆུ་རྐ་ཡང་ལེ་ཤ་ཡོདཔ་དང་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ མར་སུ་པི་ཡཱལ་གི་རིགས་དང་ སྤྱ། ཀ་ཤ། སྦུལ་དེ་ལས་ཆུ་སྲིན་ཚུ་ཡང་ཡོདཔ་ཨིན།
རྒྱལ་ཁབ་འདི་ནང་ མི་རློབས་༡,༤༡༢,༩༥༣ ཡོད་པའི་ནང་ལས་ མང་ཤོས་ཅིག་ར་ པཱ་པུ་ཡན་དང་ མ་ལ་ཡན དེ་ལས་ པོ་ལི་ནི་ཤཱན་གི་མི་བརྒྱུད་ཚུ་ཨིནམ་ད་ དེ་ཡང་ མང་ཤོས་ཅིག་ར་ ཡེ་ཤུ་པ་ཚུ་ཨིན་མས། ས་གནས་འདི་ནང་ པཱ་པུ་ཡན་དང་མ་ལ་ཡན་གྱི་ ཁ་སྐད་ཡང་ན་ གཡུས་སྐད་རིགས་མ་འདྲཝ་ ༤༠ དེ་ཅིག་སླབ་སྟེ་ཡོདཔ་ཨིན་རུང་ ཊི་ཊམ་ཁ་སྐད་ཀྱིས་དབང་ཡོདཔ་ཨིན། པོར་ཅུ་གིཡིས་ཁ་སྐད་འདི་ མི་རློབས་ཉུང་སུ་ཅིག་གིས་སླབ་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་གཉིས་ལས་ གཅིག་ཨིནམ་ད་ གཞན་འདི་ ཊི་ཊམ་ཨིན་པས། དེ་ལས་ ཨིན་དོ་ནི་ཤིཡན་དང་ དབྱིན་སྐད་འདི་ལཱ་འབད་བའི་སྐབས་ལག་ལེན་འཐབ་སྲོལ་ཡོདཔ་ལས་ ལཱ་གི་ཁ་སྐད་སྦེ་ཆ་བཞགཔ་ཨིན།
རྒྱལ་ཁབ་འདི་ནང་ལུ་ མི་རློབས་མང་ཤོས་ཅིག་ར་ རོ་མཱན་ཀེ་ཐོ་ལི་ཚུ་ཨིནམ་དང་ ཡེ་ཤུའི་ཆོས་ལུགས་གསར་མ་འབད་མི་དུམ་གྲ་ཅིག་དང་ མུཛ་ལིམ་སྡེ་ཆུང་ཅིག་ཡོདཔ་ཨིན། རྒྱལ་ཁབ་ནང་ སྔར་སྲོལ་གྱི་ཆོས་དང་འབྲེལ་བའི་ཡིད་ཆེས་དང་ རང་ལུགས་ཀྱི་དད་པ་ཚུ་ ཀེ་ཐོ་ལི་གི་ཆོས་ལུགས་དང་གཅིག་ཁར་འབད་དོ་ཡོདཔ་ཨིན། མི་རློབས་ཀྱི་བརྒྱ་ཆ་ ༧༠ དེ་ཅིག་ གྲོང་གསེབ་ནང་སྡོད་དོ་ཡོདཔ་དང་ གཞན་མི་བརྒྱ་ཆ་ ༣༠ ཁྲོམ་ཚོགས་ནང་སྡོད་མི་ལས་ ཕྱེད་ཀ་དེ་ཅིག་ དི་ལི་ལུ་སྡོད་དོ་ཡོདཔ་ཨིན།
ཨིས་ཊི་མོར་གྱི་དཔལ་འབྱོར་ནང་ལུ་ ཆུ་རླུང་ནག་རྫས་ཀྱི་ཐོན་སྐྱེད་འདི་ གོང་ཚད་དང་ཕན་ཁུངས་ལས་འབད་རུང་ ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་ རྡོ་ཀ་མ་རུ་པ་ཕྱིར་ཚོང་འཐབ་མི་འདི་གིས་ཡང་ གནམ་མེད་ས་མེད་ཕན་ཐོགས་དོ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ར་ སོ་ནམ་གྱི་ལཱ་འདི་ ཧེ་མ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་སྲོག་ཤིང་བཟུམ་ཅིག་ཨིནམ་དང་ ད་ལྟོའི་བར་ན་ཡང་ མི་རློབས་མང་ཤོས་ཅིག་ལུ་ སོ་ནམ་གྱི་ལཱ་གཡོག་བྱིན་དོ་ཡོདཔ་ཨིན་པས། སོ་ནམ་གྱི་ཐོན་སྐྱེད་གཙོ་བོ་ར་ འབྲུ་དང་ཆུམ་ བེ་ཏ་ ཀཱ་ཕི་ དེ་ལས་ ཀེ་བ་མངརམོ་དང་ སྲནམ་ཅུམ་སྐམ་ཚུ་ཨིན་མས། བཟོ་སྐྲུན་ལས་སྡེ་གིས་ ཐགས་རིགས་དང་གྱོན་ཆས་ ལག་བཟོ་ དེ་ལས་ ཀཱ་ཕི་བཟོ་འདོན་གྱི་ཐོག་ལས་ དཔལ་འབྱོར་ནང་གྲོགས་རམ་འབད་དོ་ཡོདཔ་ཨིནམ་དང་ རང་ལུགས་ཀྱི་ པར་རྐོ་དང་ རྫ་བཟོ་ ཐགཔ་ལྷ་ནི་དང་ ལག་གཟེམ་ལ་སོགས་པ་ཚུ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ དཔལ་འབྱོར་གྱི་གལ་གནད་ཚུ་གྲུབ་ཨིན།
སྤྱི་ལོ་༢༠༠༢ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ཨིས་ཊི་མོར་དེ་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན། རྒྱལ་ཁབ་འདི་ ཤར་ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་གི་ཚོགས་པ་ (ASEAN) ནང་ ལྟ་རྟོག་པ་སྦེ་འབད་དེ་ སྤྱི་ལོ་ ༢༠༠༥ སྤྱི་ཟླ་ ༧ པ་ནང་ ཤར་ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་ཀྱི་ཚོགས་པའི་ ལུང་ཕྱོགས་ཀྱི་གྲོས་གནས་ཀྱི་འཐུས་མི་སྦེ་གནས་ནུག། ཨིས་ཊི་མོར་གྱི་ ཕྱི་འབྲེལ་སྲིད་བྱུས་འདི་ ཨིན་དོ་ནི་ཤི་ཡ། མཱ་ལས་ཤི་ཡ། སིང་གཱ་པོར། ཨོས་ཊི་ལི་ཡ། ཡུ་ཨེས། ཡུ་རོབ་གཅིག་བསྡོམས་ཚོགས་པ། ཇ་པཱན། པོར་ཅུ་གཱལ་རྒྱལ་ཁབ་ཚུ་དང་གཅིག་ཁར་ ལུང་ཕྱོགས་ཀྱི་མཛའ་བཤེས་མཐུན་ལམ་བཟོ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན།
རྒྱལ་ས་ཌི་ལི་གི་སྐོར།
ཨིས་ཊི་མོར་གི་ཁྲོམ་ཚོགས་དང་ རྒྱལ་ས་ལྟེ་བ་འདི་ ཌི་ལི་ཨིན། འདི་ཡང་ ཊི་མོར་མཚོ་གླིང་གི་བྱང་ཕྱོགས་ཀྱི་མཚོ་མཐའ་ལུ་ཡོད་པའི་ ཨོམ་བཱའི་ཨེས་ཊ་རེད་ལུ་ཆགས་ཏེ་ཡོདཔ་ཨིན། ཌི་ལི་གི་ས་ཆའི་གནས་སྟངས་ངོ་མ་འདི་ འཛམ་གླིང་ནང་ ཤར་གི་མཐའ་ལུ་ཡོད་པའི་རྒྱལ་ས་ཅིག་ཨིནམ་དང་ འདི་ཡང་ ཉིན་བསྟར་བཞིན་དུ་ ཉིམ་ཤར་ས་མཐོང་ཚུགས་པའི་ ས་གནས་ཚུ་གི་གྲས་ལས་ དང་པ་ཅིག་ཨིནམ་ལས་ རྒྱལ་ཁབ་འདི་ ཤར་ཕྱོགས་ཉི་མའི་རྒྱལ་ཁབ་ཟེར་ ‘Land of the Rising Sun.’ མིང་བཏགས་ཡོདཔ་ཨིན།
ཌི་ལི་འདི་ སྤྱི་ལོ་ ༡༥༢༠ དེ་ཅིག་ལུ་ པོར་ཅུ་གིསའི་ཚུ་གིས་ གཞུང་སྐྱོང་གི་ལྟེ་བ་ཅིག་སྦེ་གཞི་བཙུགས་འབད་ཡོདཔ་ཨིན། འདི་བཟུམ་སྦེ་ ཨིས་པཱེན་ནཱིཤ་དང་ཌཡཤཱ་ དེ་ལས་ བིརི་ཊིཤ་ཚུ་གིས་ཡང་ ས་གནས་དེ་ དབང་གཟུང་འབད་ནི་གི་ དོ་འགྲན་འབད་ནུག། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལུ་ ས་གནས་འདི་ཇ་པཱན་གྱིས་དབང་བཟུང་འབད་ཡོདཔ་ཨིན། ཨིས་ཏི་མོར་གིས་ སྤྱི་ལོ་༡༩༧༥ ལུ་ པོར་ཅུ་གཱལ་ལས་རང་དབང་ཐོབ་ཡོདཔ་ཨིན་རུང་ ཨིན་དོ་ནི་ཤི་ཡན་གྱི་དམག་སྡེ་ཚུ་གིས་བཙན་འཛུལ་འབད་དེ་ སྤྱི་ལོ་༡༩༧༦ ལུ་ ཌི་ལི་འདི་ངོས་འཛིན་འབད་ཡོདཔ་ཨིན། ཨིན་རུང་ ཤུལ་ལས་ཨིན་དོ་ནི་ཤི་ཡན་དང་ ཨི་དོ་ནི་ཤི་ཡ་གི་རང་དབང་ལུ་ རྒྱབ་སྐྱོར་མ་འབད་མི་ཚུ་གི་བར་ན་ དམག་འཁྲུག་སྦོམ་ཅིག་ཐོན་ཏེ་ མི་སྟོང་ཕྲག་ལས་བཅད་དེ་ཤི་རྐྱེན་བྱུང་ནུག། སྤྱི་ལོ་ ༡༩༩༩ ལུ་ ས་ཁོངས་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ལྟ་རྟོག་འོག་ རང་དབང་ཐོབ་པའི་སྐབས་ ཌི་ལི་འདི་གཞུང་སྐྱོང་ལྟེ་བ་སྦེ་ངོས་འཛིན་འབད་ཡོདཔ་ཨིན། སྤྱི་ལོ་༢༠༠༢ ལུ་ ཨིས་ཊི་མོར་འདི་ རང་དབང་རང་བཙན་ཐོབ་པའི་སྐབས་ ཌི་ལི་འདི་རྒྱལ་ས་ལྟེ་བ་སྦེ་བཟོ་ནུག།
ཌི་ལི་འདི་ ཨིས་ཊི་མོར་གི་གྲུའི་གཡོན་ཕྱོགས་གཙོ་བོ་ཅིག་ཨིནམ་དང་ ཚོང་འབྲེལ་ལྟེ་བ་ངོ་མ་ཅིག་ཨིནམ་མ་ཚད་ དེ་ནང་ལུ་ གནམ་གྲུ་ཐང་ཡང་ཡོདཔ་ཨིན། འདི་ནང་ མི་རློབས་མང་ཤོས་ར་ ཊི་མོ་རིསི་དང་ཨ་ཊོ་ནིསི་གི་མི་སེར་ཚུ་ཨིནམ་དང་ ལ་ལུ་ཅིག་པོར་ཅུ་གིའིས་དང་ཡུ་རཱསི་ཡཱན་ དེ་ལས་ མུཛ་ལིམ་ཚུ་ཡོདཔ་ཨིན།
ཌི་ལི་འདི་ རྒྱལ་ས་ལྟེ་བ་གསརཔ་སྦེ་ གཞི་བཙུགས་མ་འབད་བའི་ཧེ་མ་ གདོང་ལེན་ཚུ་བྱུང་ཡོདཔ་ཨིན། ཨིན་ཌོ་ནི་ཤི་ཡ་གི་མི་ཚུ་གིས་དབང་བཟུང་འབད་བའི་སྐབས་ གནོད་སྐྱོན་རྐྱབ་མི་ཚུ་ ཁྲོམ་སྡེའི་མཐུན་རྐྱེན་དང་དཔལ་འབྱོར་ཚུ་ དུས་རྒྱུན་དུ་གོང་འཕེལ་འགྱོ་དོ་ཡོདཔ་དང་ ཡར་དྲག་གཏང་ནི་གི་ལཱ་ཚུ་འབད་དོ་ཡོདཔ་ཨིན། ད་རེས་ནངས་པ་ ཌི་ལི་དེ་ ལྡོག་ཤུགས་དང་རེ་བ་གི་བརྡ་མཚན་ཅིག་ཨིནམ་དང་ ས་གནས་ཀྱི་མི་སེར་དང་ ཕྱི་རྒྱལ་གྱི་མི་སེར་ཚུ་གིས་ ཁྲོམ་གྱི་དོན་ལུ་ མ་འོངས་པར་ ལེགས་ཤོམ་བཟོ་ནི་གི་ལཱ་ཚུ་འབད་དོ་ཡོདཔ་ཨིན།
ཌི་ལི་གི་ངོ་མཚར་ཅན་ཅིག་འདི་ རྒྱལ་ཁབ་ཀྱི་བྱུང་རབས་ནང་ལུ་ མི་སྣ་དང་བྱུང་རིམ་མ་འདྲཝ་ཚུ་ རྗེས་དྲན་ཞུ་ནིའི་དོན་ལུ་ སྐུ་འདྲ་ལེ་ཤ་ཡོད་མི་གི་གྲལ་ལས་ ཀིས་ཊོ་རིའི་གི་སྐུ་འདྲ་འདི་ཡོངས་གྲགས་ཅན་ཅིག་ཨིན། སྐུ་འདྲ་འདི་ ག་ནི་བ་མཛེས་པའི་ཕྱོགས་གསུམ་ཆུ་གླིང་གི་མཐའ་མ་ལུ་ཡོད་པའི་ ས་གཞི་གུ་ལུ་བཞེངས་ཡོདཔ་དང་ སྐུ་འདྲ་གི་ལགཔ་འདི་ རྒྱལ་ས་ལྟེ་བ་ཁ་ཐུག་ལུ་བརྐྱངས་ཏེ་མཐོངམ་ཨིན།
དི་ལི་འདི་ སྦ་བཞག་ཡོད་པའི་ནོར་བུ་ཅིག་ཨིནམ་དང་ ས་ཁོངས་འདི་ནང་ལྟ་བཤལཔ་མང་ཤོས་ཅིག་ འོང་དོ་ཡོདཔ་ཨིན་མས། ཁྲོམ་འདི་ འགྲུལ་སྐྱོད་འབད་ནི་གི་ས་གོ་ཡོངས་གྲགས་གནམ་མེད་ས་མེད་ཅིག་མེན་རུང་ འདི་ནང་ ཁུངས་ལྡན་ཅན་དང་སྤུས་ཚད་ཅན་གྱི་ཉམས་མྱོང་ཚུ་འཐོབ་དོ་ཡོདཔ་ཨིན། རྒྱལ་རབས་དང་འབྲེལ་བའི་ས་ཁོངས་དང་ ཞི་བདེ་ཅན་གྱི་མཚོ་འགྲམ་ལས་འགོ་བཙུགས་ཏེ་ ས་གནས་ཀྱི་ཚོང་ཁྲོམ་དང་ མི་སྡེ་གི་ལྟ་བཤལ་ལུ་གཞི་བཞག་སྟེ་ ཚོང་ལཱ་གི་ལས་རིམ་ཚུ་འགོ་བཙུགས་ཏེ་ཡོདཔ་ཨིན།
ཁྲོམ་སྡེ་འདི་ནང་ ལྟ་བཤལཔ་ཚུ་གིས་ ཌི་ལི་གི་མགྲོན་སྐྱོང་དང་ སྤྲོ་བ་བསྐྱེད་པའི་ལོ་རྒྱུས་ལེགས་ཤོམ་ དེ་ལས་ ཊི་མོ་རིསི་མི་སེར་ཚུ་གི་ ཉིན་བསྟར་གྱི་ལཱ་དང་ཉམས་མྱོང་ཚུ་ བརྗེ་སོར་འབད་དོ་ཡོདཔ་ཨིན་པས། ལྟ་བཤལ་ཚོང་ལཱ་ཚུ་ སྒྲིང་སྒྲི་དང་ལེགས་ཤོམ་འགྱོ་དོ་ཡོདཔ་ལས་ ཌི་ལི་གི་ཁོང་རའི་དཔའ་ཉམས་འདི་ ཧེ་མ་ལས་ལྷགཔ་སྦེ་ཡར་རྒྱས་གཏང་ནི་ལུ་བརྩོན་དོ་ཡོདཔ་ཨིན།[༡]
- ↑ https://www.britannica.com/place/East-Timor https://2009-2017.state.gov/outofdate/bgn/timorleste/74139.htm https://www.worldometers.info/world-population/timor-leste-population/ https://www.britannica.com/place/Dili https://etichotels.com/journal/10-surprising-facts-about-dili/ ༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽ Source: Department of Culture and Dzongkha Development.