Jump to content

ཨོ་ཤ་ཝ། Oshawa

Wikipedia ལས།
ཨོ་ཤ་ཝ་མཚོའི་མཐའ་མ།

༉ ཨོ་ཤ་ཝ་འདི་ ཀེ་ན་ཌ་གི་ཨོན་ཊ་རི་ཡོ་མངའ་སྡེ་ནང་ལུ་ཆགས་ཏེ་ཡོདཔ་དང་ དེ་ཡང་ ཊོ་རོན་ཊོ་ཁྲོམ་གྱི་ཤར་ཕྱོགས་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༦༠ དེ་ཅིག་གི་ས་ཁར་ ཨོན་ཊ་རི་ཡོ་མཚོའི་བྱང་ཕྱོགས་ལུ་ཆགས་ཡོདཔ་ཨིན། རྒྱལ་རབས་ནང་ལུ་ ཀེ་ན་ཌ་གི་རང་འགུལ་ཅན་གྱི་རྒྱལ་ས་ལྟེ་བ་སྦེ་ ཡོངས་གྲགས་ཡོད་མི་ ཨོ་ཤ་ཝ་འདི་ དེང་སང་གི་ཁྲོམ་ཚོགས་ལྟེ་བ་ཅིག་ལུ་གྱུར་ཏེ་ དཔལ་འབྱོར་སྣ་མང་དང་ མི་སྡེ་སྤྲོ་སྣང་ཅན་ དེ་ལས་ ཤེས་ཡོན་གཙུག་སྡེ་ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།

ཨོ་ཤ་ཝ་ཌའུན་ཌའུན་ཁྲོམས་སྡེ།

ངོ་སྤྲོད།

༉ ཀེ་ན་ཌ་གི་རྒྱལ་ཁབ་ ཨཱོན་ཊ་རི་ཨོ་ཟེར་ས་ལུ་ ཆགས་ཡོད་མི་ཨོ་ཤ་ཝ་འདི་ ཨཱོན་ཊ་རི་ཨོ་མཚོ་གི་འགྲམ་ལུ་ཡོདཔ་ད་ ཊོ་རཱོན་ཊོ་ལས་ ཤར་ཕྱོགས་ཁ་ཐུག་ ཀི་ལོ་མི་ཊར་ ༦༠ གི་ ས་ཁར་ཡོདཔ་ཨིན། སྣུམ་འཁོར་དང་འབྲེལ་བའི་ ཁྲོམ་ཅིག་ཨིནམ་དང་ ཨོ་ཤ་ཝ་ལུ་ སྤྱི་བཏང་འཕྲུལ་རིགས་ལུ་མཁོ་བའི་ མོ་ཊར་བཟོ་སྐྲུན་ནང་ལུ་ བྱུང་རབས་ཅན་ཅིག་ཨིན་པས། ཁྲོམ་ཚོགས་ནང་ལུ་ མི་རློབས་ཡང་སྣ་ཚོགས་ཡོདཔ་ད་ དཔལ་འབྱོར་ཚུ་ཡར་རྒྱས་འགྱོ་བའི་བསྒང་ར་ཡོད། འདི་ནང་ ཁྲོམ་གྱི་གནས་སྟངས་དང་ རང་བཞིན་གྱི་མཛེས་ཆ་ སྐྱེད་ཚལ་གླིང་ག་ ཆུའི་འགྲམ་དང་ ལམ་སྲོལ་ཅན་གྱི་གནས་ཚུ་གིས་ ས་གནས་འདི་ཁར་ འོང་སྟེ་སྡོད་དགོ་མནོ་སི་སི་བཟོཝ་ཨིན།

ས་ཆའི་གནས་སྟངས་དང་ སྦོམ་ཚད་ མངའ་སྡེའི་བདག་སྐྱོང་།

ཨོ་ཤ་ཝ་འདི་ ལྷོ་ཕྱོགས་ཨཱོན་ཊ་རི་ཨོ་དང་ ཨཱོན་ཊ་རི་ཨོ་གི་བྱང་ཕྱོགས་ཀྱི་མཚོའི་འགྲམ་ལུ་ཆགས་ཏེ་ཡོད། ས་ཆའི་སྦོམ་ཚད་འདི་ཡང་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ཡུདཔ་ཅིག་ ༡༤༥.༣ དེ་ཅིག་ ཡོདཔ་ཨིན། ཨོ་ཤ་ཝ་ཁྲོམ་འདི་ དུར་ཧམ་ཁྲོམ་སྡེའི་ལུང་ཕྱོགས་ཀྱི་གྲངས་སུ་ཚུད་མི་ནང་ ཁྲོམ་གཞན་ཡང་ལེ་ཤ་ཅིག་ར་ཡོདཔ་ཨིན། ཁྲོམ་ཅིག་ འབདཝ་ལས་ གྲོང་སྡེ་ལས་འཛིན་གྱིས་ བདག་སྐྱོང་འབདཝ་ཨིན་པས། ས་གནས་འདི་ཡང་ ཨཱོན་ཊ་རི་ཨོ་གི་མངའ་ཁོངས་ལུ་ཚུདཔ་ཨིན།

བྱུང་རབས།

བྱུང་རབས་དང་འཁྲིལ་བ་ཅིན་ ཨོ་ཤ་ཝ་འདི་ དུས་རབས་ ༡༩ པ་ནང་ལས་ར་ སྤྱི་ལོ་ ༡༨༠༠ གི་ལོ་ནང་ལུ་ ཡུ་རོ་པིན་ ས་གནས་དབང་འོག་པ་ཚུ་གིས་ གཞི་བཅའ་སྡོད་ནུག། མ་གཞི་གི་ ས་གནས་འདི་ སོ་ནམ་པའི་མི་སྡེ་ཅིག་སྦེ་ འགོ་བཙུགས་ཡོད་རུང་ གོ་ལེ་སྦེ་ དུས་རབས་ ༡༩ པའི་ཕྱི་མཚམས་ལས་ ཨོ་ཤ་ཝའི་ཤིང་རྟ་འཁོར་གྱི་ལས་འབྲེལ་ནང་ལུ་ ཤུགས་ཐལ་ཡོདཔ་ཨིན། དུས་རབས་ ༢༠ ནང་ལུ་ ཨོ་ཤ་ཝའི་ཁྲོམ་འདི་ སྣུམ་འཁོར་དང་འབྲེལ་བའི་ མོ་ཊར་བཟོ་སྐྲུན་ནང་ལུ་ གཙོ་བོ་ཅིག་སྦེ་བྱུང་ཡོདཔ་ཨིན། བཟོ་སྐྲུན་ལས་སྡེ་ དང་པ་ར་ སྤྱི་ལོ་ ༡༩༡༨ ལུ་ གཞི་བཙུགས་མཛད་ནུག། དུས་ཚོད་ རིམ་འགྱུར་སྦེ་འོངམ་ད་ ཨོ་ཤ་ཝའི་ཁྲོམ་ཚོགས་འདི་ བཟོ་སྐྲུན་སྣ་ཚོགས་ཡོད་མི་ཅིག་ལུ་ གྱུར་ཡོདཔ་དང་ ད་རེས་ནངས་པ་ དུས་དང་འཁྲིལ་བའི་ཁྲོམ་ཅིག་ལུ་ གྱུར་ཚུགས་ཏེ་ཡོད། ཨིན་རུང་ སྔོན་རབས་ཚུ་ བདག་སྲུང་འབད་དེ་ཡོདཔ་ཨིན།

མི་རློབས་དང་མི་རིགས།

སྤྱི་ལོ་ ༢༠༢༡་གི་ མི་རྩིས་དང་འཁྲིལ་བ་ཅིན་ ཨོ་ཤ་ཝ་དང་ ཨཱོན་ཏྲ་རི་ཨོ་ལུ་ མི་རློབས་ ༡༧༥,༣༨༣ འདུག།

ཁྲོམ་འདི་ནང་ ཧེ་མ་ལས་ར་ མང་སུ་ཅིག་ཡོད་མི་ ཡུ་རོ་པིན་གྱི་རིགས་རྒྱུད་ཚུ་ཡང་།

  • ཨིང་ལིཤ། བརྒྱ་ཆ་ ༢༢.༩།
  • ཨའི་རིཤ། བརྒྱ་ཆ་ ༡༨.༣།
  • ཨིས་ཀོ་ཊིཤ། བརྒྱ་ཆ་ ༡༨.༢།
  • ཀེ་ན་ཊི་ཡཱན། བརྒྱ་ཆ་ ༡༦.༤།
  • ཇར་མཱན། བརྒྱ་ཆ་ ༦.༨།
  • ཕྲནཆ། བརྒྱ་ཆ་ ༦.༣།
  • ཨི་ཊ་ལི་ཡཱན། བརྒྱ་ཆ་ ༥.༥།

མི་རློབས་ཉུང་སུ་སྦེ་ཡོད་མི།

  • གནགཔོ། ༡༠,༠༨༥།
  • ལྷོ་ཨེ་ཤི་ཡ། ༦,༨༥༥།
  • རྒྱ་གནགཔ། ༡,༣༤༠།
  • ཕི་ལི་པི་ནོ། ༣,༡༠༠།
  • ཨ་རབ། ༨༤༠།
  • ལ་ཊིན་ཨ་མེ་རི་ཀ། ༡,༦༥༤།

འ་ནི་གནད་བསྡུ་གིས་ ཨོ་ཤ་ཝ་གི་ སྣ་ཚོགས་ཅན་གྱི་མི་རློབས་ཞིབ་རྩིས་ཚུ་སྟོནམ་ཨིནམ་དང་ ལམ་སྲོལ་མཉམ་སྡེབ་འབད་དེ་ ཁྲོམ་ཚོགས་ཀྱི་ གཞན་དང་མ་འདྲ་བའི་ གཤིས་རྒྱུད་ཅིག་སྟོན་ཚུགསཔ་ཨིན་པས།

གཞུང་དང་སྲིད་ཚོགས་ལམ་ལུགས།

ཨོ་ཤ་ཝ་གི་ཁྲོམ་ཚོགས་འདི་ གྲོང་སྡེ་ལས་འཛིན་གྱིས་སྦེ་ བདག་སྐྱོང་ལམ་ལུགས་འཛིན་སྐྱོང་འབད་དོ་ཡོདཔ་དང་ འདི་ཡང་ ལོ་བཞི་གི་རྒྱབ་ལས་ བཙག་འཐུ་ལས་གྲུབ་མི་ ཁྲོམ་དཔོན་དང་འཐུས་མི་ཚུ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ དུར་ཧམ་གྲོང་སྡེ་ལས་འཛིན་གྱི་ཆ་ཤས་ཅིག་ཨིནམ་ལས་ སྐྱེལ་འདྲེན་དང་ ཁྲོམ་གྱི་སྲིད་བྱུས་ནང་ལུ་ གྲོགས་རམ་འབདཝ་ཨིན་པས། ཨོ་ཤ་ཝའི་ས་གནས་གཞུང་འདི་ ཁྲོམ་དང་འབྲེལ་བའི་གནད་དོན་ དཔེར་ན་ ཁྲོམ་སྡེའི་འཆར་གཞི་ ཕྱགས་རྙིགས་འཛིན་སྐྱོང་དང་ མི་སྡེའི་ ཞབས་ཏོག་ཚུ་བྱིནམ་ཨིན། ཨཱོན་ཊ་རི་ཨོ་གི་ མངའ་སྡེ་གཞུང་འདི་ ཀེ་ན་ཌའི་སྤྱི་གཞུང་ལུ་ཡང་ དབང་ཚད་ཡོདཔ་ཨིན་པས།

ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་བ་ ཆོས་དང་ ཨོ་ཤ་ཝ་གི་ ཐུན་མིན་ཁྱད་ཆོས།

ཨོ་ཤ་ཝ་གི་ཁྲོམ་ནང་ལུ་ ཨིང་སྐད་སླབ་མི་ཁྱབ་ཆེ་སུ་ཅིག་སྦེ་ཡོདཔ་དང་ གཞན་ཡང་ ཕྱི་མི་ནང་སྐྱོད་ཀྱིས་སྦེ་ ཁ་སྐད་སྣ་ཚོགས་སླབ་མི་ཚུ་ཡང་ ཡར་སེང་སོང་སྟེ་ར་ ཡོདཔ་ཨིན། ཁྲོམ་ཚོགས་ནང་གི་ ལམ་སྲོལ་ཡང་ སྣུམ་འཁོར་དང་འབྲེལ་བའི་མཛད་ཤུལ་ཚུ་ཡོདཔ་མ་ཚད་ སྒྱུ་རྩལ་དང་སྙན་ཆའི་མཐོང་སྣང་ཚུ་ཡང་ སྤྲོ་བ་ཆེ་ཏོག་ཏོ་ལེ་ཤ་ཅིག་ར་ཡོདཔ་ཨིན། ཨོ་ཤ་ཝ་གི་མི་ཚེ་འདི་ ཕྱི་ཁའི་རྩེད་རིགས་དང་ མི་སྡེའི་དུས་སྟོན་ཚུ་ མང་ཆེ་བ་ཅིག་ དམིགས་ཡུལ་གཙོ་བོ་ར་ བཟའ་ཚང་མཐུན་ལམ་བཟོ་ནི་ཚུ་གི་ ཐབས་ལམ་ཚུ་ སྒྲིག་སྟེ་ཡོདཔ་ཨིན། ཁྲོམ་འདི་ཁར་ ཡེ་ཤུ་པའི་ཆོས་ལུགས་འདི་ ཁྱབ་ཆེཝ་སྦེ་ཡོདཔ་ད་ ཡིད་ཆེས་གཞན་ཡང་ཡོདཔ་ཨིན། ཁྱད་ཆོས་མ་འདྲཝ་ཅིགཔ་འདི་ཡང་ གཞི་གཙོ་བོ་ བཟོ་སྐྲུན་དང་ ལམ་སྲོལ་སྣ་ཚོགས་གཉིས་འདྲེས་མ་སྦེ་ཡོད་མི་གིས་ སྤྲོ་བ་ཆེ་བའི་སྔོན་དང་ དེང་སང་གི་མཐུན་རྐྱེན་ཚུ་ཡང་ ག་ར་ཚངམ་སྦེ་ཡོདཔ་མས།

གནམ་གཤིས་དང་མཐའ་འཁོར།

ཨོ་ཤ་ཝའི་ཁྲོམ་ཚོགས་ནང་ལུ་ གླིང་ཆེན་གྱི་རློན་གཤེར་ཅན་ཅིག་དང་ གནམ་དགུན་ ལ་ཁར་ ཁཝ་ཆགས་ཏེ་ བསིལ་དྲགས་སྦེ་གནས་ཏེ་སྡོད་ནི་དང་ གནམ་བྱཱར་འབད་བ་ཅིན་ ཚ་དྲོད་རན་ཏོག་ཏོ་དང་ རློན་གཤེར་ཅན་སྦེ་གནསཔ་ཨིན། གནམ་དགུན་གྱི་ དྲོད་ཚད་འདི་ ཌིག་རི་སེལ་ཤི་ཡཱསི་ -༥ དང་ གནམ་བྱཱར་ཨིན་པ་ཅིན་ ཡུདཔ་ཅིག་ ཌིག་རི་ སེལ་ཤི་ཡཱསི་ ༢༣ ལུ་ལྷོད་དོ་ཡོདཔ་ཨིན། ཁྲོམ་འདི་ནང་ ཆར་ཆུ་ཡང་རན་ཏོག་ཏོ་དང་ མང་སུ་ཅིག་ར་ སྤྱི་ཟླ་ ༥ པ་ལས་ ༨ པ་ཚུན་རྐྱབ་དོ་ཡོདཔ་ཨིན། མཐའ་འཁོར་ལས་ ཕར་འབད་བ་ཅིན་ སྐྱེད་ཚལ་མཛེས་པའི་ལྡུམ་ར་དང་ ནགས་ཚལ་ དེ་ལས་ ཆུའི་འགྲམ་གྱིས་ ཁྲོམ་ཚོགས་དང་ རང་བཞིན་གནས་སྟངས་གཉིས་ སླ་བསྲེ་སྦེ་གནས་ཏེ་ཡོད།

དཔལ་འབྱོར་དང་ ཚོང་འབྲེལ།

ཨོ་ཤ་ཝ་གི་དཔལ་འབྱོར་འདི་ ངོ་མ་ར་ བྱུང་རབས་ཅན་ཅིག་སྦེ་གནས་མི་ སྣུམ་འཁོར་དང་འབྲེལ་བའི་བཟོ་སྐྲུན་ཨིནམ་དང་ འདི་ནང་ལས་ཡང་ གཙོ་བོ་ར་ སྤྱིར་བཏང་མོ་ཊར་ བཟོ་ནི་འདི་གིས་ ཡར་རྒྱས་འགྱོ་ནི་ལུ་ ཕན་ཐབས་བྱུང་བཞིན་དུ་ཡོད། བཟོ་སྐྲུན་འདི་ གཙོ་བོ་ཅིག་ཨིནམ་དང་ ད་རུང་ དཔལ་འབྱོར་སྣ་ཚོགས་ དཔེར་ན་ གསོ་བའི་འཕྲོད་བསྟེན་དང་ ཤེས་རིག་ འཕྲུལ་རིག་ཚུ་གིས་ཡང་ ཁྲོམ་ཁའི་དཔལ་འབྱོར་ལུ་ ལྷན་ཐབས་འབདཝ་ཨིན། ཨོ་ཤ་ཝའི་ཁྲོམ་འདི་ ཊོ་རོན་ཊོ་གི་ཉེ་འདབས་འཚམས་སུ་ཅིག་ནང་ཡོདཔ་ ལས་ ཚོང་འབྲེལ་འཐབ་ནིའི་ནང་ལུ་ ཁེ་ཕན་སྦོམ་སྦེ་ར་བྱུང་བཞིན་དུ་ཡོད། ཨོ་ཤ་ཝའི་མཚོའི་འགྲམ་ གྲུ་ཆགས་ས་གིས་ཡང་ ལུང་ཕྱོགས་ཀྱི་དཔལ་འབྱོར་ལུ་ རྒྱབ་སྐྱོར་སྦོམ་ སྦེ་ར་འབདཝ་ཨིན། ལྷག་པར་དུ་ ཁྲོམ་ཚོགས་འདི་ནང་གི་ ཞབས་ཏོག་དང་ འཕྲུལ་རིག་འགོ་བཙུགས་ལས་རིམ་ཚུ་གིས་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་ར་ འགྱོཝ་ཨིན་པས།

ཤེས་རིག་དང་གསོ་བ།

ཁྲོམ་ཚོགས་འདི་ནང་ གསོ་བའི་འཕྲོད་བསྟན་དང་ ཤེས་རིག་ཞབས་ཏོག་ཚུ་ཡང་ ག་ནི་སྤུས་ཚད་དང་ལྡནམ་སྦེ་ ཐོབ་ཚུགསཔ་ཨིན།

གསོ་བའི་འཕྲོད་བསྟེན: ལེཀ་རིཇ་གསོ་བའི་ཞབས་ཏོག་ནང་ལུ་ ཨོ་ཤ་ཝའི་སྨན་ཁང་གིས་ གསོ་བའི་ཞབས་ཏོག་དང་ འཚབ་ཆེན་བདག་འཛིན་ གཤག་གཅོས་འབད་ནི་དང་ དམིགས་བསལ་སྨན་བཅོས་ཚུ་ཡང་ཡོདཔ་ཨིན། ཨོ་ཤ་ཝའི་ཁྲོམ་ནང་ལུ་ཡོད་མི་ ལེཀ་རིཇ་གསོ་བའི་ཤེས་ཡོན་དང་ཞིབ་འཚོལ་ལྟེ་བ་གིས་ གསོ་བའི་ཁྱད་རིག་པ་ཚུ་ལུ་ ཡར་འཐོན་གྱི་སྨན་བཅོས་སྦྱོང་བརྡར་དང་ ཞིབ་འཚོལ་གྱི་གོ་སྐབས་ཚུ་ འཇོན་སྟབས་ཅན་སྦེ་ར་འཐོབ་ཚུགསཔ་ཨིན།

ཤེས་ཡོན: ཨོ་ཤ་ཝའི་ནང་ལུ་ མཐོ་རིམ་དང་གཙུག་ལག་སློབ་སྡེ་ལེ་ཤ་ཅིག་ར་ཡོད།

དུར་ཧམ་མཐོར་སློབ: ཆོས་ཆན་སྣ་ཚོགས་ནང་ལུ་ འབྲིང་རིམ་གོང་མའི་ཤེས་ཚད་དང་ ལག་ཁྱེར་གྱི་གོ་སྐབས་ཚུ་ ཐོབ་ཚུགསཔ་ཨིན།

ཨཱོན་ཊ་རི་ཨོ་འཕྲུལ་རིག་གཙུག་ལག་སློབ་སྡེ: འདི་ནང་ལུ་ མཐོ་རིམ་འོག་མ་དང་གོང་མ་གཉིས་ གཙོ་བོ་ར་ འཕྲུལ་རིག་དང་ ལག་ལེན་དངོས་ལྟར་གྱི་ཚན་རིག་གི་ གོ་ སྐབས་ཚུ་ཡོདཔ་ཨིན།

དུར་ཧམ་ཊེརནཊི་གཙུག་ལག་སློབ་སྡེ: འདི་ནང་ལུ་ མཐོ་སློབ་འོག་མའི་ཤེས་ཡོན་སྣ་ཚོགས་ཀྱི་ གོ་སྐབས་ཚུ་ཡོདཔ་ཨིན།

གཙུག་སྡེ་འདི་ཚུ་གིས་ ཨོ་ཤ་ཝ་གི་ གསོ་བའི་འཕྲོད་བསྟེན་དང་ ཤེས་རིག་སྤུད་ཚད་མཆོག་འགྱུར་གྱི་ནང་ལུ་ གཏམ་སྙན་གྲགས་སྦོམ་སྦེ་ར་འཐོབ་ཨིན།

དཀའ་ངལ་དང་གདོང་ལེན།

ཁྲོམ་ཚོགས་འདི་ནང་ གདོང་ལེན་ཆེ་ཤོས་ར་ འོང་འབབ་ཆུང་བའི་མི་ཚུ་ལུ་ སྡོད་ཁྱིམ་གྱི་གོང་གནས་ཡར་སེང་འགྱོ་ནི་དང་ འདི་ནང་ལས་ ཁང་གླ་སྤྲོད་ཚུགས་པའི་ཁྱིམ་འཐོབ་ནི་ལུ་ དཀའ་ངལ་ཅན་ཅིག་སྦེ་ཡོདཔ་ཨིན། སྣུམ་འཁོར་མང་སུ་ཅིག་ཡོད་རུང་ མི་དམངས་སྐྱེལ་འདྲེན་ཉུང་སུ་ཅིག་ལས་བརྒལ་མེད་མི་གིས་ དུས་རྒྱུན་མི་ཚེ་ནང་ལུ་ ཐོ་ཕོག་སྟེ་ཡོད། བཟོ་སྐྲུན་ལས་སྡེ་ཚུ་ འགྱུར་བཅོས་འགྱོ་བའི་བསྒང་ལས་ ལཱ་གཡོག་གི་དཀའ་ངལ་དང་ མི་རློབས་ཡར་སེང་དང་འཁྲིལ་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ ཡར་རྒྱས་གཏང་དགོཔ་ སྦོམ་ཡོདཔ་ཨིན།

རྒྱབ་རྟེན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་དེབ།

"https://dz.wikipedia.org/w/index.php?title=ཨོ་ཤ་ཝ།_Oshawa&oldid=39627" ལས་ སླར་འདྲེན་འབད་ཡོདཔ།