ཨེ་ཀུ་ཌོ། Ecuador
ཨེ་ཀུ་ཌོ་འདི་ ལྷོ་ཨ་མི་རི་ཀ་གི་ནུབ་བྱང་གི་མཚོ་མཐའ་ལུ་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་དང་ རྒྱལ་ཁབ་འདི་འཛམ་གླིང་ལྷོ་བྱང་གི་སྦུག་མཚམས་ནང་ཡོདཔ་ལས་ མིང་ཡང་ ཨེ་ཀུ་ཌོ་ཟེར་བཏགས་ཏེ་ཡོདཔ་དང་ ཨེ་ཀུ་ཌོ་འདི་ ས་ཆ་གྲུ་བཞི་ཀི་ལོ་མི་ཊར་ ༢༨༣,༥༦༡ དེ་ཅིག་ཁྱབ་སྟེ་ཡོདཔ་ཨིན། རྒྱལ་ཁབ་ནང་ མི་རློབས་ཀྱི་གྱངས་ཁ་ལས་བཅད་དེ་བལྟ་བ་ཅིན་ འཕྲལ་ཁམས་ཅིག་ཁར་ སྔོན་རྩིས་བཏོན་ཡོད་པའི་སྙན་ཞུ་དང་འཁྲིལཝ་ད་ ཨེ་ཀུ་ཌཽ་ལུ་ མི་རློབས་ས་ཡ་ ༡༦ དེ་ཅིག་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་སྦོམ་ཆུང་འདི་ ཧ་ལམ་ ཨིང་ལེནཌ་བཟུམ་ཡོདཔ་དང་ ཡུ་ཨེས་ཨེ་རི་རྫོ་ནཱ་ལས་ ཨ་ཙི་ཅིག་ཆུང་ཀུ་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་འདི་གི་བྱང་ཁ་ཐུག་ལུ་ ཀོ་ལོམ་བི་ཡ་དང་ ལྷོ་ཕྱོགས་དང་ཤར་ཕྱོགས་ཁ་ཐུག་ལུ་ པེ་རུ་དང་ ནུབ་ཁ་ཐུག་ལུ་ པེ་སི་ཕིག་རྒྱ་མཚོ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ག་ལ་པཱ་དགའས་མཚོ་གླིང་ཡང་ཚུད་ཡོདཔ་དང་ མཚོ་གླིང་འདི་ པེ་སི་ཕིག་རྒྱ་མཚོ་གི་ནུབ་ཕྱོགས་ལུ་ ཀི་ལོ་མི་ཊར་ ༡,༠༠༠ དེ་ཅིག་གི་ས་ཁར་ཡོདཔ་ཨིན།
ཨེ་ཀུ་ཌཽ་གི་ས་ཆའི་གནས་སྟངས་འདི་ གཞན་དང་མ་འདྲཝ་སྦེ་ཡོདཔ་དང་ འདི་ནང་ལུ་ རྒྱ་མཚོའི་མཐའ་མ་གི་ས་ཐང་དང་ ཨེན་ཌི་ཡན་ལུ་ཡོད་པའི་ས་ཁ་མཐོ་ས་ དེ་ལས་ ཨེ་མཱ་ཛོན་གྱི་ཆར་ལྡན་ནགས་ཚལ་དང་ མེ་རི་ལས་བྱུང་པའི་རི་ཚུ་ཡོདཔ་ཨིན།་ ཨེན་ཌིསི་རི་འདི་ རྒྱལ་ཁབ་ཀྱི་བྱང་ཕྱོགས་ལས་ ལྷོ་ཁ་ཐུག་ལུ་ཁྱབ་སྟེ་ཡོད་པའི་ཁར་ འཛམ་གླིང་ནང་ མེ་རི་མཐོ་ཤོས་བྱུང་ཡོད་མི་ཅིག་ཨིནམ་དང་ དཔེར་ན ཅིམ་བོ་ར་ཛོ་འདི་ མཐོ་ཚད་མི་ཊར་ ༦,༢༦༨ ཡོད་པའི་ རི་མཐོ་ཤོས་ཅིག་ཨིན།
ཨེ་ཀུ་ཌཽ་གི་བསིལ་དྲོད་གནས་སྟངས་འདི་ ས་གནས་ཚུ་ནང་ ས་དབྱིབས་ཆགས་ལུགས་ཚུ་སོ་སོ་ཡོད་མི་དང་ འཛམ་གླིང་ལྷོ་བྱང་གི་སྦུག་མཚམས་ཀྱི་ཉེ་འདབས་ལུ་ཡོད་མི་ལུ་བརྟེན་ ལུང་ཕྱོགས་ཚུ་ནང་ གནམ་གཤིས་གནས་སྟངས་ཡང་སོ་སོ་ཡོདཔ་ཨིན། སྤྱིར་བཏང་ལུ་འབད་བ་ཅིན་ རྒྱལ་ཁབ་འདི་ནང་ གནམ་གཤིས་ཡང་དྲོད་ཡོདཔ་དང་ ས་གནས་འདི་ནང་ ཆར་དུས་དང་ ས་སྐམ་རྡོ་སྐམ་གྱི་དུས་ཟེར་ ནམ་དུས་གཉིས་ཡོདཔ་ཨིན། འདི་ཡང་ རྒྱལ་ཁབ་ནང་ ཆརཔ་གི་དུས་ཚོད་འདི་ སྤྱི་ཟླ་དང་པ་ལས་ སྤྱི་ཟླ་བཞི་པ་ཚུན་ཨིནམ་དང་ ས་སྐམ་རྡོ་སྐམ་གྱི་དུས་ཚོད་འདི་ སྤྱི་ཟླ་དྲུག་པ་དང་དགུ་པ་ལུ་མྱོངམ་ཨིན།
ཨེ་མཱ་ཛོན་གྱི་ལུང་གཤོང་འདི་ནང་ གནམ་གཤིས་འདི་ དྲོད་ཚད་ ༢༥ ལས་ ༢༨ གི་བར་ན་ཡོདཔ་ལས་ གནམ་མེད་ས་མེད་དྲོད་ཡོདཔ་མ་ཚད་ ཆརཔ་ཡང་ཤུགས་སྦེ་རྐྱབ་དོ་ཡོདཔ་ལས་ འཕྲལ་འཕྲལ་ར་ ལོ་བསྟར་བཞིན་དུ་ ཆརཔ་སེན་ཏི་མི་ཊར་ ༥༠༠ དེ་ཅིག་རྐྱབ་ཨིན། དེ་འབདཝ་ལས་ ལོ་འདི་ནང་ ཆརཔ་ཤུགས་སྦེ་རྐྱབ་ནི་ཡོད་མི་ལུ་བརྟེན་ ས་གནས་ནང་ཡོདཔ་པའི་ ཆར་ལྡན་ནགས་ཚལ་འདི་ ཧོ་ལྗོངས་ལྗོངས་སྦེ་བཞག་སྟེ་ཡོདཔ་ཨིན། དེ་གི་སྐབས་ལུ་ ག་ལ་པཱ་དགའས་མཚོ་གླིང་ཚུ་ནང་ མཚོ་གི་རླབས་ཤུགས་ལུ་བརྟེན་ གནམ་གཤིས་ཡང་ གཞན་དང་ཕྱདཔ་ད་ མ་འདྲཝ་ཅིག་བཟོཝ་ཨིན།། མཚོ་གླིང་ཚུ་ནང་ གནམ་གཤིས་འདི་བྱེ་ཐང་བཟུམ་དྲོད་ཡོདཔ་དང་ དྲོད་ཚད་འབད་བ་ཅིན་ ༢༡ དེ་ཅིག་ཡོདཔ་ཨིན། ས་གནས་འདི་ནང་ལུ་ སྤྱི་ཟླ་ལྔ་པ་ལས་བཅུ་གཉིས་པ་ཚུན་ ཆརཔ་མ་རྐྱབ་པར་ ས་སྨུག་སྤུར་ཏེ་ ཆརཔ་ཟིམ་ཟིམ་རེ་རྐྱབ་ནི་ཡོདཔ་དང་ སྤྱི་ཟླ་དང་པ་ལས་བཞི་པ་ཚུན་ ཆརཔ་དུམ་གྲ་རེ་རྐྱབ་ནི་ཡོདཔ་ཨིན། མཚོ་གླིང་གི་ས་གནས་ཚུ་ནང་ བསིལ་དྲོད་གནས་སྟངས་འདི་ཡང་ ས་ཁོངས་ཀྱི་མཐོ་ཚད་དང་བསྟུན་ཏེ་ འགྱུར་འགྱོ་དོ་ཡོདཔ་ཨིན། ཨེ་ཀུ་ཌཽ་ལུང་ཕྱོགས་ནང་ འདི་བཟུམ་མའི་བསིལ་དྲོད་གནས་སྟངས་སོ་སོ་ཡོད་མི་དང་བསྟུན་ རྒྱལ་ཁབ་ནང་སྐྱེ་ལྡན་གནས་སྟངས་དང་ གནས་གཤིས་འགྱུར་བ་ཡང་ མ་འདྲཝ་ལེ་ཤ་འབྱུངམ་ཨིན།
རྒྱལ་ཁབ་ནང་གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཉེན་ཁ་སྦོམ་སྦེ་ར་བཀལཝ་ཨིནམ་དང་ དམིགས་བསལ་དུ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འཁྱེག་ཕུང་ཚུ་ ཉིནམ་གཅིག་བ་གཅིག་ བཞུ་འགྱོ་སྟེ་ཡོདཔ་ཨིན། དཔེ་འབད་བ་ཅིན་ ཀཱ་རི་ཝའི་ར་རཱ་ཛོའི་འཁྱེག་ཕུང་གི་ས་གོ་བརྒྱ་ཆ་ ༩༦ དེ་ཅིག་ནང་འཁྱེག་བཞུ་སྟེ་ཡོདཔ་དང་ ད་ལྟོའི་གནས་སྟངས་འདི་ འཕྲོ་མཐུད་དེ་ར་བྱུང་པ་ཅིན་ ཕྲལ་ར་ ཝའི་ར་རཱ་ཛོའི་འཁྱེག་ཕུང་འདི་ ཡལ་འགྱོ་ནི་གི་ཉེན་ཁ་སྦོམ་ཡོདཔ་ཨིན། སྤྱིར་བསྡོམས་ལུ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ཨེ་ཀུ་ཌཽ་ར་ནང་ འཁྱེག་ཕུང་ཁྱབ་ཚད་ བརྒྱ་ཆ་ ༥༣ དེ་ཅིག་བཞུ་འགྱོ་སྟེ་ཡོདཔ་ལས་ དེ་གིས་ ཆུའི་ཐོན་སྐྱེད་དང་སྐྱེ་ལྡན་གནས་སྟངས་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན།[༡]
ཨིས་པེ་ནིཤ་འདི་ ཨེ་ཀུ་ཌཽ་གི་གཞུང་འབྲེལ་གྱི་ཁ་སྐད་ཅིག་ཨིནམ་དང་ ཁ་སྐད་འདི་རྒྱལ་ཁབ་ནང་ཁྱབ་ཆེཝ་སྦེ་ར་ལག་ལེན་འཐབ་ཨིན། ཨིན་རུང་ རྒྱལ་ཁབ་འདི་ནང་ལུ་ སྐད་རིགས་མ་འདྲཝ་ལེ་ཤ་ཡོདཔ་དང་ འདི་ནང་ལུ་ ཁེད་ཆེ་ཝ་དང་ཤོ་ཝར་ཚུ་རྩིས་ཏེ་ རྒྱལ་ཁབ་ཀྱི་སྐད་རིགས་ལེ་ཤ་ཅིག་ར་ངོས་འཛིན་འབད་ཡོདཔ་ཨིན། ཁ་སྐད་འདི་ མང་ཤོས་ར་ ས་གནས་ཀྱི་མི་སྡེ་ཚུ་གིས་སླབ་ཨིནམ་དང་ དམིགས་བསལ་དུ་ སི་ཨི་ར་དང་ ཨེ་མཱ་ཛོན་ལུང་ཕྱོགས་ཚུ་ནང་ལག་ལེན་འཐབ་དོ་ཡོདཔ་ཨིན། ཨེ་ཀུ་ཌཽ་གི་ ལམ་སྲོལ་སྣ་ཚོགས་འདི་ ས་གནས་འདི་ནང་ སྐད་རིགས་མ་འདྲཝ་ལེ་ཤ་ར་ཡོད་མི་ཚུ་གིས་ཤེས་ཚུགས་དོ་ཡོདཔ་དང་ ད་ལྟོའི་བར་ན་ཡང་ རྒྱལ་ཁབ་ཀྱི་ཁ་སྐད་དང་ལམ་སྲོལ་ཚུ་ ཉམས་མ་བཅུག་པར་ ཡུན་བརྟན་སྦེ་བཞག་ཐབས་ལུ་ སེམས་ཤུགས་སྦོམ་བསྐྱེདཔ་ཨིན།
ཨེ་ཀུ་ཌཽ་གི་དཔལ་འབྱོར་འདི་ ཁག་ཆེ་བའི་ལས་སྡེ་གཙོ་བོ་དག་པ་ཅིག་ལུ་བརྟེན་ཡོདཔ་དང་ ས་སྣུམ་ཕྱིར་ཚོང་འབད་མི་འདི་གིས་ རྒྱལ་ཁབ་ནང་ འོང་འབབ་ཀྱི་ཐོན་ཁུངས་གཙོ་བོ་ཅིག་ཨིནམ་ལས་ ཨེ་ཀུ་ཌཽ་འདི་ ལྷོ་ཨ་མི་རི་ཀ་ནང་ ས་སྣུམ་ཐོན་སྐྱེད་འབད་མི་ གཙོ་བོ་ཅིག་ཨིན། རྒྱལ་ཁབ་ནང་ སོ་ནམ་གྱི་ལཱ་ཡང་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ ངང་ལག་དང་ཀཱ་ཕི་ དེ་ལས་ ཀོ་ཀོ་ཤིང་འབྲས་ཕྱེ་དང་ མེ་ཏོག་ལ་སོགས་པའི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་མི་འདི་གིས་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིནམ་མ་ཚད་ རྒྱལ་ཁབ་འདི་ འཛམ་གླིང་ནང་ ངང་ལག་ཕྱིར་ཚོང་འབད་མི་ དྲག་ཤོས་ཅིག་ཨིན།
བཟོ་གྲྭའི་ལས་སྡེ་འདི་ནང་ལུ་ བཟའ་འཐུང་བཟོ་འདོན་གི་ལཱ་འབད་ནི་དང་ ཐགས་རིགས་ དེ་ལས་ བཟོ་སྐྲུན་གྱི་ལཱ་ཚུ་ཡོདཔ་ད་ དམིགས་བསལ་དུ་ ལྟ་བཤལ་ལས་སྡེ་གིས་ རྒྱལ་ཁལ་ནང་ལཱ་འགན་སྦོམ་འབག་ཡོདཔ་ཨིན། དཔེར་ན་ ག་ལ་པཱ་དགའས་གི་མཚོ་གླིང་ནང་ ལྟ་བཤལ་པ་ལེ་ཤ་འོང་དོ་ཡོདཔ་དང་ དེ་བཟུམ་ ག་ལ་པག་གོ་སི་གླིང་ཕྲན་དང་ ཀིཝ་ཏོ་དང་ ཀུ་ཨེན་ཀ་གི་ ལམ་སྲོལ་ཕྱུགཔོ་ཡོདཔ་ལས་ ལྟ་བཤལ་པ་ཡང་ལེ་ཤ་འོང་དོ་ཡོདཔ་ཨིན། ཨེ་ཀུ་ཌཽ་ནང་ ཡུ་ཨེས་ཌོ་ལར་འདི་ གཞུང་འབྲེལ་གྱི་དངུལ་སྦེ་ ལག་ལེན་འཐབ་དོ་ཡོདཔ་དང་ དེ་གིས་ དཔལ་འབྱོར་གྱི་གནས་སྟངས་ སྒྲིང་སྒྲི་སྦེ་བཞག་ནི་ལུ་ ཕན་ཐོགས་ཡོདཔ་ཨིན།
ཨེ་ཀུ་ཌཽ་གི་ལམ་སྲོལ་འདི་ ས་གནས་ཀྱི་ལུགས་སྲོལ་དང་ ཨིས་པེ་ནིཤ་གི་ལུགས་སྲོལ་ཚུ་སླ་བསྲེ་འབད་དེ་ཡོདཔ་ཨིན། འདི་བཟུམ་གྱི་ལུགས་སྲོལ་ཚུ་ སླ་བསྲེ་ཡོད་མི་འདི་ ཁོང་གི་དུས་སྟོན་དང་སྙན་ཆ་ དེ་ལས་ ཞབས་ཁྲ་དང་ བཞེས་སྒོ་ཚུ་ནང་ཡང་ མཐོངམ་ཨིན། རྒྱལ་ཁབ་ཀྱི་མི་སྡེ་ཚུ་ནང་ལུ་ རང་ལུགས་ཀྱི་གྱོན་ཆས་དང་ ལག་བཟོ་ དེ་ལས་གསོལ་མཆོད་ཚུ་ ཉམས་མ་བཅུག་པར་ སྒྲིང་སྒྲི་སྦེ་ར་བཞག་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན།
ཨེ་ཀུ་ཌཽ་འདི་ སྐྱེ་ལྡན་རིགས་སྣ་དང་ རང་བཞིན་གྱི་མཛེས་ཆ་ལུ་བརྟེན་ ཡོངས་གྲགས་ཅན་ཅིག་ཨིནམ་དང་ འདི་གིས་ ལམ་སྲོལ་གྱི་ངོ་རྟགས་ལུ་ ཕན་སྦོམ་སྦེ་ར་འཐོབ་ཡོདཔ་ཨིན། རྒྱལ་ཁབ་འདི་ འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་སྦོམ་ཡོད་པའི་ རྒྱལ་ཁབ་ ༡༧ གྱི་གྲས་ལས་གཅིག་ཨིནམ་ད་ ཨེ་མཱ་ཛོན་དང་ ག་ལ་པཱ་དགའས་མཚོ་གླིང་ནང་ཡོད་པའི་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཡོད་མི་ཚུ་གིས་ སྐྱེ་ལྡན་རིགས་སྣ་འདི་ཧེང་སྐལ་ཕྱུགཔོ་བཟོཝ་ཨིན། རྒྱལ་ཁབ་ཀྱི་ ཁྲོམ་གྱི་ལྟེ་བ་ཚུ་ནང་ལུ་ དེང་སང་གི་ ལམ་སྲོལ་གྱི་གསལ་བརྗོད་ཚུ་ བཟོ་རིག་དང་སྒྱུ་རྩལ་ དེ་ལས་ རྩོམ་རིག་ཚུ་ནང་ལུ་མཐོང་ཚུགས་པའི་ ལོ་རྒྱུས་ཚུ་ཡང་ཡོདཔ་ཨིན།[༡]
རྒྱལ་ས་ལྟེ་བ།
[ཞུན་དག]ཨེ་ཀུ་ཌཽ་གི་རྒྱལ་ས་ལྟེ་བ་འདི་ ཀི་ཊོ་ཨིནམ་དང་ དེ་གི་མིང་ལུ་ སེན་ཕེརེན་སིས་ཀོ་ཌི་ཀི་ཊོ་ ཟེར་ཡང་སླབ་དོ་ཡོདཔ་དང་ རྒྱལ་ས་འདི་ ཨེན་ཌིས་ཀྱི་ རི་ཚུ་གི་མཐོ་ཚད་ཁར་ཆགས་ཏེ་ཡོདཔ་ཨིན། རྒྱལ་ས་ལྟེ་བ་འདི་ རྒྱལ་ཁབ་ནང་གི་མི་སེར་གྱི་ལམ་སྲོལ་དང་ ཨིས་པེ་ནིཤ་གིས་ རྒྱལ་ཁབ་དབང་འོག་འབད་བའི་ཤུལ་ འགྱུར་ཡོད་པའི་ལམ་སྲོལ་ཚུ་དང་གཅིག་ཁར་ སླ་བསྲེ་སྟེ་ཡོད་པའི་ ས་གནས་ཅིག་ཨིན། ཀི་ཊོ་འདི་ རྒྱལ་སྤྱིའི་ཤེས་རིག་དང་ཚན་རིག་ལམ་སྲོལ་ལས་སྡེ་གིས་ འཛམ་གླིང་སྔར་ཁྱུན་ས་ཁོངས་ཅིག་སྦེ་ངོས་འཛིན་འབད་ཡོདཔ་དང་ ས་གནས་འདི་ ཨེ་ཀུ་ཌཽ་གི་སྲིད་དོན་དང་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན།
ཀི་ཏོ་འདི་ མཛེས་ཆ་དང་ལྡན་པའི་གངས་རི་ཚུ་གི་མཐོང་སྣང་དང་ དང་ཕུ་གི་ཁྱིམ་ཚུ་ཉམས་མ་བཅུག་པར་ ལེགས་ཤོམ་སྦེ་ཉམས་སྲུང་འབད་དེ་ཡོདཔ་མ་ཚད་ དཔལ་འབྱོར་གྱི་གནས་སྟངས་དང་ ལམ་ལུགས་སྲོལ་མ་འདྲཝ་ཚུ་ ག་ནི་བ་ལེགས་ཤོམ་ཡོད་པའི་ས་གནས་ཅིག་ཨིན། ས་གནས་འདི་ནང་ འདི་བཟུམ་མའི་ཁྱད་ཆོས་ཡོད་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་ཅིག་སྦེ་ཆ་བཞག་ཡོདཔ་དང་ འདི་གིས་ ས་གནས་ཀྱི་མི་སེར་དང་ ལྟ་བཤལཔ་གཉིས་ཆ་ར་ལུ་ ཨེ་ཀུ་ཌཽ་རྒྱལ་ཁབ་ཀྱི་ངོ་རྟགས་དང་ ལམ་སྲོལ་ཕྱུགཔོ་ཚུ་ ཤེས་ཚུགས་ནི་ལུ་ཕན་སྦོམ་སྦེ་ར་ཐོགས་ཏེ་ཡོདཔ་མ་ཚད་ དམིགས་བསལ་གྱི་ཉམས་མྱོང་ཚུ་ཡང་ བྱིན་ཏེ་ཡོདཔ་ཨིན། ཁྲོམ་འདི་ནང་ དེང་སང་གི་འགྱུར་བ་དང་བསྟུན་ ཡར་རྒྱས་དང་གོང་འཕེལ་གྱི་ལཱ་ ག་ཅི་ར་འབད་རུང་ སྔར་སྲོལ་ལམ་ལུགས་དང་ རྒྱལ་རབས་གུར་ གཙོ་རིམ་བཟུང་སྟེ་འབད་སྲོལ་ཡོདཔ་ལས་ ལྷོ་ཨ་མི་རི་ཀ་གི་ཁྲོམ་ཚོགས་ཁག་གི་གྲས་ལས་ ཀི་ཊོ་འདི་ དགའ་སྐྱིད་དང་ལྡན་པའི་ཁྲོམ་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན།
ཀི་ཏོ་འདི་ རྒྱ་མཚོའི་མཐོ་ཚད་མི་ཊར་ ༢༨༥༠ གུར་ཆགས་ཡོད་མི་ལུ་བརྟེན་ འཛམ་གླིང་ནང་གི་ རྒྱལ་ས་ལྟེ་བ་ཚུ་གི་གྲས་ལས་ མཐོ་ཚད་མཐོ་ཤོས་ལུ་ཡོད་པའི་རྒྱལ་ས་ཅིག་ཨིནམ་དང་ ཁྲོམ་འདི་གི་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅིག་ཨིན། ཨིན་རུང་ མི་ལ་ལུ་ཅིག་གིས་འབད་བ་ཅིན་ ཀི་ཊོ་ཁྲོམ་ལས་ བོ་ལི་ཝི་ཡ་གི་ ལ་དཔའས་ཁྲོམ་འདི་ རྒྱ་མཚོའི་ཁ་ཚད་ལས་ མི་ཊར་མཐོ་ཤོས་ནང་ཡོད་ཟེར་བཤད་ཡོདཔ་ཨིན། ཀི་ཊོ་དེ་གི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༡༩༧.༥ དེ་ཅིག་ཨིན་རུང་ རྒྱལ་ས་ལྟེ་བའི་ཁྲོམ་ཆེན་གྱི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༤,༢༡༧.༩༥ ཁྱབ་སྟེ་ཡོདཔ་ལས་ ཁྲོམ་ཚོགས་ཀྱི་རྒྱ་ཚད་འདི་སྦོམ་ཡོདཔ་ཨིན། ཁྲོམ་གྱི་མཐའ་འཁོར་ལུ་ཡོད་པའི་གངས་རི་ཚུ་གིས་ གནམ་གཤིས་ལུ་ ཐོ་ཕོག་དོ་ཡོདཔ་མ་ཚད་ ཁྲོམ་གྱི་བཟོ་བཀོད་ལུ་ཡང་གནོད་ཡོདཔ་དང་ སྒྲིང་ཁྱིམ་ཚུ་ ལུང་གཤོང་དང་སྒང་ཚུ་ནང་ལས་ཕར་རྐྱབ་ཡོདཔ་ཨིན།
ཀི་ཊོ་འདི་ ཨེ་ཀུ་ཌཽ་ནང་ ཁྲོམ་སྦོམ་ཤོས་གཉིས་པ་ཨིནམ་ད་ སྤྱི་ལོ་ ༢༠༢༢ ལུ་ མི་རློབས་ ༡,༧༦༣,༢༧༥ དེ་ཅིག་ཡོདཔ་ཨིན། ཁྲོམ་ཆེན་གྱི་ས་ཁོངས་སྦོམ་ཤོས་ནང་ མི་ས་ཡ་༢.༨ དེ་ཅིག་ཡོདཔ་ལས་ ཀི་ཏོ་འདི་ ལུང་ཕྱོགས་འདི་ནང་གི་ ཁྲོམ་གལ་ཅན་ཅིག་སྦེ་བཟོཝ་ཨིན། ཁྲོམ་འདི་ནང་ལུ་ མི་རློབས་ལེ་ཤ་འཛོམས་ཡོད་མི་ལུ་བརྟེན་ ཀི་ལོ་མི་ཊར་གྲུ་བཞི་རེ་ནང་ མི་གྲངས་༨,༩༠༠ དེ་ཅིག་སྡོད་དོ་ཡོདཔ་ཨིན། ཀི་ཏོ་ནང་ཡོད་པའི་མི་སེར་ཚུ་ རིགས་རྒྱུད་ཁག་ལས་འོང་མི་སྡེ་ཚན་ཚུ་ཡོདཔ་ལས་ འདི་གིས་ ལམ་སྲོལ་མ་འདྲཝ་ཚུ་སླ་བསྲེ་སྟེ་ ས་གནས་འདི་གི་ ལམ་སྲོལ་དང་ངོ་རྟགས་འདི་ ཧེང་སྐལ་ཕྱུགཔོ་བཟོ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན།
ཁྲོམ་འདི་ནང་ལུ་ ལོ་བསྟར་བཞིན་དུ་ ཆར་ཆུ་མི་ལི་མི་ཊར་ ༡,༠༡༣.༨ དེ་ཅིག་རྐྱབ་དོ་ཡོདཔ་དང་ འཕྲལ་འཕྲལ་ས་ཁོངས་འདི་ནང་ ཟླཝ་ལ་ལུ་ཅིག་ནང་ ས་གནས་གཞན་དང་ཕྱདཔ་ད་ཆརཔ་ཤུགས་སྦེ་ རྐྱབ་དོ་ཡོདཔ་ཨིན། ཨ་རྟག་འབད་བ་ཅིན་ སྤྱི་ཟླ་ ༤ པ་འདི་ ཆརཔ་ཤུགས་སྦེ་རྐྱབ་པའི་ ཟླཝ་ཅིག་ཨིནམ་དང་ ཆརཔ་མི་ལི་མི་ཊར་ ༡༤༩.༣ རྐྱབ་དོ་ཡོདཔ་ད་ སྤྱི་ཟླ་ ༧ པ་འདི་ ས་སྐམ་རྡོ་སྐམ་གྱི་དུས་ཚོད་ཨིནམ་ལས་ ཆརཔ་མི་ལི་མི་ཊར་ ༢༦.༢ རྐྱངམ་གཅིག་རྐྱབ་དོ་ཡོདཔ་ཨིན་པས། ཀི་ཊོ་ལུ་ ལོ་བསྟར་བཞིན་དུ་ ཆརཔ་ཉིན་གྲངས་ ༡༨༡ དེ་ཅིག་རྐྱབ་དོ་ཡོདཔ་ད་ དེ་ཡང་ ལོ་ཕྱེད་དེ་ཅིག་ཨིན། ཁྲོམ་འདི་ནང་ལུ་ ཉིམ་འདི་རན་ཏོག་ཏོ་སྦེ་ར་ཕོག་དོ་ཡོདཔ་དང་ བརྒྱ་ཆ་ ༤༧ དེ་ཅིག་ ཉིམ་ཤར་ཏེ་སྡོདཔ་ཨིན། སྤྱི་ཟླ་ ༨ པ་ནང་ ས་གནས་འདི་ནང་ མང་ཤོས་ར་ཉིནམ་ཤར་ཏེ་སྡོད་ནི་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ ཉི་དྲོད་ཆུ་ཚོད་ ༨ དེ་ཅིག་འཐོབ་ཚུགསཔ་ཨིན།
ཨེ་ཀུ་ཌཽ་གི་ས་གནས་གཞན་ཚུ་ནང་བཟུམ་སྦེ་ ཀི་ཊོ་གི་ གཞུང་འབྲེལ་ཁ་སྐད་འདི་ ཨེསི་པེ་ནིཤ་ཨིནམ་དང་ འདི་ནང་སླབ་སྲོལ་ཡོད་པའི་ཨེསི་པེ་ནིཤ་ཁ་སྐད་འདི་ ཨེ་ཀུ་ཌོོ་གི་ཁྱད་རྣམ་མ་འདྲཝ་ཡོདཔ་དང་ དེ་ཡང་ རྒྱལ་ཁབ་ཀྱི་བྱུང་རབས་དང་ ཁ་སྐད་ཚུ་གིས་ བཟོ་ཡོདཔ་ཨིན། ཁ་སྐད་འདི་ གཞུང་འབྲེལ་དང་ཚོང་ལས་ དེ་ལས་ ཉིན་བསྟར་གྱི་ལཱ་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ མི་ལ་ལུ་ དམིགས་བསལ་དུ་ ས་གནས་ཀྱི་མི་སེར་ཚུ་གིས་ ད་ལྟོའི་བར་ན་ཡང་ ཁོང་གི་ཁ་སྐད་ ཀེ་ཆེ་ཝ་༼Quechua༽འདི་ལག་ལེན་འཐབ་ཡོདཔ་ཨིན། མ་གཞི་ ཁྲོམ་གྱི་མིང་འདི་ ཀེ་ཆེ་ཝ་ཁ་སྐད་ལས་བྱུང་ཡོདཔ་དང་ འདི་ཡང་ ཨེསི་པེ་ནིཤ་མ་གནས་པའི་ཧེ་མ་ཨིན་ཟེར་བཤདཔ་ཨིན། འདི་བཟུམ་མའི་ཁ་སྐད་ཚུ་ ས་གནས་འདི་ནང་ ཉམས་མ་བཅུག་པར་བཞག་མི་འདི་གིས་ ཀི་ཊོ་གིས་ ཧེ་མའི་ལམ་སྲོལ་དང་ལམ་ལུགས་ལུ་ བརྩི་མཐོང་ཡོད་པའི་བརྡ་མཚོན་སྟོནམ་ཨིན།
ཀི་ཊོ་གིས་ ཨེ་ཀུ་ཌོོ་གི་དཔལ་འབྱོར་ནང་ལུ་ འགན་ཁུར་གཙོ་བོ་ཅིག་འབག་དོ་ཡོདཔ་དང་ རྒྱལ་ཁབ་ནང་ ཁྲལ་བསྡུ་ལེན་གྱི་ཐད་ལུ་ དྲག་ཤོས་ཅིག་ཨིན། སྤྱི་ལོ་ ༢༠༢༣ ལུ་ ཁྲོམ་འདི་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༣༣.༩ དང་ མི་རེ་ལུ་ སྤྱིར་སྙོམས་ཌོ་ལར་ ༡༣,༦༠༠ ཨིན། ཀི་ཊོ་འདི་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ དངུལ་འབྲེལ་ལས་སྡེ་ཁག་མང་ཤོས་ཅིག་གི་ གཙོ་ཅན་འབདཝ་ལས་ ཨེ་ཀུ་ཌོོ་གི་ཚོང་འབྲེལ་ལྟེ་བ་ཅིག་སྦེ་གྱུར་ཡོདཔ་ཨིན། ཁྲོམ་གྱི་དཔལ་འབྱོར་འདི་ནང་ སོ་ནམ་ཐོན་སྐྱེད་དང་ ཐགས་རིགས་ དེ་ལས་ ལྕགས་རིགས་ཀྱི་བཟོ་གྲྭ་ཁང་ཚུ་ཡོདཔ་མ་ཚད་ ཨེ་ཀུ་ཌོོ་གི་ས་གནས་གཞན་ཚུ་བཟུམ་སྦེ་ ཀི་ཊོ་གིས་ ཧེ་མ་ལས་ས་སྣུམ་ཕྱིར་ཚོང་ལུ་བརྟེན་ཏེ་སྡོད་ཡོདཔ་ཨིན་རུང་ ས་ཁོངས་གཞན་ཚུ་ཡང་ རྒྱ་སྐྱེད་གཏང་ནི་གི་ལཱ་འབད་ཡོདཔ་ཨིན།
ཀི་ཊོ་གི་དཔལ་འབྱོར་འདི་ ཨེ་ཀུ་ཌོོ་གི་དཔལ་འབྱོར་དང་འདྲན་འདྲ་ཨིནམ་དང་ འདི་ནང་ལུ་ ཞབས་ཏོག་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་བརྒྱ་ཆ་ ༥༩.༧ དང་ བཟོ་སྐྲུན་ལས་སྡེ་གིས་བརྒྱ་ཆ་ ༡༢.༤ དེ་ལས་ གཞན་བཟོ་གྲྭ་ཁང་ཚུ་གིས་བརྒྱ་ཆ་ ༢༠.༢ དང་ སོ་ནམ་ལས་བརྟེན་ བརྒྱ་ཆ་ ༧.༧ འཐོབ་ཚུགས་ཏེ་ཡོདཔ་ཨིན། ཀི་ཊོ་དང་ རྒྱལ་ཁབ་ཀྱི་ གདོང་ལེན་སྦོམ་ཤོས་གཅིགཔོ་འདི་ ཏི་རུ་སྒྲིང་སྒྲི་སྦེ་བཞག་ནི་ལུ་ ལཱ་ཁག་གཏང་དོ་ཡོདཔ་ཨིན། སྤྱི་ལོ་ ༡༩༩༠ གི་ལོ་མཇུག་ཁམས་ལུ་ དཔལ་འབྱོར་གྱི་གནས་སྟངས་ནང་དཀའ་ངལ་སྦོམ་བྱུང་པའི་ཤུལ་ལུ་ སྤྱི་ལོ་ ༢༠༠༠ ལུ་ ཨེ་ཀུ་ཌོོ་གིས་ ཡུ་ཨེསི་ཌོ་ལར་ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ་ལས་ དཔལ་འབྱོར་གནས་སྟངས་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱིས་ དངུལ་བརྗེ་སོར་གྱི་ཚད་གཞི་ལུ་ ཚད་འཛིན་འབད་མ་ཚུགས་པའི་དཀའ་ངལ་ཐོན་ཡོདཔ་ཨིན།
ཀི་ཊོ་གིས་ ལོ་གཅིག་ནང་ ཨེ་ཀུ་ཌོོ་གི་ལམ་སྲོལ་གསལ་སྟོན་འབད་ནིའི་དོན་ལུ་ དགའ་སྟོན་ལེ་ཤ་བརྩི་སྲུང་འབད་ནི་ཡོདཔ་ཨིན། དེ་བཟུམ་མའི་དགའ་སྟོན་ཚུ་གི་གྲས་ལས་ སྤྱི་ཟླ་ ༢ པའི་ནང་ རུ་སྒྲིག་འགྲེམས་སྟོན་དང་གྱོན་ཆས་ དེ་ལས་ ཆོས་དང་འབྲེལ་བའི་ལས་རིམ་ལ་སོགས་པ་ཚུ་ གསལ་སྟོན་འབདཝ་ཨིནམ་དང་ དེ་བཟུམ་གྱི་ལས་རིམ་ལས་བརྟེན་ རྒྱལ་ཁབ་ཀྱི་སྔར་སྲོལ་ལམ་ལུགས་ཚུ་ ཉམས་མ་བཅུག་པར་ ཡུན་བརྟན་སྦེ་བཞག་ནི་ལུ་ ཕན་སྦོམ་སྦེ་ར་འཐོབ་སྟེ་ཡོདཔ་ཨིན། དེ་དང་གཅིག་ཁར་ ལས་རིམ་འདི་གིས་ རྒྱལ་ཁབ་ནང་ཡོད་པའི་ མི་རིགས་མ་འདྲཝ་ཚུ་གི་བར་ན་ མཐུན་ལམ་ལེགས་ཤོམ་བཟོ་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་མི་སེར་ཚུ་ སྲིད་དོན་དང་ཚོང་ལས་ དེ་ལས་ ལམ་སྲོལ་ཚུ་ནང་ ངོ་ཚབ་འབད་བཅུག་ནི་ལུ་ སེམས་ཤུགས་བྱིན་ཏེ་ཡོདཔ་ཨིན།[༡]
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
རྒྱབ་རྟེན་དཔེ་དེབ།
[ཞུན་དག]- ↑ ༡.༠ ༡.༡ ༡.༢ https://www.climate.top/ecuador/quito/precipitation/ https://www.focus-economics.com/countries/ecuador/ https://www.casagangotena.com/blog/activities/celebrations-in-quito/ https://www.climatestotravel.com/climate/ecuador/quito https://www.meteoblue.com/en/weather/historyclimate/climatemodelled/quito_ecuador_3652462 https://warbletoncouncil.org/sectores-economicos-ecuador-6693 https://www.currencytransfer.com/blog/expert-analysis/ecuadors-economy-in-2025 https://latinamericanpost.com/americas/heritage-en/ecuadors-quito-holy-week-a-cultural-and-spiritual-nexus/ https://trace.scad.edu/americas-ideal/quito-ecuador-wonders-a-city-of-rich-culture-and-breathtaking-scenery.html https://cepr.net/publications/ecuador-gdp-growth-accelerates-led-by-construction/ https://ecophiles.com/2017/08/09/ecuador-travel-quitos-festival-lights/ https://www.peek.com/quito-pichincha-ecuador/r0qkpm/exploring-quitos-historic-heart-a-cultural-odyssey/ar0xpax5 https://www.ecuador.com/business/economy/ https://www.worldbank.org/en/country/ecuador/overview https://www.metropolitan-touring.com/blog/culture/fiestas-de-quito/ https://www.patrimoniocultural.gob.ec/9674 https://en.wikipedia.org/wiki/Economy_of_Ecuador