Jump to content

ཨོ་མཱན།

Wikipedia ལས།

ཨོ་མཱན་རྒྱལ་ཁབ་འདི་ ཨེ་ཤི་ཡའི་གླིང་ཆེན་གྱི་ནུབ་ཕྱོགས་ ཨཱ་ར་བི་ཡཱན་གྱི་མཚོའི་འགྲམ་ལུ་ཆགས་ཏེ་ཡོད། རྒྱལ་ས་ལྟེ་བ་མཱས་ཀེཊ་འདི་ བྱང་ཕྱོགས་ཁ་ཐུག་ མཚོའི་འགྲམ་ལུ་ཡོདཔ་དང་ ཧེ་མ་འབད་བ་ཅིན་ རྒྱལ་ཁབ་འདི་ མཚོ་དང་འབྲེལ་བའི་རྒྱལ་ཁམས་ དབང་ཅན་ཅིག་སྦེ་སྡོད་ནུག། དེང་སང་ གཙོ་བོ་ར་ མར་ཁུ་དང་མེ་རླུང་ དེ་ལས་ ལྟ་བཤལ་ལུ་བརྟེན་ཏེ་ སྒྲིང་སྒྲི་སྦེ་ཡར་རྒྱས་འགྱོ་བའི་བསྒང་ཨིན།

ཨོ་མཱན་རྒྱལ་ཁབ་ཀྱི་ མི་སྡེ་བརྩི་མཐོང་དང་ལམ་སྲོལ་ཚུ་ག་ར་ ཁ་ཆེའི་ཆོས་ལུགས་དང་འབྲེལ་བ་ཡོད། རྒྱལ་ཁབ་འདི་སྔོན་རྒྱུད་ཀྱི་འགོ་ཁྲིདཔ་ སཱུལ་ཏཱན་རྒྱལ་རྒྱུད་ཀྱིས་ དེང་སང་གཞུང་ལུགས་དང་མཐུནམ་སྦེ་སྐྱོངམ་ཨིན། རྒྱལ་ཁབ་ནང་ལུ་ མི་རློབས་ཡང་ རིགས་མ་འདྲཝ་ལེ་ཤ་ཡོད། རྒྱལ་ཁབ་ནང་ལུ་ ཤེས་རིག་དང་གསོ་བ་ཚུ་ ལེ་ཤ་གཅིག་གིས་ར་ གོང་འཕེལ་སོང་ཡོད་རུང་ གདོང་ལེན་གཙོ་བོ་ར་ ཆུ་དཀོན་པའི་དཀའ་ངལ་དང་ གཡོག་མེད་པའི་དཀའ་ངལ་ཚུ་ བྱུང་དང་འབྱུང་བཞིན་དུ་ཡོད། དཀའ་ངལ་དང་གདོང་ལེན་ཚུ་ ག་དེ་སྦེ་ར་འབྱུང་རུང་ རྒྱལ་ཁབ་ཀྱི་སྔར་སྲོལ་བཟང་པོ་དང་ རང་བཞིན་གནས་སྟངས་ཚུ་ ཉམས་སྲུང་དང་བདག་འཛིན་འབད་ཐོག་ལས་ ཡར་རྒྱས་འགྱོ་བའི་བསྒང་ར་ཡོད།

ས་ཆའི་གནས་སྟངས་དང་ སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ།

ཨཱ་ར་བི་ཡཱན་མཚོ་གིས་མཐའ་གསུམ་བསྐོར་ཏེ་ཡོད་པའི་ ཤར་ལྷོ་ཕྱོགས་ལུ་ཨོ་མཱན་རྒྱལ་ཁབ་གནས་ཏེ་ཡོད། ལྷོ་ནུབ་ཁ་ཐུག་ ཡུ་ནེའི་ཀྲེཏ་ཨཱ་རབ་ཨོཕ་ཨཱེ་མེ་རེཏསི་དང་ ནུབ་ཕྱོགས་ཁ་ཐུག་ སའུ་དེ་ཡ་ཨཱ་ར་བི་ཡའི་རྒྱལ་ཁབ་དང་ ལྷོ་ནུབ་ཕྱོགས་ལུ་ཨིན་པ་ཅིན་ ཡེ་མཱེན་གྱི་རྒྱལ་ ཁབ་ཡོད། ཨཱ་ར་བི་ཡཱན་མཚོ་དང་ ཨོ་མཱན་མཚོ་ཁུག་གི་འགྲམ་རིངམོ་སྦེ་ཡོད་མི་གིས་ རྒྱལ་སྤྱིའི་རྒྱལ་ཁབ་མང་ཆེ་བ་ཅིག་ལུ་ འགྲོ་འོང་གི་ཚོང་ལམ་གྱི་གོ་སྐབས་བྱིན་ཚུགསཔ་ཨིན། རྒྱལ་ཁབ་ཀྱི་སྦོམ་ཆུང་ཡང་ཡུདཔ་ཅི་ ཀི་ལོ་མི་ཊར་གྲུ་བཞིམ་ ༣༠༩,༥༠༠ ཡོད།

ཨོ་མཱན་འདི་ མངའ་སྡེ་སྤྱི་ཁྱབ་ཀྱིས་ འཛིན་སྐྱོང་འབད་དགོ་པའི་ མངའ་སྡེ་ ༡༡ ལུ་ བགོ་སྟེ་ཡོད་མི་འདི་ ད་རུང་ཡང་ རྫོང་ཁག་ ༦༡ ལུ་ བགོ་སྟེ་ཡོད། མངའ་སྡེ་ནང་ལས་ གཙོ་བོ་ར་ རྒྱལ་ས་ལྟེ་བ་མཱས་ཀེཊ་དང་ དྷོ་ཕཱར་ ཨཱལ་བཱ་ཏི་ན་ ཨཱལ་དཱ་ཁི་ལི་ཡ་ ཨཱལ་ཤཱར་ཀི་ཡ་ཚུ་ཨིན། མངའ་སྡེ་རང་ར་སོ་སོ་གི་ས་གནས་དང་འབྲེལ་བའི་ བདག་སྐྱོང་ལམ་ལུགས་སོ་སོ་སྦེ་ཡོད། ཨོ་མཱན་རྒྱལ་ཁབ་ཀྱི་ ས་ཆའི་ཆགས་ལུགས་སྣ་ཚོགས་ཡོད་མི་ཡང་ ལ་དང་ལུང་ བྱེ་ཐང་དང་མཚོའི་འགྲམ་ འདིའི་ནང་དོན་ཉིད་ལས་ ཨཱལ་ཧ་ཇར་ལ་ཆེན་དང་ བྱེ་ཐང་རཱབ་ཨཱལ་ཁ་ལི་ཚུ་ སྐད་གྲགས་ཅན་ཅིག་ཨིན།

བྱུང་རབས།

ལོ་ངོ་སྟོང་ཕྲག་གི་ཧེ་མ་ལས་ར་ ཨོ་མཱན་རྒྱལ་ཁབ་ཀྱི་བྱུང་རབས་འདི་ སྤྲོ་བ་ཆེ་ཏོག་ཏོ་ཡོད། དམིགས་བསལ་གྱི་ མེ་ས་པོ་ཏོ་མི་ཡ་དང་ ཨི་ཇིཔ་ དེ་ལས་ རཱོམ་ཚུ་གི་ཡར་ཐོན་གནས་སྟངས་ནང་ལུ་ བརྩི་མཐོང་སྦོམ་སྦེ་བསྐྱེད་མི་ སྤོས་དཀར་ཚོང་འབྲེལ་འཐབ་སའི་ལྟེ་བ་ཅིག་ཨིན། ཨོ་མཱན་རྒྱལ་ཁབ་འདི་ རང་དབང་ཧྲིལ་བུམ་མ་འཐོབ་པའི་ཧེ་མར་ ལུང་ཕྱོགས་འདི་ པཱར་ཤེ་ཡཱན་དང་ པོར་ཅུ་གིསི་གི་དབང་ལུ་གནས་ཏེ་སྡོད་ནུག།

སྤྱི་ལོ་ ༡༧༤༤ ལས་ ད་ལྟོའི་བར་ རྒྱལ་ཁབ་སྐྱོང་བཞུགས་མི་ ཨཱལ་ས་ཡེཊ་རྒྱལ་རྒྱུད་འདི་ གཞི་བཙུགས་འབད་ནུག། དུས་རབས་ ༡༩ པ་ལས་ཚུར་འབད་བ་ཅིན་ ཨོ་མཱན་རྒྱལ་ཁབ་འདི་ མཚོ་དང་འབྲེལ་བའི་རྒྱལ་ཁབ་སྦོམ་ཅིག་ལུ་གྱུར་ཏེ་ ཐ་ན་ ཤར་ཕྱོགས་ཨཱཕ་རི་ཀ་གི་ས་ཁོངས་དང་ ཟཱན་ཟི་བཱར་ཚུ་ཡང་ དབང་གཟུང་འབད་ནུག།

དེང་དུས་ཀྱི་ཨོ་མཱན་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༧༠ ལས་ ༢༠༢༠ ཚུན་ གཞུང་སྐྱོང་གནང་མི་ རྒྱལཔོ་སཱུལ་ཏཱན་ ཀཱ་བཱུས་བཱིན་ས་ཡེཊ་གིས་ སྒྱུར་བཅོས་མཛད་གནང་ནུག། ཁོ་གིས་ རྒྱལ་ཁབ་ནང་ལུ་ དེང་དུས་དང་འཁྲིལ་བའི་ གཞི་རྟེན་མཁོ་ཆས་ཚུ་ གཞི་བཙུགས་མཛད་དེ་ ཤེས་རིག་ལམ་ལུགས་དང་ གསོ་བའི་མཐུན་རྐྱེན་ཚུ་ སྒྲིང་སྒྲི་སྦེ་བཟོ་གནང་ནུག། ད་རེས་ ཨོ་མཱན་རྒྱལ་ཁབ་འདི་ ཞི་བདེ་ཅན་ཅིག་དང་ ལམ་སྲོལ་ཚུ་ལུ་ བརྩི་མཐོང་སྦོམ་བསྐྱེད་དེ་ མདུན་སྐྱོད་འགྱོ་མི་ཅིག་ཨིན། རྒྱལ་ཁབ་འདི་གིས་ སྔོན་སྲོལ་དང་རྒྱལ་རབས་ཅན་ཚུ་ ཉམས་སྲུང་འབད་བའི་ཐོག་ལས་ དེང་ལུགས་ཀྱི་ཡར་རྒྱས་ གཏང་བའི་བསྒང་ཡོདཔ་ཨིན།  

མི་རིགས་དང་མི་རློབས།

ཨོ་མཱན་རྒྱལ་ཁབ་ནང་ལུ་ མི་རིགས་མ་འདྲཝ་ལེ་ཤ་ཅིག་ཡོདཔ་དང་ ད་ལྟོ་ མི་རློབས་འབད་བ་ཅིན་ ས་ཡ་ ༤.༦ དེམ་ཅིག་ཡོདཔ་ཨིན། འདི་ནང་ལས་ མང་ཆེ་བ་གཅིགཔོ་འདི་ ཨོ་མཱ་ནི་ ཨཱ་རཱབསི་ཨིནམ་དང་ ད་རུང་སོ་སོ་ བཱ་ལུ་ཅིསི་དང་ པཱར་ཤེ་ཡནསི་ དེ་ལས་ ཨཕི་རི་ཀའི་མི་རྒྱུད་ཚུ་ཡང་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ ཕྱི་རྒྱལ་གྱི་མི་རིགས་ཚུ་ཡང་ མང་སུ་ཅིག་སྦེ་ཡོདཔ་དང་ འདི་གི་གྲས་ཁར་རྒྱ་གར། པཱ་ཀིས་ཏཱན། བཱང་ལ་དེཤ་དང་ རྒྱལ་ཁབ་སོ་སོ་གི་མི་ཚུ་ཡང་ ལས་སྡེ་ཁག་མ་འདྲཝ་ནང་ལས་ཕར་ གཡོག་ལཱ་ཚུ་འབད་དེ་སྡོདཔ་ཨིན། རྒྱལ་ཁབ་ཀྱི་གཞུང་འབྲེལ་གྱི་ཁ་སྐད་འདི་ ཨ་རཱ་བིག་ཨིནམ་དང་ སྐད་རིགས་སོ་སོ་ཨིང་སྐད་དང་ བཱ་ལུ་ཅི་ དེ་ལས་ ཨིས་ཝ་ཧི་ལི་ཚུ་ཡང་ མི་ཚུ་གིས་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་སྟེ་ར་ཡོད། མ་གཞི་གི་ ཨོ་མཱན་རྒྱལ་ཁབ་ནང་ལུ་ ག་ཅི་གི་ཐད་ལས་འབད་རུང་ དཔེར་ན་ ལམ་སྲོལ། མི་རིགས་ འདྲ་མིན་སྣ་ཚོགས་འཛོམས་རུང་ གཅིག་གིས་གཅིག་ལུ་ མཐུན་འབྲེལ་གྱི་ཐོག་ལས་ གུས་ཞབས་དང་བརྩི་བཀུར་འབད་དེ་ ཞི་བདེ་དང་དགའ་བའི་མི་སྡེ་ཅིག་སྦེ་ རྒྱལ་ཡོངས་ཀྱི་སྲོལ་ཁྱུན་དང་ལམ་སྲོལ་ལུ་ གནས་ཏེ་སྡོདཔ་ཨིན་པས།

སྲིད་བྱུས་དང་གཞུང་སྐྱོང་ལམ་ལུགས།

ཨོ་མཱན་རྒྱལ་ཁབ་འདི་ སུལ་ཏཱན་རྒྱལ་རྒྱུད་ཀྱིས་ རྒྱལ་ཁབ་དང་གཞུང་གི་དབུ་ཁྲིད་མཛད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་ རྒྱལ་རྒྱུད་ཀྱི་རྒྱལ་ཁབ་ཉག་ཅིག་ཨིནམ་དང་ སྲིད་ཚོགས་དང་དམག་སྡེ་ ཁྲིམས་འབྲེལ་གྱི་རིགས་ག་རའི་ནང་ལུ་ དབང་ཚད་ཧྲིལ་པོར་ཡོད། སྤྱི་ལོ་ ༢༠༢༠ ལས་ཚུར་ རྒྱལཔོ་སུལ་ཏཱན་ཧའི་ཐཱམ་ཏྲ་རིག་ཨཱལ་ས་ཡེཊ་གིས་ དབུ་ཁྲིད་གནང་དང་གནང་བཞིན་དུ་ཡོད།

གཞུང་སྐྱོང་ནང་ལུ་ སུལ་ཏཱན་གྱིས་བཀོ་བཞག་གནང་མི་ བློན་པོ་ལྷན་ཚོགས་དང་ ཁྲིམས་བཟོ་ལྷན་སྡེ་ཚོགས་ཁང་གཉིས་ལྡན་སྦེ་ཡོདཔ་ཨིན། འདི་གི་གྲས་ལུ་ མངའ་སྡེ་ལྷན་ཚོགས་ (Majlis AL-Dawla) དང་ གྲོས་བསྟུན་ལྷན་ཚོགས་ (Majlis AL-Shura) གཉིསཔོ་ཡང་ཚུདཔ་ཨིན་པས། མ་གཞི་གི་ ཨོ་མཱན་རྒྱལ་ཁབ་ནང་ལུ་ སྲིད་དོན་ཚོགས་པ་མེད་དེ་འབད་རུང་ སྲིད་བྱུས་ལམ་ལུགས་དང་ ཁྲིམས་འབྲེལ་གནད་དོན་ཚུ་གི་ཐད་ གཞུང་ལུ་གྲོས་འདེབས་ཞུ་མི་ གྲོས་བསྟུན་ལྷན་ཚོགས་བཙག་འཐུ་འབད་ནི་གི་ནང་ལུ་ མི་སེར་ཚུ་གིས་ བཅའ་མར་གཏོགས་ཆོགཔ་ཨིན།

རྒྱལ་ཁབ་ཀྱིས་ ཕྱི་རྒྱལ་དང་འབྲེལ་བའི་གནད་དོན་གྱི་ཐད་ལུ་སྒྲིང་སྒྲི་དང་ བར་གནས་སྦེ་སྡོདཔ་ཨིན། ལུང་ཕྱོགས་ཀྱི་ཕྱིའི་རྒྱལ་ཁབ་སྲིད་སྐྱོང་ནང་ལུ་ གནད་འགག་ཆེ་སུ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན། སྔར་སྲོལ་བདག་འཛིན་དང་ མདུན་ཕྱོགས་ཡར་རྒྱས་ཀྱི་གནས་སྟངས་གཉིསཔོ་ འདྲན་འདྲ་སྦེ་འགྱོ་ཐབས་ལུ་ དེང་སང་ལུགས་ཀྱི་གཞུང་སྐྱོང་ལམ་ལུགས་ཚུ་ཡང་ གཞི་བཙུགས་གནང་ཡོདཔ་མ་ཚད་ མཐར་ཐུག་གི་གྲོས་ཐག་གཅད་ས་འདི་ སུལ་ཏཱན་གྱི་དབུ་ཁྲིད་ལུ་ར་ གནས་དགོཔ་ཨིན་པས།

ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་སྐྱོང་ ཆོས་ལུགས་དང་ ཐུན་མིན་ཁྱད་ཆོས།

ཨོ་མཱན་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཁ་སྐད་འདི་ ཨཱ་ར་བིག་ཨིན། འདི་ཡང་ དུས་རྒྱུན་གྱི་མི་ཚེ་དང་ཚོང་འབྲེལ་ གཞུང་གི་ལས་སྡེ་ནང་ལུ་ ལག་ལེན་འཐབ་ཨིན། ཨིན་རུང་ ཨིང་སྐད་འདི་ཡང་ ཚོང་འབྲེལ་དང་ཤེས་རིག་གི་ནང་ལུ་ ཁྱབ་ཆེ་སུ་ཅིག་སྦེ་ལག་ལེན་འཐབ་ཨིན་པས། ཁ་སྐད་གཞན་ བཱ་ལུ་ཅི་ ཨིས་ཝ་ཧི་ལི་དང་ ཨུར་དཱུ་ཚུ་ཡང་ ཕྱི་རྒྱལ་གྱི་མི་སྡེ་ཚུ་གིས་ ལག་ལེན་འཐབ་ཨིན་པས། ཨོ་མཱན་གྱི་ལམ་སྲོལ་འདི་ ཨ་རཱ་བིག་གི་སྲོལ་རྒྱུན་ཅིག་ཨིནམ་ལས་ ཁ་ཆེ་པའི་བརྩི་མཐོང་དང་ མཚོ་འབྲེལ་ལམ་སྲོལ་ནང་ལུ་ཕྱུགཔོ་ཅིག་ཨིན། དུས་སྟོན་བརྩི་སྲུང་གི་སྐབས་ལུ་ སྔོན་སྲོལ་སྙན་ཆ་དང་ ཞབས་ཁྲ་ དེ་ལས་ རྩོམ་རིག་ཚུ་ གཞན་དང་མ་འདྲཝ་ཅིག་སྦེ་ར་ ངོས་འཛིན་འབད་ནི་ཡོད། ལག་བཟོའི་རིགས་ དཔེར་ན་ རྫ་བཟོ། འཐག་ཆས་དང་ དངུལ་བཟོའི་ཅ་ཆས་ཚུ་ ཨོ་མཱན་གྱི་ སྒྱུ་རྩལ་ཆེ་བའི་སྲོལ་ཁྱུན་ཅིག་ཨིན་པས། ཨོ་མཱན་རྒྱལ་ཁབ་ཀྱི་མི་ཚུ་ མཐུན་འབྲེལ་ཆེ་ཏོག་ཏོ་དང་ གུས་ཞབས་ཆེ་ཏོག་ཏོ་ དེ་ལས་ བཟའ་ཚང་མཉམ་མཐུན་ཚུ་ གང་དྲགས་ཡོདཔ་སྦེ་བརྩིཝ་ཨིན། འདི་གི་ནང་དོན་ཉིད་ལས་ ཁོང་གིས་ཉམས་ཆུང་གི་སྒོ་ལས་ ཟབ་ཏོག་ཏོ་གི་འབད་གཞག་ཚུ་དང་ སྔར་སྲོལ་གྱི་གོ་ལ་ཚུ་ བརྩི་མཐོང་ཆེ་དྲགས་སྦེ་ཡོདཔ་མ་ཚད་ ཕོ་རྒྱ་གིས་གྱོན་མི་ལུ་དཱིསི་དཱ་ཤཱ་དང་ ཨམ་སྲུ་གིས་གྱོན་མི་ལུ་ཨཱ་བཱ་ཡ་ཚུ་ ཡོངས་གྲགས་ཅན་ཅིག་ཨིན། ཁོང་གི་ཆོས་ལུགས་འདི་ སྤྱིར་ཁ་ཆེ་པའི་ལུགས་ཨིནམ་དང་ དེའི་ནང་ལས་ཡང་ ཨཱི་བཱ་དཱི་ཟེར་ ཁ་ཆེ་པའི་ཆོས་ལུགས་ཀྱི་ནང་ཚན་ཅིག་ཨིན་མི་འདི་ཡང་ ཉམས་ལེན་འབདཝ་ཨིན། ཁོང་ཆ་ཁྱབ་ཀྱིས་ དུས་རྒྱུན་གྱི་མི་ཚེ་ངོ་མ་ར་ ལྷ་ཁང་ (mosque) ཟེར་མི་ནང་ལས་ ཆོས་ལུགས་ལྷབ་སྦྱང་ཚུ་འབདཝ་ཨིན་པས། ཁོང་གི་རྒྱལ་ཁབ་ནང་ལུ་ གཞན་དང་མ་འདྲ་བའི་ལམ་སྲོལ་ཟེར་རུང་ ངོ་མ་ར་ ལུང་ཕྱོགས་འདི་ནང་ལུ་ རང་བཞིན་གནས་སྟངས་ལུ་བདེ་སྐྱེད་དང་ རྒྱལ་སྤྱིའི་སྲིད་བྱུས་ནང་ལུ་ བར་གནས་སྦེ་སྡོད་ནི་ དེ་ལས་ སྲོལ་ཁྱུན་ཚུ་ བདག་སྲུང་འབད་སྡོདཔ་ཨིན། མཚོ་ཁུག་རྒྱལ་ཁབ་གཞན་དང་མ་འདྲཝ་འདི་ གཙོ་བོ་ར་ ད་རེས་ནངས་པའི་ལུགས་ཀྱི་འགྱུར་འགྲོས་དང་ སྔར་སྲོལ་གཉིས་མཉམ་མཉམ་སྦེ་བཞག་ནི་དང་ ཨ་རཱབ་རྒྱལ་ཁབ་ཚུ་གི་ནང་ལས་ ཐུན་མོང་མ་ཡིན་པ་ཅིག་སྦེ་གནས་སྡོདཔ་ཨིན།

ས་གཤིས་དང་མཐའ་འཁོར།

ཨོ་མཱན་རྒྱལ་ཁབ་ནང་ལུ་ བྱེ་ཐང་གི་ཚ་དྲོད་ཆེ་སུ་ཅིག་དང་ ཆར་ཆུ་ཉུང་སུ་ཅིག་སྦེ་ཡོད། གནམ་བྱཱར་ (ཟླཝ་ ༥ པ་ལས་ ༩ པ་ཚུན) གནམ་མེད་ས་མེད་ ཚ་དྲོད་ཆེ་སུ་ཅིག་སྦེ་ཡོདཔ་དང་ དེ་བསྒང་ བྱེ་ཐང་ནང་ལས་ཕར་ ཚ་ཤུགས་ཀྱི་དྲོད་ཚད་ ཁུག་ཚད་ ༤༥ ཚུན་ལྷོདཔ་ཨིན། གནམ་དགུན་ (ཟླ་ ༡༡ པ་ལས་ ༣ པ་ཚུན་) གྱི་སྐབས་ལུ་ ཚ་དྲོད་རན་ཏོག་ཏོ་དང་ དགའ་ཏོག་ཏོ་སྦེ་ཡོདཔ་ཨིན། མཚོའི་འགྲམ་ལུ་གནས་མི་ རྒྱལ་ས་མཱས་ཀཊ་དང་ སཱ་ལ་ལཱ་ཚུ་ནང་ རློན་གཤེར་འཚམས་སུ་ཅིག་དང་ རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་འབད་བ་ཅིན་ སྐམ་ཐལ་འཚམས་སུ་ཅིག་སྦེ་སྡོདཔ་ཨིན།

ཨོ་མཱན་རྒྱལ་ཁབ་ཀྱི་སའི་ཆགས་རབས་ཚུ་ཡང་ ལ་དང་ལུང་ བྱེ་ཐང་དང་ མཚོའི་འགྲམ་ཚུ་ཡོདཔ་ཨིན། མཐའ་འཁོར་གནས་སྟངས་འདི་ཚུ་ལས་ ལ་ཆེན་ཨཱལ་ཧ་ཇར་གྱིས་ རྒྱལ་ཁབ་ནང་ལུ་ བསིལ་ཉམས་ལྡན་བཅུག་དོ་ཡོདཔ་དང་ བྱེ་ཐང་རཱབ་ཨཱལ་ཁ་ལི་(Empty Quarter) འདི་ སྦོམ་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ནང་ལུ་ གདོང་ལེན་ཆེ་ཤོས་ར་ ཆུ་དཀོན་པའི་དཀའ་ངལ་དང་ བྱེ་ཐང་ལུ་འགྱུར་ནིའི་ཉེན་ཁ་སྦོམ་སྦེ་ར་ཡོདཔ་ཨིན། ཨིན་རུང་ ཉམས་སྲུང་འབད་མི་ཚུ་གིས་ རི་དྭགས་སེམས་ཅན་དང་མཚོ་ནང་གི་སྲོག་ཆགས་ཚུ་ དེ་ལས་ སྲུང་སྐྱོབས་འབད་ཡོད་པའི་ རང་བཞིན་གླིང་ག་ཚུ་ བདག་འཛིན་འཐབ་སྟེ་ར་ཡོདཔ་ཨིན།

དཔལ་འབྱོར་དང་ཚོང་འབྲེལ།

ཨོ་མཱན་རྒྱལ་ཁབ་གཞུང་གི་འོང་འབབ་གཙོ་བོ་ རང་བཞིན་གྱི་མར་ཁུ་དང་ མེ་རླུང་ཨིནམ་དང་ དེ་ཚུ་གིས་ གཞུང་གི་འབབ་ཁུངས་དང་ཕྱིར་ཚོང་ནང་ལུ་ ཁེ་ཕན་སྦོམ་ར་བྱུང་ཡོདཔ་ཨིན། ཨིན་རུང་ རང་བཞིན་ལས་འཐོན་པའི་མར་ཁུ་ཚུ་ལུ་ བློ་གཏད་མ་སྡོད་པར་ དཔལ་འབྱོར་འོང་འབབ་གཞན་ རྒྱལ་ཡོངས་ཀྱི་ལྟ་བ་ འཆར་སྣང་ ༢༠༢༠ ཟེར་མི་འདི་ དམིགས་གཏད་ངོ་མ་ར་ ལྟ་བཤལ་ལས་སྡེ་དང་བཟོ་སྐྲུན་ལས་སྡེ་ དེ་ལས་ སྡོད་གནས་བཟོ་ནི་དང་ ཉའི་ཚོང་འབྲེལ་ཚུ་གི་མ་དོ་བར་ ས་གཏེར་ལས་སྡེ་ནང་ལུ་ཡང་ ཤུགས་བཏོནམ་ཨིན་པས།

ཚོང་འབྲེལ་གནད་འགལ་ཆེ་བའི་ལས་སྡེཿ

  • རང་བཞིན་གྱི་མར་ཁུ་དང་མེ་རླུང་འདི་ རྒྱལ་ཁབ་ཀྱི་དཔལ་འབྱོར་འོང་འབབ་གཙོ་བོ། ཚོང་འབྲེལ་འཐབ་ས་ རྒྱ་ནག་རྒྱལ་ཁབ་དང་རྒྱ་གར་ དེ་ལས་ ཇ་པཱན་ཚུ་ཨིན།
  • ལྟ་བཤལ་ལས་སྡེ་འདི་ རྒྱལ་ས་ལྟེ་བ་མཱས་ཀེཊ། སཱ་ལ་ལཱ་དང་ བྱུང་རབས་ཅན་གྱི་རྫོང་ཤུལ་ཚུ་གིས་ ཕྱི་མི་ཚུ་རྒྱལ་ཁབ་ནང་འོང་ནི་ལུ་ སྤྲོ་བ་ཐེབ་ཅིག་ར་ བྱིན་ཚུགས་དོ་ཡོདཔ་མས།
  • སོ་ནམ་དང་ཉའི་རིགས་ཚོང་འབྲེལ་འདི་ ཤིང་འབྲས་སྐམ་གྱི་རིགས་དང་ ཤིང་འབྲས་གཞན་ཚུ་ དེ་ལས་ མཚོ་ནང་གི་ཉའི་རིགས་ཚུ་ ཕྱིར་ཚོང་འཐབ་ནི་ཡོད།
  • བཟོ་སྐྲུན་དང་ས་གཏེར་འདི་ བཟོ་སྐྲུན་ དཔེར་ན་ མར་ཁུ་དང་འབྲེལ་བའི་རྫས་སྦྱོར་ རྩིས་ས་ ཧ་ཡང་གི་རིགས་ཚུ་ གོང་འཕེལ་གཏངམ་ཨིན།

ཨོ་མཱན་རྒྱལ་ཁབ་དང་ ཚོང་འབྲེལ་འཐབ་མི་རྒྱལ་ཁབ་གཙོ་བོ་ར་ རྒྱ་ནག། རྒྱ་གར། ཡུ་ཨེ་ཨི། སའུ་དཱི་ཨ་རཱ་བི་ཡ་དང་ ཡུ་ཨེས་ཚུ་ཨིན་པས། མ་གཞི་གི་རྒྱལ་ཁབ་འདི་ རྒྱལ་སྤྱའི་ཚོང་ལམ་གྱི་སྦུག་ལུ་གནས་ཡོདཔ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ཁེ་ཕན་སྦོམ་སྦེ་ར་འབྱུང་དོ་ཡོདཔ་ཨིན།

ཤེས་རིག་དང་གསོ་བའི་ལམ་ལུགས།

ཨོ་མཱན་རྒྱལ་ཁབ་ནང་ལུ་ ཤེས་རིག་ལམ་ལུགས་ག་ར་ སྒྲིང་སྒྲི་སྦེ་ཡར་རྒྱས་སོང་ཡོདཔ་དང་ འདི་ཚུ་ཡང་ ག་ར་སྟོང་པ་སྦེ་གནངམ་ཨིན། ཨིན་རུང་ ཡར་རྒྱས་ཀྱི་འགྲོས་དང་འཁྲིལ་ སྒེར་གྱི་སློབ་གྲྭ་དང་རྒྱལ་སྤྱའི་སློབ་གྲྭ་ཚུ་ཡང་ ཡར་སེང་སོང་སྟེ་ར་ཡོད། སུལ་ཏཱན་ཀཱ་བཱུསི་གི་གཙུག་ལག་སློབ་སྡེ་དང་ མཐོ་རིམ་སློབ་གྲྭ་མ་འདྲཝ་གཞན་ཚུ་གཞི་བཙུགས་འབད་དེ་ འབྲིང་རིམ་གོང་མའི་ཤེས་ཡོན་ཚུ་ ཡར་རྒྱས་འགྱོ་སྟེ་ར་ཡོད། གཞུང་གི་དམིགས་ཡུལ་ངོ་མ་ར་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་ ཕན་ཐབས་ལུ་དམིགས་ཏེ་ འཕྲུལ་རིག་དང་ ལག་རྩལ་རིག་རྩལ་ལུ་གཙོ་བོར་བཏོནམ་ཨིན་པས། འདི་དང་འདྲཝ་སྦེ་ ཨོ་མཱན་རྒྱལ་ཁབ་མཐའ་དབུས་མེད་པར་ དེང་ལུགས་ཀྱི་སྨན་ཁང་དང་ གསོ་བའི་ཞབས་ཏོག་གིས་ཁྱབ་ཚར་ཏེ་ཡོད། གཞུང་དང་སྒེར་གྱི་ འཕྲོད་བསྟེན་ལས་སྡེ་ཚུ་ལས་ སྤུད་ཚད་དང་ལྡན་པའི་ཞབས་ཏོག་ཚུ་ ཐོབ་ཚུགས་ཏེ་ཡོདཔ་ཨིན། འདི་འབདཝ་ལས་ ཨ་ལུ་རྨས་སྐྱེས་ཚུ་ ཤི་ནི་ལས་ ལེ་ཤ་ཅིག་གི་ར་ མར་ཕབ་སོང་སྟེ་ཡོདཔ་དང་ གསོ་བའི་ཞབས་ཏོག་ཡར་དྲགས་ཀྱིས་ མིའི་ཚེ་རིངམོ་སྦེ་ སྡོད་ཚུགསཔ་ཐལ་ཏེ་ཡོད། ཨིན་རུང་ མི་གི་འཚོ་བའི་སྡོད་ཐངས་ནད་གཞི་ཚུ་གིས་ ཚ་གྱང་ཅན་ཅིག་སྦེ་ར་ལུས་ཏེ་ཡོད།

དཀའ་ངལ་དང་གདོང་ལེན།

ཨོ་མཱན་རྒྱལ་ཁབ་ནང་ལུ་ དེང་སང་གི་གདོང་ལེན་ཆེ་ཤོས་ར་ རང་བཞིན་ལས་འཐོན་པའི་མར་ཁུ་ལུ་ བརྟེན་ཏེ་སྡོད་མི་འདི་ཨིན། རྒྱལ་ཁབ་ནང་གི་འོང་འབབ་གཙོ་བོ་ར་ མར་ཁུ་འདི་ར་ཨིན། ལྷག་པར་དུ་ ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་དཀའ་ངལ་ཚུ་ཡང་ ཚ་གྱང་ཆེ་ཤོས་ཅིག་ཨིནམ་དང་ ན་གཞོན་ལོ་ན་ ༢༥ གི་འོག་རྒྱུ་ཚུ་ མང་སུ་ཅིག་ར་ ལཱ་གཡོག་འཚོལ་མི་ཙང་ཙ་ར་ཨིན་པས། རྒྱལ་ཁབ་འདི་ ས་སྐམ་རྡོ་སྐམ་གྱི་རང་བཞིན་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ལུ་ ཆུ་དཀོན་སུ་ཅིག་ཡོད་པའི་ གདོང་ལེན་ཚུ་བྱུང་སྟེ་ར་འདུག། ཨོ་མཱན་རྒྱལ་ཁབ་གཞུང་གིས་ མཐའ་ཟུར་གྱི་གཡུས་སྒོ་ནང་ལས་ཕར་ ཡར་རྒྱས་གཏང་ནི་གི་དམིགས་གཏད་བསྐྱེད་དེ་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ ཡར་རྒྱས་གཏང་བའི་བསྒང་ར་ཨིན་པས། ཨིན་རུང་ འདིའི་ཐོག་ཁར་ ལུང་ཕྱོགས་ས་མཚམས་ཚུ་གི་འབྲེལ་རྫིང་དང་ རྒྱལ་སྤྱིའི་དཔལ་འབྱོར་བརྟན་བརྟན་མེད་མི་དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ སྒྲིང་སྒྲི་སྦེ་གནས་ནི་དང་ དེང་ལུགས་ཡར་རྒྱས་གཏང་དགོཔ་གི་གདོང་ལེན་ཚུ་ ཡར་འཕར་བཅུག་མི་གིས་ ཚ་གྱང་ལང་སྟེ་ར་སྡོད་དགོཔ་འཐོནམ་ཨིན།

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༣/༠༣) ཨོ་མཱན། https://en.wikipedia.org/wiki/Oman.

༢. BBC News. (༢༠༢༤/༠༣/༡༥) Oman Country Profile, https://www.bbc.com/news/world-south-asia-12965779.

༣. པེ་ཀྲར་སཱོན་ ཇེ་ ཨི། ཀྲིས་ཀྲའེལ་ ཇཱིལ་ ཨཱན། “ཨོ་མཱན།” ༩/༠༣/༢༠༢༥ https://www.britannica.com/place/Oman.

༤. Google Earth Pro. (2023) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO.

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source: Department of Culture and Dzongkha Development.

"https://dz.wikipedia.org/w/index.php?title=ཨོ་མཱན།&oldid=38453" ལས་ སླར་འདྲེན་འབད་ཡོདཔ།