མ་ལེ་ཤི་ཡ་
ངོ་སྤྲོད།
| མ་ལེ་ཤི་ཡ་ | |||
|
| |||
| རྒྱལ་ས། | |||
| ས་ཁྱོན། | 330 803 km² | ||
| མི་འབོར | 34 564 810 | ||
༉ མ་ལེ་ཤི་ཡ་འདི་ ཤར་ལྷོ་ཨེ་ཤི་ཡ་ཁ་ཐུག་ཆགས་ཏེ་ཡོད་མི་ རྒྱལ་ཁབ་ཉམས་དགའ་ཏོག་ཏོ་དང་གཞན་མ་འདྲཝ་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ ཐབས་བྱུས་ཅན་གྱི་ས་ཆའི་ཆགས་ཚུལ་དང་ལྡན་པ་ དེ་ལས་ དཔལ་འབྱོར་ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ ལྷོ་རྒྱ་ནག་གི་མཚོ་གིས་ཁ་ཕྱེས་ཏེ་ཡོད་པའི་ ཆུ་གླིང་མ་ལེ་ཤི་ཡ་དང་ ཤར་མ་ལ་ཤི་ཡ་ལུང་ཕྱོགས་གཉིས་ལུ་དབྱེ་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་འདི་ ཀཽ་ལ་ལམ་པུར་ཨིནམ་དང་ མཱ་ལེ་ཤི་ཡ་འདི་ ཚ་ཁུལ་གྱི་ས་ཆའི་གནས་སྟངས་དང་ དེང་སང་གི་ཁྲོམ་ཚོགས་ བཞེས་སྒོ་སྣ་ཚོགས་ དེ་ལས་ ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་ལུ་ཡོངས་གྲགས་ཅན་ཅིག་ཨིན།
སའི་རྒྱ་ཚད་དང་ས་ཆའི་གནས་སྟངས།
མ་ལེ་ཤི་ཡ་འདི་ པེ་སི་ཕིག་དང་རྒྱ་གར་གྱི་རྒྱ་མཚོ་ཆེན་མོའི་བར་ན་ ཐབས་བྱུས་དང་ལྡནམ་སྦེ་ཆགས་ཏེ་ཡོད་པའི་ ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་ཅིག་ཨིན། དེ་ལུ་ ལུང་ཕྱོགས་གཙོ་བོ་གཉིས་ཡོདཔ་དང་ དེ་ཡང་ བྱང་ཕྱོགས་ལུ་ཐའི་ལེནཌ་དང་ ལྷོ་ཕྱོགས་ལུ་སིངྒ་པོར་དང་ས་མཚམས་བཅད་དེ་ཡོད་པའི་ ཆུ་གླིང་མ་ལེ་ཤི་ཡ་དང་ དེ་ལས་ བུརུ་ནི་དང་ཨིན་ཌཱོན་ཨེ་ཤི་ཡ་དང་གཅིག་ཁར་ བོར་ནིའོ་གི་མཚོ་གླིང་བགོ་བཤའ་སྦེ་གནས་མི་ ཤར་ཕྱོགས་མ་ལེ་ཤི་ཡ་ཨིན། ལུང་ཕྱོགས་གཉིས་དེ་གཉིས་ ཀི་ལོ་མི་ཊར་ ༦༤༠ དེ་ཅིག་གི་ས་ཁར་ ལྷོ་རྒྱ་ནག་རྒྱ་མཚོ་གིས་ ཁ་ཕྱེས་སྟེ་ཡོདཔ་ཨིན།[༡]
རྒྱལ་ཁབ་འདི་ནང་ སའི་ཆགས་ལུགས་མ་འདྲཝ་སྦེ་ཡོདཔ་ཨིན། དེ་ཡང་ པེ་ནིན་སུ་ལར་མ་ལེ་ཤི་ཡ་འདི་ མ་ལ་ཀ་དང་ ལྷོ་རྒྱ་ནག་རྒྱ་མཚོའི་མཐུད་ཡུར་བདའ་སྟེ་ མཚོ་འགྲམ་གྱི་ས་གནས་ རིམ་འགྲོས་སྦེ་ཆགས་ཏེ་ཡོདཔ་དང་ ས་ཆ་འདི་ཡང་ས་བཅུད་དང་ལྡན་པའི་ཐང་སྦེ་ཡོདཔ་ཨིན། དེ་ལས་ ཤར་ཕྱོགས་མ་ལེ་ཤི་ཡ་འདི་ ཚ་དྲོད་ཆེ་བའི་ནགས་ཚལ་དང་གཙང་ཆུ་སྦོམ་ གཞན་ཡང་ ཤར་ལྷོ་ཨེ་ཤི་ཡ་ལུ་ རི་མཐོ་ཤོས་ཅིག་ཨིན་མི་ ཀི་ན་བཱ་ལུ་གངས་རི་བརྩིས་ཏེ་ རི་རྒྱུད་ཚུ་གིས་དབང་བའི་ས་ཆ་སྦེ་ཆགས་ཏེ་ཡོདཔ་ཨིན།
མ་ལེ་ཤི་ཡ་ལུ་ གནམ་གཤིས་ཚ་དྲོད་དང་རློན་གཤེར་དང་ལྡནམ་སྦེ་ཡོདཔ་དང་ ལུང་ཕྱོགས་དང་འཁྲིལ་ཏེ་ རླུང་ཆར་གྱི་གནམ་གཤིས་ཡང་ སོ་སོ་སྦེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་སྐྱེ་ལྡན་རིགས་སྣ་ཕྱུགཔོ་ཡོདཔ་དང་ དེ་ཚུ་ཡང་ ཆར་ཆུ་དང་ལྡན་པའི་ནགས་ཚལ་ མཚོ་གླིང་ བྱུ་རུའི་རི་བོ་ བྱེམ་གྱི་རྡོ་རིང་དང་ དཀོན་དྲགས་ཅན་གྱི་རི་དྭགས་སྲོག་ཆགས་ དཔེར་ན་ ཨོ་རཱན་གུ་ཊཱན་དང་ མ་ལ་ཡ་གི་སྟག་ཚུ་ཨིན།
མི་རློབས་དང་མི་རིགས།
མ་ལེ་ཤི་ཡ་ལུ་ མི་རློབས་ཡོངས་བསྡོམས་ས་ཡ་ ༣༣ ལྷགཔ་ཅིག་ཡོདཔ་དང་ ༼སྤྱི་ལོ་ ༢༠༢༥ ཚུན་༽ དེ་ནང་མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་མི་རིགས་གཙོ་བོ་གསུམ་འདི་ མ་ལེ་ (༦༠ %) དང་ རྒྱ་ནག་ (༢༣% དེ་ཅིག་) དེ་ལས་ རྒྱ་གར་ (༧% དེ་ཅིག་) ཚུ་ཨིན། དེ་བཟུམ་སྦེ་ ཆུ་གླིང་མ་ལེ་ཤི་ཡ་ལུ་ ཨོ་རེང་ཨཱས་ལི་ ཟེར་སླབ་མི་དང་ ས་བྷ་དང་ས་ར་ཝཀ་ལུ་ཡོད་པའི་ ས་གནས་ཀྱི་མི་རིགས་སྡེ་ཚན་མ་འདྲཝ་ཚུ་ལས་ མི་རློབས་ལས་བརྒྱ་ཆ་ ༡༡ དེ་ཅིག་ཡོདཔ་ཨིན།
དེ་བཟུམ་མའི་མི་རིགས་དང་ལམ་སྲོལ་སྣ་མང་གི་མི་སྡེ་འདི་ རྒྱལ་ཁབ་ཀྱི་ཆོས་ལུགས་ཀྱི་གནས་སྟངས་ལུ་གསལ་སྟོན་འབད་དེ་ཡོདཔ་ཨིན། ཨིསི་ལམ་འདི་ གཞུང་འབྲེལ་གྱི་ཆོས་ལུགས་ཅིག་ཨིནམ་ལས་ འདི་མང་ཤོས་ཅིག་ར་ མ་ལེ་གི་མི་ཚུ་གིས་ཉམས་ལེན་འབད་དོ་ཡོདཔ་དང་ དེ་ལས་ ནང་པའི་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ ཧིན་དུའི་ཆོས་ལུགས་དང་རང་ལུགས་ཀྱི་ཡིད་ཆེས་ཚུ་ མི་སྡེ་གཞན་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན། མི་རིགས་དང་ཆོས་ལུགས་མ་འདྲཝ་ཚུ་གིས་ མ་ལེ་ཤི་ཡ་གི་མི་སྡེ་དང་ བཞེས་སྒོ་ དེ་ལས་ དུས་སྟོན་དང་ ཉིན་བསྟར་གྱི་མི་ཚེ་ཚུ་ སོ་སོ་སྦེ་བཟོ་བཀོད་འབད་དེ་ཡོདཔ་ཨིན། [༢]
དེ་ལས་ ཁྲོམ་ཚོགས་གོང་འཕེལ་འདི་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ མ་ལེ་ཤི་ཡ་གི་མི་བརྒྱ་ཆ་ ༧༥ ལྷགཔ་ཅིག་ རྒྱལ་ས་ལྟེ་བ་ཀཽ་ལ་ལུམ་པོར་ དེ་ལས་ ཁྲོམ་ཚོགས་གཞན་ ཇོརཇ་ཊཱའུན་ ཇོ་ཧོར་བྷ་རུ་དང་ ཀོ་ཊ་ཀི་ན་བ་ལུ་ལ་སོགས་པ་ཚུ་ནང་སྡོད་དོ་ཡོདཔ་ཨིན། མ་ལེ་ཤི་ཡ་གི་མི་རློབས་འདི་ ཆུང་སུ་སྦེ་ར་ཡོད་རུང་ སྐྱེས་ཚད་མར་ཕབ་འགྱོ་མི་ལུ་བརྟེན་ ལོ་ན་རྒས་ནི་གི་གནས་སྟངས་འདི་མངོན་གསལ་ཅན་ལུ་གྱུར་ཏེ་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་རིམ་ལུགས།
མ་ལེ་ཤི་ཡ་གིས་ སྤྱི་མཐུན་རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་ལམ་ལུགས་འདི་ ལག་ལེན་འཐབ་ཨིན། རྒྱལ་ཁབ་འདི་ མངའ་སྡེ་ ༡༣ དང་སྤྱི་མཐུན་མངའ་ཁོངས་ ༣ གྱིས་འཚོགས་ཏེ་ཡོདཔ་ཨིན། དེ་གི་སྲིད་དོན་རིམ་ལུགས་འདི་ སྤྱི་ཚོགས་ཀྱི་དམངས་གཙོའི་རིང་ལུགས་དང་ རང་ལུགས་ཀྱི་རྒྱལ་བརྒྱུད་རིང་ལུགས་གཉིས་སླ་བསྲེ་སྦེ་ འཛམ་གླིང་ནང་ གཞན་དང་མ་འདྲཝ་སྦེ་གནས་ཏེ་གནས་ཏེ་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་དབུ་ཁྲིད་འདི་༼རྒྱལཔོ་༽ མ་ལེ་མངའ་སྡེ་གི་ རིགས་བརྒྱུད་ཀྱི་དབུ་ཁྲིདཔ་ ༩ ལས་ ལོ་ངོ་ལྔ་རེ་ནང་ བཙག་འཐུ་འབད་མི་ལས་ ཡང་དི་པར་ཊུན་ཨ་གོང་ཨིན། རྒྱལ་ཁབ་ཀྱི་གཞུང་སྐྱོང་ལྷན་སྡེ་འདི་ བློན་ཆེན་གྱིས་འགོ་འཁྲིད་འབད་དོ་ཡོདཔ་དང་ བློན་ཆེན་གྱིས་ སྤྱི་ཚོགས་ཀྱི་ ཚོགས་ཁང་འོག་མ་ དི་ཝཱན་རཀ་ཡཊ་ནང་མངམ་ བཀོད་ཁྱབ་ཀྱི་ཕྱག་ལཱ་གནང་དོ་ཡོདཔ་ཨིན།
སྤྱི་གཞུང་ཁྲིམས་བཟོ་ལྷན་སྡེ་འདི་ ཚོགས་ཁང་གཉིས་ཅན་ཨིནམ་དང་ དེ་ཡང་ དི་ཝན་རཀ་ཡཊ་དང་ དི་ཝན་ནེ་ག་ར་༼ཁྲིམས་ཁང་༽གཉིས་ཨིན། ཁྲིམས་ལུགས་ཚུ་ ཚོགས་ཁང་གཉིས་ཆ་ར་ལས་ ཆ་འཇོག་གནང་དོ་ཡོདཔ་དང་ ཆ་འཇོག་མཐའ་དཔྱད་ཀྱི་དོན་ལུ་ རྒྱལཔོ་ལུ་སྙན་ཞུ་ཕུལ་དོ་ཡོདཔ་ཨིན། མ་ལེ་ཤི་ཡ་གི་ཁྲིམས་ལུགས་འདི་ ཨིང་སྐད་ཀྱི་སྤྱིར་བཏང་ཁྲིམས་ལུགས་ལུ་གཞི་བཞག་སྟེ་ཨིནམ་དང་ ཨིསི་ལ་མིཀ་ཤ་རི་ཡ་གི་ཁྲིམས་ལུགས་འདི་ མུསི་ལིམ་ཚུ་གི་དོན་ལུ་ སྒེར་དང་བཟའ་ཚང་གི་གནད་དོན་ཚུ་ནང་ལག་ལེན་འཐབ་སྟེ་ཡོདཔ་ཨིན། དེ་ལས་ མངའ་སྡེ་གཞུང་ལུ་ དམིགས་བསལ་གྱིས་ ས་ཆ་དང་ཆོས་ལུགས་ དེ་ལས་ ས་གནས་གཞུང་ཚུ་ནང་རང་དབང་ཡོདཔ་ཨིན།[༣]
སྐད་ཡིག་དང་ལམ་སྲོལ།
བ་ཧ་ས་མ་ལེ་ཤི་ཡ་ (མ་ལེ་) གི་སྐད་ཡིག་འདི་ མ་ལེ་ཤི་ཡ་གི་གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིནམ་དང་ རྒྱལ་ཁབ་ནང་འཁོད་ལུ་ སྐད་ཡིག་འདི་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ཨིང་ལིཤ་འདི་ཡང་ དམིགས་བསལ་གྱིས་ ཚོང་འབྲེལ་དང་ཤེས་རིག་ དེ་ལས་ ཁྲོམ་སྡེ་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན། དེ་མ་ཚད་ མེན་ཌ་རིན་དང་ཏ་མིལ་ དེ་ལས་ རྒྱ་ནག་གི་སྐད་ཡིག་མ་འདྲཝ་ ཀེ་ཊོ་ནིསི་ ཧོ་ཀིན་ ཧ་ཀ་ ལ་སོགས་པ་ཚུ་ཡང་ ཁོང་རའི་མི་སྡེ་ནང་ལུ་སླབ་དོ་ཡོདཔ་ཨིན།
མ་ལེ་ཤི་ཡ་གི་ལམ་སྲོལ་གྱི་ཐད་ལུ་ མི་རིགས་གཙོ་བོ་རེ་རེ་ལུ་ ལམ་སྲོལ་མ་འདྲཝ་རེ་ཡོདཔ་ལས་ དེ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་སྲོལ་ཁྱུན་ལུ་ ཕན་ཐོགས་འབདཝ་ཨིན། དང་པ་ མ་ལེ་ལམ་སྲོལ་གྱིས་ ཨིསི་ལ་མིཀ་ལམ་སྲོལ་དང་ ཌི་ཀིར་བཱ་རཱཊ་བཟུམ་གྱི་སྙན་ཆ་ དེ་ལས་ བ་ཇུ་ཀུ་རུང་བཟུམ་གྱི་གྱོན་ཆས་ཚུ་ལུ་ གཙོ་བོར་བཏོནམ་ཨིན། གཉིས་པ་ མ་ལེ་ཤི་ཡ་རྒྱ་ནག་གི་མི་ཚུ་གིས་ ལོ་གསར་བརྩི་སྲུང་འབད་དེ་ རྒྱ་ནག་གི་རང་ལུགས་དང་འབྲེལ་བའི་ལམ་སྲོལ་ཚུ་བརྩི་མཐོང་སྐྱེད་དོ་ཡོདཔ་ཨིན། ཁོང་གི་མི་སྡེ་ལུ་ དུས་སྟོན་དང་ རང་ལུགས་ཞབས་ཁྲ་ དེ་ལས་ རྒྱ་ནག་གི་ལྷ་ཁང་ཚུ་ གལ་ཆེ་ཤོས་ཅིག་སྦེ་རྩིཝ་ཨིན། གསུམ་པ་ མ་ལེ་ཤི་ཡ་གི་རྒྱ་གར་གྱི་མི་ཚུ་གིས་ མང་ཤོས་ར་ ཧིན་དུའི་ལམ་སྲོལ་དང་ རྒྱ་གར་གྱི་སྔར་སྲོལ་གྱི་ཞབས་ཁྲ་ དེ་ལས་ ལྷོ་རྒྱ་གར་གྱི་ བཞེས་སྒོ་ཚུ་གསལ་སྟོན་འབད་དེ་ རང་ལུགས་ཀྱི་དུས་སྟོན་བརྩི་བརྩི་སྲུང་འབདཝ་ཨིན། དེ་ལས་མཇུག་ར་ ས་བྷ་དང་ས་ར་ཝཀ་ལུ་ཡོད་པའི་ ས་གནས་ཀྱི་མི་ཚུ་གིས་རང་ལུགས་ཀྱི་ལམ་སྲོལ་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ དུས་སྟོན་ཚུ་བརྩི་སྲུང་འབད་དོ་ཡོདཔ་ཨིན།
མ་ལེ་ཤི་ཡ་གི་བཞེས་སྒོ་གི་ཐད་ལུ་ བཞེས་སྒོའི་རིགས་ཚུ་ ལྷམ་པ་མ་འདྲཝ་སྦེ་ཡོདཔ་ཨིན། དེ་ཡང་ ན་སི་ལེ་མཀ་དང་ ལག་ས་ ས་ཏེ་ རོ་ཊི་ཀ་ནའི་ དེ་ལས་ ཅར་ཀྭའི་ཏིའུ་ ལ་སོགས་པ་ མ་ལེ་ རྒྱ་ནག་ རྒྱ་གར་ དེ་ལས་ ས་གནས་ཀྱི་བྲོཝ་ཚུ་ཚང་པའི་བཞེས་སྒོའི་རིགས་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ ལམ་སྲོལ་སྣ་མང་ལུ་གཞི་རྟེན་འབད་དེ་ཡོད་པའི་ རྒྱལ་ཁབ་ཀྱི་ངོ་རྟགས་གསལ་སྟོན་གྱི་དོན་ལུ་ མི་རིགས་དང་ཆོས་སོ་སོའི་དུས་སྟོན་དང་ངལ་གསོ་ཚུ་ཡང་ བརྩི་སྲུང་འབདཝ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
མ་ལེ་ཤི་ཡ་ལུ་ དཔལ་འབྱོར་སྣ་མང་དང་ གོ་སྐབས་དང་ཚོང་འབྲེལ་ ཧ་ཅང་གིས་སྦོམ་ཡོདཔ་ཨིན། དུས་རབས་ ༢༠ པའི་བར་ཁམས་ཅིག་ཁར་ མ་ལེ་ཤི་ཡ་གི་ཅ་ཆས་ལུ་བརྟེན་པའི་དཔལ་འབྱོར་འདི་ བཟོ་གྲྭ་དང་ཞབས་ཏོག་ དེ་ལས་ འཕྲུལ་རིག་གིས་དབང་བའི་དཔལ་འབྱོར་ལུ་གྱུར་ནུག།
མ་ལེ་ཤི་ཡ་གི་དཔལ་འབྱོར་གོང་འཕེལ་ལུ་ ཚོང་འབྲེལ་གྱི་ལས་རིགས་གཙོ་བོ་དག་པ་ཅིག་ཡོདཔ་ཨིན། དེ་ཡང་ དང་པ་བཟོ་སྐྲུན་འདི་ཨིནམ་དང་ རྒྱལ་ཁབ་ནང་ གློག་རིག་དང་གློག་ཆས་ སྣུམ་འཁོར་གྱི་ཆ་ཤས་ དེ་ལས་ རྡོ་སྣུམ་རྫས་སྦྱོར་ཚུ་ བཟོ་སྐྲུན་སྦོམ་འབད་དེ་ ཕྱིར་ཚོང་འབད་དོ་ཡོདཔ་ཨིན། དེ་འབདཝ་ལས་ མ་ལེ་ཤི་ཡ་འདི་ འཛམ་གླིང་ནང་ རྒྱུན་ཕྱད་བཟོ་མི་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན། གཉིས་པ་ལུ་ རྒྱལ་ཁབ་འདི་གིས་ ཟ་ནིའི་མར་ཁུ་དང་ སྣུམ་འཁོར་གྱི་ས་སྣུམ་ དེ་ལས་ རྫས་རླངས་ལ་སོགས་པ་ཚུ་ ཕྱིར་ཚོང་སྦོམ་སྦེ་འབད་དོ་ཡོདཔ་ལས་ འདི་ཚུ་ རྒྱལ་ཡོངས་ཀྱི་དཔལ་འབྱོར་ལུ་མཐུན་རྐྱེན་སྦོམ་ཤོས་ཅིག་ཨིན་མས། གཞན་ཡང་ རྒྱལ་ཁབ་འདི་ནང་ ཤིང་ཆས་དང་ཤིང་འབྲས་འཛུགས་སྐྱོང་ལ་སོགས་པའི་ སོ་ནམ་གྱི་ལཱ་ཚུ་ཡང་འབད་དོ་ཡོདཔ་ཨིན།
དེ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ མཐུན་རྐྱེན་གཙོ་བོ་གཅིགཔོ་དེ་ ལྟ་བཤལ་འདི་ཨིན། མ་ལེ་ཤི་ཡ་ལུ་ མི་རིགས་མ་འདྲཝ་དང་ལམ་སྲོལ་མ་འདྲཝ་ དེ་ལས་ བཞེས་སྒོའི་རིགས་མ་འདྲཝ་དང་ རྒྱལ་ཁབ་ཀྱི་རང་བཞིན་གནས་སྟངས་མཛེས་ཏོག་ཏོ་ཡོད་ནི་དེ་གིས་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་ས་ཡ་ལས་བཅད་དེ་ འོང་དོ་ཡོདཔ་ཨིན།
མ་ལེ་ཤི་ཡ་གི་དཔལ་འབྱོར་འདི་ འོང་འབབ་མཐོ་བའི་གནས་རིམ་ལུ་ལྷོད་ནི་གི་རེ་བ་དང་བསྟུན་ འོང་འབབ་བར་མའི་གནས་རིམ་མཐོ་ཤོས་ཅིག་སྦེ་ངོས་འཛིན་འབད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ རྒྱ་ནག་དང་སིངྒ་པུར་ ཡུ་ཨེས་དང་ཇ་པཱན་རྒྱལ་ཁབ་ཚུ་དང་ ཚོང་འབྲེལ་གྱི་མཐུན་ལམ་དམ་ཟབ་སྦེ་བཞག་དོ་ཡོདཔ་དང་ རྒྱལ་ཁབ་འདི་ ཤར་ལྷོ་ཨེ་ཤི་ཡ་རྒྱལ་ཁམས་ཚོགས་པ་ ཨེ་ཤི་ཡ་དང་པེ་སི་ཕིཀ་དཔལ་འབྱོར་ལས་འཛིན་ལ་སོགས་པའི་ རྒྱལ་སྤྱི་མཉམ་འབྲེལ་ཚོགས་པའི་འཐུས་མི་ཡང་ཨིན།
དཀའ་ངལ་དང་གདོང་ལེན།
མ་ལེ་ཤི་ཡ་ལུ་ མཐུན་རྐྱེན་ཕུན་སུམ་ཚོགས་པ་ལེ་ཤ་ཡོད་རུང་ དེ་དང་བསྟུན་པའི་ དཀའ་ངལ་དང་གདོང་ལེན་ཚུ་ཡང་བྱུང་སྟེ་ཡོདཔ་ཨིན། དེ་ཡང་ མི་རིགས་མ་འདྲཝ་དང་ཆོས་ལུགས་མ་འདྲཝ་ཡོད་མི་ལས་བརྟེན་ མི་རིགས་དང་ཆོས་ལུགས་ཀྱི་ཕྱོགས་དབྱེ་ནིའི་དཀའ་ངལ་དང་ དེ་དང་འབྲེལ་བའི་ སྲིད་འབྲེལ་དང་སྒེར་འབྲེལ་གྱི་ངན་ལྷད་ཀྱི་གདོང་ལེན་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ དཔལ་འབྱོར་གྱི་འདྲ་མཉམ་མེད་པའི་དཀའ་ངལ་ཡོདཔ་དང་ དེ་ཡང་ ཁྲོམ་ཚོགས་ཚུ་ནང་ལས་ཕར་ཡར་རྒྱས་སྦོམ་སྦེ་ར་འགྱོ་སྟེ་ཡོད་རུང་ ཤར་ཕྱོགས་མ་ལེ་ཤི་ཡ་ལུ་ གཞི་རྟེན་མཁོ་ཆས་དང་ཤེས་ཡོན་ དེ་ལས་ ཞབས་ཏོག་ཚུ་ལུ་ལྷོད་ལམ་མེདཔ་ཨིན། དེ་འབདཝ་ལས་ ལུང་ཕྱོགས་དང་མི་རིགས་ཚུ་གི་བར་ན་ འོང་འབབ་ཀྱི་ཁྱད་པར་དེ་ ཚ་གྱང་ཅན་ལུ་གྱུར་ཏེ་ཡོདཔ་ཨིན།
མ་ལེ་ཤི་ཡའི་ཤེས་རིག་གི་གནས་ཚད་འདི་ རྒྱལ་སྤྱིའི་གནས་ཚད་ནང་མེདཔ་ལས་ འཛམ་གླིང་ནང་དོ་འགྲན་ཅན་གྱི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ བཏོན་དགོ་པའི་གནོན་ཤུགས་འོག་ལུ་ཡོདཔ་ཨིན། དེ་ལུ་བརྟེན་ རྒྱལ་སྤྱི་གནས་ཚད་ལུ་ལཱ་འབད་ནི་ནང་ཡང་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན། དེ་ལས་ གདོང་ལེན་གཞན་ཡང་ རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་མགྱོགས་དྲགས་དང་བསྟུན་ རྒྱལ་ཁབ་ཀྱི་རང་བཞིན་གནས་སྟངས་དང་སྐྱེ་ལྡན་རིགས་སྣ་ལུ་ཐོ་ཕོག་སྟེ་ཡོདཔ་ལས་ ཡར་རྒྱས་དང་བསྟུན་པའི་ཡུན་བརྟན་གྱི་གནས་སྟངས་ལུ་གདོང་ལེན་བྱུང་སྟེ་ཡོདཔ་ཨིན། མཇུག་ར་ མ་ལེ་ཤི་ཡའི་སྐྱེས་འཕེལ་གྱི་ཚད་གཞི་མར་ཕབ་འགྱོ་དོ་ཡོདཔ་མ་ཚད་ མི་རྒས་ཤོས་ཚུ་གི་ཚད་གཞི་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན། འདི་གིས་ མ་འོངས་པའི་ གསོ་བའི་ཞབས་ཏོག་དང་ཟུར་ཕོགས་ དེ་ལས་ ལཱ་འབད་མི་ཚུ་གི་ཐོན་སྐྱེད་ཚུ་ལུ་གདོང་ལེན་བྱིན་ཏེ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཆ།
| ཇ་པཱན་ | ཀྲུང་ཀོ | སོག་པོ་ | ཏའི་ཝཱན་ | ཀམ་བོ་ཌི་ཡ་ | མེ་མར་ | ཐཱའི་ལེནཌ་ | ཝི་ཡཏ་ནམ | ལྷོ་ཀོ་རི་ཡ་ | བྱང་ཀོ་རི་ཡ་ | འབྲུག་ཡུལ་ | རྒྱ་གར་ | ཤྲཱྀ་ལངཀ་ | བལ་ཡུལ་ | བངྒ་ལ་དེཤ་ | མ་ལེ་ཤི་ཡ་ | ཨཕ་ག་ནིསི་ཏཱན་ | ཨི་རཱན་ | ལེ་བཱ་ནཱོན་ | ཨིཛ་རཱེལ་ | ཀུ་ཝེཊ་ | ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་ | ཨུཛ་བེ་ཀིསི་ཏཱན་ | ཏ་ཇག་ཀིསི་ཏཱན་ | ཀ་ཏར་ | བཧ་རེན་ | སའུ་དི་ཨེ་ར་སྦི་ཡ་ |མོང་གོ་ལི་ཡ
- ↑ Andaya, B. W., & Andaya, L. Y. (2017). A history of Malaysia (3rd ed.). Palgrave Macmillan.
- ↑ Gomez, E. T., & Jomo, K. S. (1999). Malaysia’s political economy: Politics, patronage and profits. Cambridge University Press
- ↑ Milne, R. S., & Mauzy, D. K. (1999). Malaysian politics under Mahathir. Routledge.