གྷེམ་བི་ཡ
སའི་རྒྱ་ཚད་དང་ཆགས་རབས།
| གྷེམ་བི་ཡ། The Gambia | ||
|
| ||
ནུབ་ཨཕ་རི་ཀ་ལུ་ཆགས་ཏེ་ཡོད་པའི་ གྷེམ་བི་ཡ་གི་རྒྱལ་ཁབ་འདི་ ཨཕ་རི་ཀའི་རྒྱལ་ཁབ་ཚུ་ལས་ཆུང་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ གྷེམ་བི་ཡ་གཙང་ཆུ་བདའ་སྟེ་ཆགས་ཏེ་ཡོདཔ་དང་ ཤར་དང་ལྷོ་ དེ་ལས་ བྱང་ཁ་ཐུག་ལུ་ ཁྱིམ་ཚང་རྒྱལ་ཁབ་སེ་ནི་གྷལ་དང་ ནུབ་ཁ་ཐུག་ལུ་ ཨེཊ་ལཱན་ཊིག་རྒྱ་མཚོ་གིས་མཐའ་སྐོར་ཏེ་ཡོདཔ་ཨིན། གྷེམ་བི་ཡའི་གཙང་ཆུ་འདི་གིས་ རྒྱལ་ཐབ་ཀྱི་སོ་ནམ་གྱི་ལཱ་དང་ སྐྱེལ་འདྲེན་ལུ་ཕན་སྦོམ་སྦེ་རང་ཐོགས་དོ་ཡོདཔ་ཨིན། གྷེམ་བི་ཡ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡༡,༢༩༥ དེ་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་ བདག་སྐྱོང་གི་ས་ཁོངས་ལྔ་དང་ དེ་གུ་ རྒྱལ་ས་ལྟེ་བ་བྷཱན་ཇུལ་གྱི་ཁྲོམ་སྡེ་བརྩིས་ཏེ་ བདག་སྐྱོང་ས་ཁོངས་ ༦ ལུ་ཁག་དབྱེ་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་ མང་ཤོས་རང་ གཙང་ཆུ་དང་ ས་བྷ་ནའི་རྩ་ཐང་ཚུ་གིས་ཁྱབ་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདིའི་གནམ་གཤིས་གནས་སྟངས་ཡང་ མང་ཤོས་རང་ཚ་དྲོད་རན་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་ཨིན། དེ་ཡང་ དབྱིན་ཟླ་༡༡ པ་ལས་དབྱིན་ཟླ་༥ པ་ཚུན་ ཚ་ཏོག་ཏོ་དང་སྐམ་ཀྲོག་ཀྲོ་སྦེ་སྡོད་དོ་ཡོདཔ་དང་ དབྱིན་ཟླ་༦ པ་དང་༡༠ པའི་བར་ན་ ཆརཔ་རྐྱབ་དོ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
སྤྱི་ལོ་༢༠༢༥ ལུ་ རྩོམ་བྲིས་འདི་འབྲི་བའི་གནས་སྐབས་ནང་ གྷེམ་བི་ཡ་ལུ་ མི་རློབས་ས་ཡ་ ༢.༨ དེ་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་མི་རིགས་ཡང་ འདྲ་མི་འདྲ་ཡོདཔ་དང་ མང་ཤོས་རང་ མཱན་དིན་ཀ་ཟེར་མི་འདི་ཨིནམ་དང་ མི་རིགས་གཞན་ འུ་ལུཕ་ ཕུ་ལ་དང་ ཇོ་ལ་ ལ་སོགས་པ་ཚུ་ཡང་ཡོདཔ་ཨིན། མི་རིགས་སྣ་ཚོགས་སྦེ་ཡོདཔ་ལས་ རྒྱལ་ཁབ་འདིའི་ལམ་སྲོལ་ཡང་འདྲ་མིན་སྣ་ཚོགས་སྦེ་ཡོདཔ་ཨིན། མི་རློབས་མང་ཤོས་ཀྱིས་རང་ དབྱིན་སྐད་སླབ་དོ་ཡོདཔ་ཨིན། དེ་ཡང་ གྷེམ་བི་ཡ་གི་རྒྱལ་ཁབ་འདི་ ཧེ་མ་ བིརི་ཊིཤ་གིས་དབང་བའི་རྒྱལ་ཁབ་སྦེ་སྡོད་ནི་འདི་གིས་ཨིན་པས། དེ་འབདཝ་ལས་ གཞུང་འབྲེལ་དང་ ཤེས་རིག་གི་ལས་དོན་ག་རའི་ནང་ལུ་ ཨིན་སྐད་འདི་ལག་ལེན་འཐབ་ཨིན་པས། དེ་ལས་ ཁ་སྐད་གཞན་ མཱན་དིན་ཀ་ འུ་ལུཕ་དང་ ཕཱུ་ལ་ཚུ་ཡང་རྒྱ་ཆེ་དྲགས་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
གྷེམ་བི་ཡ་འདི་ བཙག་འཐུ་གྲུབ་པའི་སྲིད་འཛིན་གྱིས་དབང་བའི་ དམངས་གཙོའི་མི་སེར་གྱི་རྒྱལ་ཁབ་ཨིན། རྒྱལ་ཁམས་དང་གཞུང་གཉིས་ཆ་རའི་དབུ་ཁྲིད་ཨིན་མི་ སྲིད་འཛིན་འདི་ མི་སེར་ཚུ་གིས་ལོ་ལྔའི་གནས་ཡུན་གྱི་དོན་ལུ་བཙག་འཐུ་འབདཝ་ཨིན། སྤྱི་ལོ་ ༡༩༦༥ ལུ་ ཡུ་ནཱའི་ཊེཌ་ཀིང་ཌམ་(ཡུ་ཀེ) ལས་རང་དབང་རང་བཙན་ཐོབ་པའི་ཤུལ་ རྒྱལ་ཁབ་འདིའི་གཞུང་སྐྱོང་ལམ་ལུགས་འདི་ གནམ་མེད་ས་མེད་ འགྱུར་བཅོས་འགྱོ་སྟེ་ཡོདཔ་ཨིན། དེ་ཡང་ ལོ་ངོ་མང་རབས་ཅིག་ དབང་བཙན་གཞུང་ལུགས་ཐོག་ལུ་སྡོད་པའི་ཤུལ་ སྤྱི་ལོ་༢༠༡༦ ལུ་ དེ་བསྒང་གི་སྲིད་འཛིན་ ཡཱ་ཡཱ་ཇ་མཱེ་འདི་ཕྱིར་བཏོན་བཏང་པའི་ཤུལ་ དམངས་གཙོའི་རིང་ལུགས་ལུ་ ལེགས་སྒྱུར་འབད་ནིའི་འགོ་བཙུགས་ཡོདཔ་ཨིན། བཙག་འཐུ་ལས་གྲུབ་པའི་འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་འདུ་ནང་ ཕྱག་ལཱ་གནང་དོ་ཡོདཔ་དང་ ཚོགས་འདུ་འདི་རྒྱལ་ཁབ་འདིའི་ཁྲིམས་བཟོའི་ལྷན་སྡེ་ཨིན། དེ་ལས་ ཁོང་གི་གཞུང་ལུགས་ནང་ དྲང་ཁྲིམས་ལྷན་སྡེ་ འཛིན་སྐྱོང་ལྷན་སྡེ་དང་ ཁྲིམས་བཟོ་ལྷན་སྡེ་གསུམ་གྱི་བར་ན་ རང་དབང་ཐ་དད་ཨིནམ་དང་ འདི་གི་སྐོར་ལས་ ཁོང་གི་རྩ་ཁྲིམས་ཆེན་མོའི་ནང་ཡང་ཚུད་དེ་ཡོདཔ་ཨིན། དེ་འབདཝ་ལས་ གྷེམ་བི་ཡ་འདི་ ཧེ་མ་ དམག་སྡེ་གིས་བཙན་དབང་གཞུང་བཟུང་འབད་ཡོདཔ་ཨིན་རུང་ ད་རེས་ དམངས་གཙོའི་རིང་ལུགས་ཀྱི་ལྟ་བ་ལུ་ བརྩོན་མིའི་རྒྱལ་ཁབ་ཅིག་ཨིན།
ལམ་སྲོལ་དང་ཆོས་ལུགས།
གྷེམ་བི་ཡའི་རྒྱལ་ཁབ་འདི་ ཨཕ་རི་ཀའི་སྔར་སྲོལ་དང་ ཁ་ཆེའི་ཆོས་ལུགས་སླ་བསྲེ་པའི་ ལམ་སྲོལ་གྱིས་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིན། མི་སེར་བརྒྱ་ཆ་ ༩༥ དེ་ཅིག་ཁ་ཆེའི་ཆོས་ལུགས་འབད་མི་ཨིན་རུང་ ཆ་ཤས་ཅིག་ཡེ་ཤུ་པའི་ཆོས་ལུགས་འཛིན་མི་དང་ ལ་ལུ་ཡུལ་བྱུང་གི་ཆོས་ལུགས་༼Indigenous belief༽ འབད་མི་ཡང་ཡོདཔ་ཨིན། མི་རིགས་འདྲ་མིན་སྣ་ཚོགས་ཀྱི་ཤན་ཞུགས་ལས་བརྟེན་ གླུ་གར་དང་ ཟློས་གར་ལ་སོགས་པའི་ལམ་སྲོལ་ཚུ་ཡང་ འདྲ་མི་འདྲ་སྦེ་ཡོདཔ་ཨིན། བང་རྔ་དང་གར་འཆམ་ཚུ་ མཛད་སྒོ་དང་དགའ་སྟོན་ཚུའི་སྐབས་ མེད་དུ་མི་རུང་བ་ཅིག་ཨིན། དོ་རུང་ གྷེམ་བི་ཡ་གིས་མི་སེར་ཚུ་གིས་ རུཊས་ཕེས་ཊི་བཱལ་ སེ་རི་ཀུན་ཌ་ ཏོ་བཱསི་ཀི་ ལ་སོགས་པའི་ སྔར་སྲོལ་དུས་སྟོན་ལེ་ཤ་རང་བརྩི་སྲུང་འབད་དོ་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
གྷེམ་བི་ཡ་གི་དཔལ་འབྱོར་འདི་ གཙོ་བོ་རང་ སོ་ནམ་ལུ་བརྟེན་དོ་ཡོདཔ་དང་ རྒྱལ་ཁབ་འདིའི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་བརྒྱ་ཆ་ མང་ཤོས་ཅིག་སོ་ནམ་གྱི་ལཱ་ལས་ཐོན་དོ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༣ ལུ་ ཁོང་གི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་ཌོ་ལར་ ཐེར་འབུམ་ ༢.༤༠ ཨིན་པའི་ཚོད་རྩིས་བཏོན་ཏེ་འདུག། གྷེམ་བི་ཡ་གི་ཕྱིར་ཚོང་མང་ཤོས་ཅིག་རང་ བ་དམ་དང་ ཀ་བལ་ ཏ་ལའི་ཤིང་གི་མར་ཁུ་ཚུ་ཨིན། དེ་མ་ཚད་ ལྟ་བཤལ་ལས་སྡེ་དང་ ཉ་གཟུང་ནིའི་ཚོང་འབྲེལ་འདི་གིས་ཡང་ རྒྱལ་ཁབ་འདིའི་དཔལ་འབྱོར་ལུ་ཕན་སྦོམ་སྦེ་རང་ཐོགས་དོ་ཡོདཔ་ཨིན། འདས་པའི་ལོ་ཚུ་ནང་ སྐྱེ་ལྡན་གནས་སྟངས་ཀྱི་ལྟ་བཤལ་དང་ ཕྱིའི་མ་རྩ་གཞི་བཙུགས་ཚུ་ལས་བརྟེན་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ གྷེམ་བི་ཡ་འདི་ འཛམ་གླིང་ནང་གི་རྒྱལ་ཁབ་སྤྱང་ཀ་ཅིག་སྦེ་ལུས་ཡོདཔ་དང་ མི་སེར་མང་ཤོས་ཅིག་ རང་འཚོ་ཙམ་གྱི་ཞིང་ལཱ་ལུ་བརྟེན་ཏེ་སྡོད་མི་ཙང་ཙ་ཨིན། དེ་གུ་ ལཱ་གཡོག་ལངམ་སྦེ་མེད་པའི་དཀའ་ངལ་དང་ འབབ་ཁུངས་བཟོ་སའི་གོ་སྐབས་ ཚད་ཅིག་ལས་བརྒལ་མེད་མི་ཚུ་ལས་བརྟེན་ རྒྱལ་ཁབ་འདིའི་དཔལ་འབྱོར་གོང་འཕེལ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན། གྷེམ་བི་ཡ་འདི་ལུང་ཕྱོགས་འདི་ནང་གི་ ཅ་དངོས་ཚོང་འབྲེལ་འཐབ་སའི་ བརྒྱུད་འགྲུལ་གྱི་ས་གོ་ཅིག་ཨིནམ་དང་ བྷཱན་ཇུལ་ལུ་ཡོད་པའི་གྲུ་ཆགས་ས་འདི་ ཕྱིར་ཚོང་དང་ནང་འདྲེན་འབད་སའི་ས་གོ་གཙོ་བོ་ཅིག་ཨིན།
རྒྱལ་ས་ལྟེ་བ་ བྷཱན་ཇུལ།
བྷཱན་ཇུལ་འདི་ གྷེམ་བི་ཡ་གི་ རྒྱལ་ས་ཨིན། ཁྲོམ་འདི་ སེནཊ་མཱེ་རི་ཟེར་མི་ མཚོ་གླིང་ལུ་ ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་ འགོ་ཐོག་ར་ སྤྱི་ལོ་ ༡༨༡༦ ལུ་ བིརི་ཊིཤ་གིས་ ཁོང་གི་དམག་སྡེའི་ས་གོ་དང་ཚོང་འབྲེལ་ལྟེ་བ་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན། འདི་བསྒང་ གཞི་བཙུགས་འབད་བའི་སྐབས་ ཁྲོམ་འདི་གི་མིང་ བེཊ་ཧརསཊ་ཟེར་ བཏགས་ཡོདཔ་ཨིན་རུང་ ཤུལ་ལས་ སྤྱི་ལོ་ ༡༩༧༣ ལུ་ བྷཱན་ཇུལ་ ཟེར་བསྒྱུར་བཅོས་འབད་ཡོདཔ་ཨིན། བྷཱན་ཇུལ་འདི་ གྷེམ་བི་ཡ་གི་ སྲིད་དོན་དང་བདག་སྐྱོང་གི་ལྟེ་བ་ཨིནམ་ལས་ འདི་ཁར་ གྷེམ་བི་ཡ་གཞུང་གི་གདན་ས་ཆགས་ཏེ་ཡོདཔ་དང་ གཞུང་ཚབ་ཡིག་ཚང་ཡང་ལེ་ཤ་ཡོདཔ་ཨིན།
ཁྲོམ་འདི་ནང་ མི་རློབས་སྟོང་ཕྲག་ ༣༠ དེ་ཅིག་ཡོདཔ་དང་ ཁྲོམ་འདི་གི་ཉེ་འདབས་ལུ་ཡོད་པའི ཟུར་ཁྲོམ་གྱི་མི་རློབས་ག་ར་བརྩི་བ་ཅིན་ མི་རློབས་ འབུམ་ལྔ་མ་ལངམ་ཅིག་ཡོདཔ་ཨིན། ཁྲོམ་འདི་ བྷཱན་ཇུལ་ཁྲོམ་སྡེ་ཚོགས་སྡེ་གིས་ བདག་སྐྱོང་འབད་དོ་ཡོདཔ་དང་ ཁྲོམ་སྡེ་འདི་ནང་སྡོད་མི་ཚུ་ལུ་ མི་མང་ཞབས་ཏོག་བྱིན་ནི་གི་འགན་ཁུར་འདི་ ཚོགས་སྡེ་འདི་གིས་འབག་དོ་ཡོདཔ་ཨིན། ཁྲོམ་འདི་ནང་གི་མི་སེར་ཚུ་གིས་བཙག་འཐུ་འབད་ཡོད་པའི་ ཁྲོམ་དཔོན་འདི་ ཁྲོམ་སྡེ་ཚོགས་སྡེ་གི་དབུ་ཁྲིདཔ་ཨིན། དེ་ལས་ ཁྲོམ་འདི་ རྒྱ་མཚོའི་འགྲམ་ལུ་ཆགས་ཏེ་ཡོདཔ་ལས་ བྷཱན་ཇུལ་གྱི་གྲུ་ཆགས་ས་ལས་ རྒྱལ་ཁབ་ཀྱི་ཕྱིར་ཚོང་ཚུ་སྟབས་བདེ་ཏོག་ཏོ་སྦེ་འབད་ཚུགས་དོ་ཡོདཔ་ཨིན། དེ་འབདཝ་ལས་ ཁྲོམ་འདི་ གྷེམ་བི་ཡ་གི་དཔལ་འབྱོར་གྱི་ལྟེ་བ་ཅིག་སྦེ་ཡང་བརྩི་དོ་ཡོདཔ་ཨིན།
ཁྲོམ་འདི་གི་གཞི་རྟེན་མཁོ་ཆས་ཀྱི་ཐད་ཁར་ བྷཱན་ཇུལ་དང་རྒྱལ་ཁབ་ཀྱི་ས་གནས་གཞན་ཚུ་མཐུད་སྦྲེལ་འབད་ནི་གི་དོན་ལུ་ ཟམ་པ་དང་གྲུ་ཚུ་གཞི་བཙུགས་འབད་དེ་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་ཡོདཔ་ཨིན། དེ་བཟུམ་སྦེ་ བྷཱན་ཇུལ་ལུ་ གྷེམ་བི་ཡ་གི་རྒྱལ་ཡོངས་འགྲེམས་སྟོན་ཁང་དང་ ཨཱལ་བཱརཊ་མཱར་ཀེཊ་ལ་སོགས་པའི་ སྔར་སྲོལ་དང་རྒྱལ་རབས་ཅན་གྱི་ས་གནས་ཡང་ ལེ་ཤ་ཡོདཔ་ཨིན། དེ་ལས་ སྤྱི་ལོ་༡༩༩༩ ལུ་གཞི་བཙུགས་འབད་ཡོད་པའི་ གྷེམ་བི་ཡ་གཙུག་ལག་སློབ་སྡེ་ཡང་ ཁྲོམ་ཚོགས་འདི་ནང་ཆགས་ཏེ་ཡོདཔ་ལས་ ཁྲོམ་འདི་ རྒྱལ་ཁབ་འདི་གི་མཐོ་རིམ་ཤེས་ཡོན་གྱི་ལྟེ་བ་ཅིག་སྦེ་ཡང་ བརྩི་དོ་ཡོདཔ་ཨིན།
དེ་འབདཝ་ལས་ བཅུད་བསྡུ་བ་ཅིན་ གྷེམ་བི་ཡ་གི་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ཨིན་ཏེ་ར་འབད་རུང་ ཆོས་དང་ལམ་སྲོལ་གྱིས་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིན་པའི་ཁར་ དམངས་གཙོའི་རིང་ལུགས་ཀྱི་ལྟ་བ་ལུ་ གཙོ་བོར་བཏོན་པའི་རྒྱལ་ཁབ་ཅིག་ཨིན། དེ་གུ་ ཁོང་གི་དཔལ་འབྱོར་གྱི་གནས་སྟངས་ལུ་ དཀའ་ངལ་དུམ་གྲ་རེ་བྱུང་དོ་ཡོད་རུང་ འདི་ཚུ་ལེགས་བཅོས་འབད་དེ་ རྒྱལ་ཁབ་འདི་ རྩ་བརྟན་བཟོ་ནི་གི་དོན་ལུ་བརྩོན་པའི་རྒྱལ་ཁབ་ཅིག་ཨིན།
རྒྱབ་རྟེན་དཔེ་ཐོ།
- "Banjul." Wikipedia. https://en.wikipedia.org/wiki/Banjul
- "The Gambia." World Atlas. https://www.worldatlas.com/the-gambia
- "Banjul, The Gambia." Britannica.https://www.britannica.com/place/Banjul
- https://tradingeconomics.com/gambia/gdp
- https://visitgambiatosupportgambia.com/festivals/
- https://www.iexplore.com/articles/travel-guides%2Fafrica%2Fgambia%2Ffestivals-and-events
- https://thepoint.gm/africa/gambia/article/separation-of-powers-under-the-1997-constitution-the-role-and-functions-of-the-judiciary
- https://standard.gm/separation-of-powers/
- BBC. (2020). Gambia Country Profile. Retrieved from https://www.bbc.com/news/world-africa-13436843
- CIA World Factbook. (2021). The Gambia. Retrieved from https://www.cia.gov/the-world-factbook/countries/gambia/
- Pew Research Center. (2010). The Future of the Global Muslim Population. Retrieved from https://www.pewresearch.org/
- UNESCO. (2018). Cultural Diversity and Heritage of the Gambia. Retrieved from https://whc.unesco.org/
- UNDP. (2021). The Gambia - Governance and Politics. Retrieved from https://www.undp.org/
- World Bank. (2021). The Gambia Overview. Retrieved from https://www.worldbank.org/en/country/gambia
- African Development Bank. (2020). The Gambia Economic Outlook. Retrieved from https://www.afdb.org/en/countries/west-africa/gambia
རྒྱལ་ས བྷཱན་ཇུལ (Banjul)།