ཨུས་བེ་ཀིས་ཏཱན། Uzbekistan

ངོ་སྤྲོད།
ཨུས་བེ་ཀིས་ཏཱན་འདི་ ཨེ་ཤི་ཡའི་དབུས་ཕྱོགས་ལུ་ ལུ་ཡོད་པའི་རྒྱལ་ཁབ་ཅིག་ཨིན་པའི་ཁར་ ཁོང་གི་ས་མཚམས་འདི་ ཀ་ཛགས་ཏཱན། ཀིར་གིས་ཏཱན། ཏ་ཇི་ཀིས་ཏཱན། ཨཕ་ག་ནིས་ཏཱན། ཊཱཀ་མེ་ནིས་ཏཱན་ཚུ་དང་གཅིག་ཁར་མཐུད་དེ་ཡོདཔ་ཨིན་པས། འདི་གི་རྒྱ་ཚད་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་ ༤༤༨,༩༧༨ ཁྱབ་སྟེ་ ལུང་ཕྱོགས་འདི་ནང་གི་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན་པས། ཁོང་གི་ས་གོ་འདི་ རྒྱལ་རབས་ཅན་གྱི་ སིལཀ་རུའུཏ་(Silk route) བརྩིས་ཏེ་ དང་ཕུའི་ཚོང་འབྲེལ་ལམ་གྱི་ རྒྱ་གྲམ་ལམ་ལུ་ཆགས་ཡོདཔ་ཨིན་པས།
རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

ཨུས་བེ་ཀིས་ཏཱན་གྱི་ རྒྱལ་ས་ལྟེ་བ་འདི་ དེང་སང་གི་ཁྲོམ་ཆེན་ ཊཱཤ་ཀེནཊ་ཟེར་མི་ནང་ སོ་ཝིཊ་དུས་སྐབས་ཀྱི་བཟོ་བཀོད་ཁྱིམ་དང་ ཁ་ཆེའི་སྔར་སྲོལ་ཚུ་ཡོདཔ་ཨིན་པས། གཞན་ཁག་ཆེ་བའི་ཁྲོམ་སྡེ་ཚུ་ཡང་ རྒྱལ་རབས་དང་ལྡན་པའི་ཁར་ བཟོ་བཀོད་ཧ་ལེ་སི་སི་སྦེ་ཡོད་མི་ཚུ་ཡང་ ས་མཱར་ཀཱནད་དང་ བཱུ་ཁ་ར་ དེ་ལས་ ཁི་བཱ་ཁྲོམ་ཚུ་ཡོདཔ་དང་ བཟོ་གྲྭ་དང་ལམ་སྲོལ་གྱི་ལྟེ་བ་ཨིན་མི་ གནམ་མཱོང་དང་ ཨེན་ཌི་ཇཱན་ཁྲོམ་ཚུ་ཡོདཔ་ཨིན་པས།
མི་རློབས།
སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཨུས་བེ་ཀིས་ཏཱན་གྱི་མི་རློབས་འདི་ ས་ཡ་ ༣༦ དེ་ཅིག་ཡོདཔ་ལས་ ཨེ་ཤི་ཡ་ལྟེ་བའི་རྒྱལ་ཁབ་ནང་ མི་རློབས་མང་ཤོས་སྦེ་ཚུད་དེ་ཡོདཔ་ཨིན། མི་མང་ཤོས་ཅིག་ར་ ཤར་ཕྱོགས་དང་ལྷོ་ཤར་ཕྱོགས་ཀྱི་ ལུང་ཕྱོགས་ཚུ་ནང་སྡོད་དོ་ཡོད་པའི་ཁར་ དམིགས་བསལ་གྱིས་ ས་བཅུད་དང་ལྡན་པའི་ ཕར་གཱ་ན་གི་ལུང་གཤོང་ཚུ་ནང་ར་ སྡོདཔ་ཨིན་མས། མི་རློབས་འདི་ མང་ཤོས་གཞོནམ་ཨིནམ་དང་ སྐྱེས་ལོ་བར་མའི་ལོ་ཚད་འདི་ ལོ་ ༢༨ དེམ་ཅིག་ཨིནམ་ལས་ ལས་མི་ཡར་སེང་འགྱོ་ནི་ལུ་ གྲོགས་རམ་འབདཝ་མས།
མི་རིགས།
མི་རློབས་མང་ཆེ་ཤོས་ ༼བརྒྱ་ཆ་ ༨༠% ལས་ལྷག་པ་༽ འདི་ ཨུས་བེཀ་གི་ མི་རིགས་ཨིན། མི་རིགས་ཉུང་སུ་སྦེ་ཡོད་མི་ཡང་ ཨུ་རུ་སུ། ཏ་ཇིཀས། ཀ་ར་ཀཱལ་པཀས། ཀོ་རི་ཡཱན་ཚུ་ཨིན་མས། མི་རིགས་སྣ་ཚོགས་འདི་ རྒྱལ་ཁབ་ཀྱི་བྱུང་རབས་སྣ་མང་དང་ ས་གནས་ལས་བརྟེན་བྱུང་ཡོདཔ་ཨིན་པས།
ཁ་སྐད།
གཞུང་འབྲེལ་གྱི་ཁ་སྐད་འདི ཨུས་བེཀ་ཨིན་པས། ཨུས་བེཀ་འདི་ ཊར་ཀིག་གི་ཁ་སྐད་རིགས་ཨིན་མི་འདི་ ལེ་ཊིན་གྱི་གསལ་བྱེད་ནང་ འབྲིཝ་ཨིན་པས། ར་ཤི་ཡཱན་ཁ་སྐད་འདི་ དམིགས་བསལ་གྱིས་ ཚོང་ལས་དང་ གཞུང་གི་ལཱ་ཚུ་ནང་ རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ལུང་ཕྱོགས་ལ་ལུ་ཅིག་ནང་ ཏ་ཇིག་གི་ཁ་སྐད་འདི་ལག་ལེན་འཐབ་ཨིན་པས། ཨིང་ལིཤ་འདི་ སློབ་གྲྭ་ཚུ་ནང་ མང་སུ་སྦེ་སྟོན་དོ་ཡོདཔ་དང་ མཐོ་རིམ་ཤེས་ཡོན་དང་ ལྟ་བཤལ་ནང་ལག་ལེན་འཐབ་དོ་ཡོདཔ་ཨིན།
རྒྱལ་རབས་དང་ཆོས་ལུགས།
ཨུས་བེ་ཀིས་ཏཱན་ལུ་ ལོ་ངོ་སྟོང་ཕྲག་གི་ཧེ་མའི་ བྱུང་རབས་ཕྱུགཔོ་སྦེ་ཡོདཔ་ཨིན་པས། འདི་སིལིཀ་རོཌ་(Silk road)བདའ་སྟེ་ ལུང་ཕྱོགས་གཙོ་བོ་ཅིག་ཨིནམ་དང་ དང་ཕུའི་ཁྲོམ་ས་ ས་མར་ཀཱནཌ་དང་ བུ་ཁ་རཱ་ཁྲོམ་ཚུ་ཨིན་མས། ས་གནས་འདི་ པར་སི་ཡཱན། ཨ་རབ། མོང་གོལ། ཊི་མུ་རིཌསི་བརྩིས་ཏེ་ རྒྱལ་ཁམས་རྣམ་པ་སྣ་ཚོགས་ཀྱིས་སྐྱོང་ནུག། དུས་རབས་ ༢༠ པའི་ནང་ སོ་ཝིཊ་ཡིའུ་ནེན་གྱི་ ཡན་ལག་ལུ་གྱུར་ཏེ་ སྤྱི་ལོ་ ༡༩༩༡ ལུ་རང་དབང་རང་བཙན་ཐོབ་ནུག། ཁ་ཆེའི་ཆོས་ལུགས་འདི་ ཁྱབ་ཆེ་བའི་ཆོས་ལུགས་ཅིག་ཨིནམ་དང་ མི་རློབས་བརྒྱ་ཆ་ ༩༠ ལྷག་ཙམ་གྱིས་ལག་ལེན་འཐབ་དོ་ཡོདཔ་ད་ གཙོ་བོ་སུ་ནི་མུཛ་ལིམ་ཚུ་ཨིན་པས། མི་རིགས་ཉུང་སུ་གི་ ཆོས་ལུགས་ཚུ་ཡང་ ཨོར་ཐོ་ཌོཀ་ཡེ་ཤུའི་ཆོས་ལུགས་དང་ ཇིའུསི་ དེ་ལས་ གཞན་མི་རིགས་ཉུང་བའི་ཆོས་ལུགས་ཚུ་ཡང་ ཡོདཔ་ཨིན་པས།
གནམ་གཤིས།
ཨུས་བེ་ཀིས་ཏཱན་ལུ་ གླིང་ཆེན་གྱི་ས་གཤིས་ཡོདཔ་དང་ གནམ་བྱཱར་འདི་ཆར་ཆུ་མེད་པར་དྲོད་ཅན་ཡོདཔ་དང་ དགུན་འདི་ཁོད་སི་སི་སྦེ་ ཡོདཔ་ཨིན་པས། དམིགས་བསལ་གྱིས་ བྱེ་མའི་ཐང་གི་ལུང་ཕྱོགས་ ཀཱའིས་ཛཱལ་ཀུམ་བྱེ་མའི་ཐང་(Kyzylkum Desert) བཟུམ་ནང་ ཆརཔ་ཉུང་སུ་སྦེ་རྐྱབ་ཨིན་པས། རྒྱལ་ཁབ་འདི་ནང་ རང་བཞིན་གནས་སྟངས་དང་འབྲེལ་བའི་གདོང་ལེན་ཚུ་ཡང་ འཐུང་ཆུ་མ་ལང་པའི་དཀའ་ངལ་དང་ བྱེ་མའི་ཐང་ལུ་འགྱུར་བའི་དཀའ་ངལ་ཚུ་ལས་ ཨཱ་རལ་རྒྱ་མཚོ་གི་མཐའ་འཁོར་ལུ་ བྱུང་དོ་ཡོདཔ་ཨིན་མས།
གཞུང་སྐྱོང་།
ཨུས་བེ་ཀིས་ཏཱན་འདི་ སྲིད་འཛིན་གྱི་མི་སེར་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་འདི་རྒྱལ་ཁབ་དང་ གཞུང་གི་འགོ་འཛིན་ཨིནམ་དང་ མི་དམངས་ཚོགས་རྒྱན་གྱིས་ བཙག་འཐུ་འབདཝ་ཨིན། རྒྱལ་ཁབ་འདི་ དཔལ་འབྱོར་གོང་འཕེལ་དང་ མི་སེར་གྱི་ཐོབ་དབང་ཡར་དྲག་གཏང་ཐབས་ལུ་ དམིགས་ཏེ་ ལེགས་བཅོས་འབད་བའི་བསྒང་ ཡོདཔ་ཨིན་པས། སྲིད་དོན་གྱི་གནས་སྟངས་འདི་ དབང་ཚད་ཚུ་གཞུང་ལྟེ་བ་གིས་ དབང་སྟེ་ར་སྡོད་རུང་ འཕྲལ་ཁམས་ཅིག་ཁར་ དྭངས་གསལ་དང་ སྒོ་ཡངས་དྲགས་སྦེ་འགྱོ་སྟེ་ཡོདཔ་ཨིན་པས།
རང་བཞིན་ཆགས་རབས།
ས་ཆ་ལས་འབདན་ བྱེ་ཐང་། གངས་རི། གཙང་ཆུ། ས་བཅུད་ཅན་གྱི་ལུང་གཤོང་ཚུ་ ཚུདཔ་ཨིན། ཨ་མུ་དར་ཡ་དང་ སིར་དར་ཡ་གཙང་ཆུ་ཚུ་ སོ་ནམ་གྱི་དོན་ལུ་ གལ་ཅན་ཨིན། ཊེན་ཤཱན་(Tian Shan)གངས་རི་འདི་ ཤར་ཕྱོགས་ལུ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ནང་ན་འདི་ མང་ཤོས་ར་ ས་ཐང་དང་ སྐམ་ཀྲོག་ཀྲོ་སྦེ་ཡོདཔ་ལས་ ཀ་བལ་གྱི་ཞིང་དང་ ཀར་ཞིང་ཚུ་གིས་ཁྱབ་སྟེ་ཡོདཔ་ཨིན་པས།
དཔལ་འབྱོར།
ཨུས་བེ་ཀིས་ཏཱན་ལུ་ དཔལ་འབྱོར་འདི་ ཡར་རྒྱས་འགྱོ་བའི་བསྒང་དང་ ཐོན་སྐྱེད་ཕྱུགཔོ་སྦེ་ཡོདཔ་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༩༠ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ འཛམ་གླིང་ནང་ ཀ་བལ་བཟོ་མི་སྦོམ་ཤོས་ཅིག་ཨིན་པས། ཕྱིར་ཚོང་ནང་ རང་བཞིན་གྱི་མེ་རླུང་། གསེར། ཡུ་རེ་ནིའམ། ཐགས་རིགས་ཚུ་ཨིན་པས། ནང་འདྲེན་གྱི་གྲངས་སུ་ འཕྲུལ་ཆས། བཞེས་སྒོའི་ཅ་ཆས། ཉོ་སྤྱོད་ཅ་ཆས་ཚུ་ཚུདཔ་ཨིན། དཔལ་འབྱོར་འདི་ སྣ་ཁག་བཟོ་ནི་དང་ ཕྱི་རྒྱལ་གྱི་མ་རྩ་བཙུགས་མི་ཚུ་ འོང་བཅུག་ནི་ལུ་ལེགས་སྒྱུར་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
ལམ་སྲོལ་དང་གྱོན་ཆས།
ཨུས་བེཀ་ཀྱི་ ལམ་སྲོལ་ནང་ ཊར་ཀི། པར་ཤི་ཡཱན། ཨུ་རུ་སུ་ཚུ་སླ་བསྲེ་རྐྱབ་རྐྱབ་བཟུམ་ ཡོདཔ་ཨིན་པས། སྔར་སྲོལ་གྱི་སྙན་ཆ་དང་ ཞབས་ཁྲ་ དེ་ལས་ རྫ་བཟོ་དང་སེ་ཤུད་འཐག་ནི་ ལ་སོགས་པའི་སྒྱུ་རྩལ་ཚུ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན་པས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལུགས་སྲོལ་གྱི་གྱོན་ཆས་འདི་ ཁྲོམ་གྱི་ས་གོ་ཚུ་ནང་ ཁྱབ་ཆེཝ་སྦེ་ཡོད་རུང་ སྔར་སྲོལ་གྱི་གྱོན་ཆས་ཀྱི་གྲངས་སུ་ ཅ་པཱན་༼ཀོཊ་རིངམ༽ དང་ ཌོ་པི་ ༼ཞྭམོ་འཚེམ་དྲུབ་རྐྱབ་རྐྱབ་༽ ཚུ་ཚུདཔ་ཨིན།
ལྟ་བཤལ།
ཨུས་བེ་ཀིས་ཏཱན་འདི་ ལམ་སྲོལ་ལྟ་བཤལ་གྱི་དོན་ལུ་ གཙོ་བོ་ར་ ཨིས་ལམ་གྱི་བཟོ་བཀོད་རིག་པ་དང་ སི་ལིཀ་རོཊ་གི་སྔར་སྲོལ་ལུ་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ རྒྱལ་ཁབ་གཙོ་བོ་ཅིག་ཨིན་མས། ཁྲོམ་ས་མཱར་ཀཱནཌ་དང་ བྷུ་ཁ་ར་ དེ་ལས་ ཁི་ཝ་ཚུ་ ཡུ་ནེསི་ཀོ་གི་འཛམ་གླིང་སྔར་ཁྱུན་ས་ཁོངས་ཨིན་པས། གཞུང་གིས་ ལྟ་བཤལ་ཡར་རྒྱས་གཏང་ནི་ལུ་ སྐྱོད་ཐམ་བྱིན་ནི་ཚུ་ འཇམ་ཏོང་ཏོ་བཟོ་ནུག།
རྩེད་རིགས།
ཡོངས་གྲགས་ཅན་གྱི་ རྩེད་རིགས་ནང་ རྐང་རྩེད། མཛོག་ཁྱད། སྐེད་བཤེད། ཇུ་དོ་ཚུ་ཚུདཔ་ཨིན་པས། ཨུས་བེཀ་ཀིས་ཏཱན་ལས་ ཨོ་ལིམ་པིག་གི་རྟགས་མ་ཐོབ་མི་ འཐོན་ཡོདཔ་ཨིནམ་དང་ དམིགས་བསལ་གྱིས་ འཐབ་འཛིང་གི་རྩེད་རིགས་ཚུ་ནང་ཨིན་པས། སྔར་སྲོལ་རྩེད་རིགས་ལས་ རྟ་རྒྱབ་ལས་རྩེ་བའི་རྩེདམོ་ ཀུཔ་ཀ་རི་འདི་ གཡུས་ཁ་ལས་ཕར་རྩེད་སྲོལ་ཡོདཔ་ཨིན་མས།
བཞེས་སྒོ།
ཨུས་བེཀ་གི་བཞེས་སྒོ་འདི་ ལྷག་བསམ་རྣམ་དག་དང་བྲོཝ་ཅན་སྦེ་ཡོདཔ་ཨིན་པས། རྒྱལ་ཡོངས་ཀྱི་བཞེས་སྒོ་འདི་པོ་ལོབ་(plov)ཟེར་ ཤ་དང་ཚོད་བསྲེ་ཡོད་པའི་ལྟོ་གི་བཞེས་སྒོ་ཅིག་ཨིན་མས། ཡོངས་གྲགས་ཅན་གྱི་བཞེས་སྒོ་གཞན་ཡང་ ཤཱཤ་ལིཀ་༼ཤ་བསྲེག་བསྲེགས༽། མཱན་ཏི་༼ཌམ་པིལིང་༽ ལཀ་མེན་༼རྒྱ་ཐུག་གི་ཁུ་བ་༽། ནཱོན་༼བེརེཊ་ལེབ་ཏེམ་༽ ཚུ་ཨིན་པས། སྔོ་ཇ་འདི་ ཡོངས་གྲགས་སྦེ་ལག་ལེན་འཐབ་པའི་མངར་ཆུ་ཨིན་པས།
ཕྱི་འབྲེལ་མཐུན་ལམ།
ཨུས་བེ་ཀིས་ཏཱན་གྱིས་ ལུང་ཕྱོགས་བདེ་སྐྱིད་དང་ དཔལ་འབྱོར་གོང་འཕེལ་ལུ་ གཙོ་བོ་བཏོན་ཏེ་ ཕྱོགས་བཟུང་མེད་པའི་ ཕྱི་འབྲེལ་སྲིད་བྱུས་རྒྱུན་སྐྱོང་འབདཝ་ཨིན་པས། རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས། སི་ཨའེ་ཨེསི། ཨེས་སི་ཨོ། ཨོ་ཨའེ་སི་གི་འཐུས་མི་ཨིནམ་དང་ ར་ཤི་ཡ། རྒྱ་ནག། ཊར་ཀི། ཨི་ཡུ། ཡུ་ནའི་ཊེཌ་ ཨིས་ཊེཌས་ཚུ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་བཞག་དོ་ཡོདཔ་ཨིན་པས།
མཇུག་དོན།
ཨུས་བེ་ཀིས་ཏཱན་འདི་ རྒྱལ་རབས་ཀྱི་འབྱུང་གཞི་གཏིང་ཟབ་དྲགས་དང་ དེང་སང་གི་འོས་འབབ་འཐོན་མི་ རྒྱལ་ཁབ་ཅིག་ཨིན། འདི་ཁར་ གཞན་དང་མ་འདྲ་བའི་ ལམ་སྲོལ་དང་ དཔལ་འབྱོར་ལེགས་སྒྱུར་ དེ་ལས་ ཐབས་ཤེས་ཅན་གྱི་ས་གནས་ཅིག་འབདཝ་ལས་ ཨེ་ཤི་ཡའི་དབུས་ཕྱོགས་དང་ དེ་ལས་ཕར་ལུ་ ཁག་ཆེ་བའི་ལཱ་འགན་འབག་ནིའི་ནང་ སྙིང་སྟོབས་ཅན་ཅིག་སྦེ་ཡོདཔ་ཨིན་པས།
རྒྱབ་རྟེན།
https://en.wikipedia.org/wiki/Uzbekistan