མཱལ་ཌིབསི།



ངོ་སྤྲོད།
༉ མཱལ་དིབས་འདི་ ཆུ་ཧིང་སང་ས་དང་མཚོ་མཐའི་བྱེ་ཐང་གིས་ཕྱུག་པའི་ འཛམ་གླིང་འཕྲེད་ཐིག་དང་ཉེ་བའི་ཚ་དྲོད་ཀྱི་རྒྱལ་ཁབ་ཅིག་ཨིན། དེ་མ་ཚད་རྒྱལ་ཁབ་འདི་ ལམ་སྲོལ་གྱིས་ཕྱུགཔོ་དང་རྒྱལ་རབས་ནང་གཏིང་ཟབ་པའི་ མཛེས་སྡུག་ཅན་གྱི་ས་གོ་ཅིག་འབདཝ་ལས་ ལྟ་བཤལཔ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ས་གོ་ཅིག་ཨིན། མཚོ་གླིང་རྒྱལ་ཁབ་འདི་ལུ་ ས་ཆའི་གནས་སྟངས་མ་འདྲཝ་དང་ ན་གཞོན་དང་ལྡན་པའི་མི་རློབས་མ་འདྲཝ་ དེ་ལས་ ལྟ་བཤལ་ལུ་བརྟེན་པའི་དཔལ་འབྱོར་ཡར་རྒྱས་འགྱོ་བའི་བསྒང་དང་ དུས་རྒྱུན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་རིམ་ལུགས་དང་ལྡནམ་སྦེ་ཡོདཔ་ཨིན།
སའི་རྒྱ་ཚད་དང་ས་ཆའི་གནས་སྟངས།
མཱལ་དིབས་འདི་ རྒྱ་གར་གྱི་རྒྱ་མཚོ་ཆེན་མོའི་ནང་ལུ་ ཤྲི་ལངྐ་དང་རྒྱ་གར་གྱི་ལྷོ་ནུབ་ཁ་ཐུག་ལུ་ཡོད་པའི་ མཚོ་གླིང་མངའ་སྡེ་ཅིག་ཨིན། དེ་ནང་ མཚོ་གླིང་ ༡༡༩༢ ཀྱིས་བཟོ་ཡོད་པའི་ བྱུ་རུའི་མཚོ་གླིང་ ༢༦ ཡོདཔ་དང་ དེ་ནང་ལས་ ༢༠༠ དེ་ཅིག་ནང་ མི་གིས་གཞིས་ཆགས་ཏེ་ཡོདཔ་ཨིན། མཚོ་གླིང་འདི་ཚུ་གིས་ བྱང་ལས་ལྷོ་ཚུན་ཚོད་ ཀི་ལོ་མི་ཊར་ ༨༧༠ དེ་ཅིག་གི་ས་ཁར་ཁྱབ་སྟེ་ཡོདཔ་ལས་ མཱལ་དིབས་འདི་འཛམ་གླིང་ནང་ ས་ཆའི་གནས་སྟངས་ཀྱི་ཐད་ཁར་ ཁ་སྟོར་ཏེ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། མཱལ་དིབས་ལུ་ ས་ཆའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་ ༢༩༨ དེ་ཅིག་ཡོད་རུང་ རྒྱ་གར་རྒྱ་མཚོ་བདའ་སྟེ་རྒྱ་ཁྱོན་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་༩༠,༠༠༠ དེ་ཅིག་ཡོདཔ་ཨིན། [༡]
རྒྱལ་ཁབ་འདི་ནང་ཡོད་པའི་མཚོ་གླིང་འདི་ཚུ་ མཐོ་ཚད་དམའ་ཤོས་ཅིག་ཨིནམ་དང་ སྤྱིར་སྙོམས་ལུ་ ས་ཆའི་མཐོ་ཚད་འདི་ རྒྱ་མཚོའི་མཐོ་ཚད་ལས་ མི་ཊར་ ༡.༥ དང་ མཐོ་ཚད་མཐོ་ཤོས་ མི་ཊར་ ༢.༥ དེ་ཅིག་ལས་བརྒལ་མེདཔ་ལས་ འཛམ་གླིང་ནང་ མཐོ་ཚད་དམའ་ཤོས་ཀྱི་རྒྱལ་ཁབ་ཨིན། དེ་བཟུམ་མའི་ས་ཆའི་གནས་སྟངས་ཀྱིས་ མཱལ་དིབས་འདི་གནམ་གཤིས་འགྱུར་བ་དང་ དམིགས་བསལ་གྱིས་ རྒྱ་མཚོའི་མཐོ་ཚད་ཡར་སེང་འགྱོ་མིའི་གནས་སྟངས་ལུ་ ཉེན་ཁ་ཅན་སྦེ་གནས་ཏེ་ཡོདཔ་ཨིན། ཨིན་རུང་ མཚོ་གླིང་འདི་ཚུ་ རྒྱལ་ཁབ་ཀྱི་སྐྱེ་ལྡན་རིགས་སྣ་ལུ་རྒྱབ་སྐྱོར་འབད་བའི་ རང་བཞིན་གྱི་མཛེས་སྡུག་ཅིག་དང་ དཔལ་འབྱོར་དང་ལམ་སྲོལ་གྱི་ངོ་རྟགས་ཅིག་སྦེ་གནས་ཏེ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ཉ་གསོ་སྐྱོང་དང་ ལྟ་བཤལ་ལས་སྡེ་ཚུ་ལུ་ ཁག་ཆེ་ཤོས་ཅིག་ཨིན།
མི་རློབས་དང་མི་རིགས།
མཱལ་དིབས་ལུ་ མི་རློབས་ ༥༢༡,༠༠༠ དེ་ཅིག་ཡོདཔ་དང་ མང་ཤོས་ར་ རྒྱལ་ས་ལྟེ་བ་ མཱ་ལེ་ལུ་སྡོད་དོ་ཡོདཔ་ཨིན། མཱ་ལེ་འདི་འཛམ་གླིང་ནང་མི་རློབས་ལྟེམ་ལྟེ་གང་ཡོད་པའི་ཁྲོམ་ཚོགས་ཅིག་ཨིནམ་དང་ དེ་གིས་ མཚོ་གླིང་ཚུ་ནང་མི་སྡོད་ནིའི་དོན་ལུ་ ས་ཆ་ཉུང་སུ་ཅིག་ལས་བརྒལ་མེད་མི་འདི་གསལ་སྟོན་འབདཝ་ཨིན།
མཱལ་དིབས་ཀྱི་མི་ཚུ་ལུ་ དྷི་བི་ཧིན་ཟེར་སླབ་ཨིནམ་དང་ དེ་ཚུ་ རྒྱལ་ཁབ་ཀྱི་སྔོན་གྱི་ཚོང་འབྲེལ་གྱི་ལམ་ལུ་བརྟེན་པའི་ ཨ་རབ་དང་ཨཱེཕ་རི་ཀ་ དེ་ལས་ ཨེ་ཤི་ཡ་ཤར་ལྷོ་ཁ་ཐུག་གི་ལམ་སྲོལ་ལས་ཤན་ཞུགས་ཡོད་པའི་ ལྷོ་ཨེ་ཤི་ཡའི་རིགས་བརྒྱུད་མང་ཆེ་བ་ཡོདཔ་ཨིན། དེ་གི་ཤུལ་ལས་ དུས་རབས་ ༡༢ པའི་ནང་ མཱལ་དིབས་ལུ་ཨིསི་ལམ་ལྷོད་དེ་ཡོདཔ་དང་ དེ་ལས་ཚུར་ མཱལ་དིབས་ཀྱི་ལམ་སྲོལ་ལུ་ཨིསི་ལམ་གྱི་ཤན་ཞུགས་ཏེ་ཡོདཔ་ཨིན།
མཱལ་དིབས་ཀྱི་མི་རློབས་འདི་མང་ཤོས་ར་ ན་གཞོན་སྦེ་ཡོདཔ་དང་ དཔྱ་སྙོམས་ཀྱི་ལོ་ཚད་འདི་ ལོ་ ༢༩ སྐོར་ཆ་ཨིན། རྒྱལ་འདི་གི་འབྲི་ལྷག་ཤེས་ཡོན་གྱི་གནས་ཚད་འདི་ བརྒྱ་ཆ་ ༩༨ ལྷགཔ་ཅིག་ཨིནམ་དང་ མཱལ་དིབས་ཀྱི་མི་ཚུ་ མགྲོན་སྐྱོང་དང་མི་སྡེའི་བརྩི་མཐོང་ལུ་ལེགས་ཤོམ་ཡོད་པའི་མིང་གཏམ་དང་ དེ་ལས་ ཨིསི་ལ་མིཀ་ལམ་སྲོལ་དང་སྲོལ་ཁྱུན་ལུ་གུས་ཞབས་སྦོམ་ཡོད་པའི་ ཡོངས་གྲགས་ཡོདཔ་ཨིན།[༢]
གཞུང་སྐྱོང་ལམ་ལུགས།
མཱལ་དིབས་འདི་ སྲིད་འཛིན་གྱིས་དབང་བའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་འགོ་ཁྲིདཔ་དང་ གཞུང་གི་འགོ་ཁྲིདཔ་གཉིས་ཆ་ར་ཨིན་མི་ སྲིད་འཛིན་དེ་ ལོ་ ༥ གི་དོན་ལུ་ མི་དམངས་ཀྱི་ཐད་ཀར་ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་འབདཝ་ཨིན། སྲིད་དོན་ལམ་ལུགས་འདི་ ཚོགས་པ་སྣ་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ལུ་གཞི་བཞག་སྟེ་ཡོདཔ་དང་ མི་སེར་གྱི་སྤྱི་ཚོགས་ཀྱིས་ ཚོགས་ཁང་གཅིག་གི་ཁྲིམས་བཟོ་ལྷན་སྡེ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་དྲང་ཁྲིམས་ལྷན་སྡེ་འདི་ རང་དབང་ཅན་ཅིག་ཨིན་རུང་ ཕྱོགས་ལྷུང་དང་ཕན་ནུས་ཀྱི་ཐད་ལུ་ སྐྱོན་བརྗོད་འབད་དེ་ཡོདཔ་ཨིན། མཱལ་དིབས་ཀྱི་སྲིད་དོན་གནས་སྟངས་ནང་ བརྟན་ཏོག་ཏོ་མེད་པའི་དུས་ཚོད་ཚུ་དང་ དམངས་གཙོའི་ལེགས་སྒྱུར་ དེ་ལས་ གཞུང་སྐྱོང་དང་འགྲོ་བ་མིའི་ཐོབ་དབང་ལུ་ངོ་རྒོལ་ཚུ་ཐོན་ཡོདཔ་ཨིན།
ཨིསི་ལམ་འདི་ རྒྱལ་ཁབ་ཀྱི་ཆོས་ལུགས་ཨིནམ་ལས་ ཨིསི་ལམ་ལུ་བརྩི་མཐོང་འབད་དགོཔ་འདི་ མི་ཁུངས་ཀྱི་དོན་ལུ་དགོས་མཁོ་ཅིག་ཨིན། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་ལུ་ ཨིསི་ལ་མིཀ་ཤ་རི་ཡ་གི་ཁྲིམས་ལུགས་ཚུ་མཉམ་སྡེབ་འབད་དེ་ཡོདཔ་དང་ ཨིང་ལིག་གི་སྤྱིར་བཏང་ཁྲིམས་ལུགས་དང་གཅིག་ཁར་ དམིགས་བསལ་གྱིས་ བཟའ་ཚང་གི་ཁྲིམས་ལུགས་དང་ ཉེས་ཅན་གྱི་དྲང་བདེན་གྱི་གནད་དོན་ཚུ་ནང་ལུ་ མཉམ་འབྲེལ་འབད་དེ་ཡོདཔ་ཨིན།
སྐད་ཡིག་དང་ལམ་སྲོལ།
མཱལ་དིབས་ཀྱི་གཞུང་འབྲེལ་སྐད་ཡིག་འདི་ དྷི་ཝེ་ཧི་ཨིནམ་དང་ དེ་ཡང་ ཨ་ར་བིཀ་དང་ ཧིན་དྷི་ སིན་ཧ་ལ་ དེ་ལས་ ཨིང་སྐད་ཚུ་ལས་ ཤན་ཞུགས་སྦོམ་ཡོད་པའི་ ཨིན་ཌོ་ཨར་ཡཱན་གྱི་སྐད་ཡིག་ཅིག་ཨིན། སྐད་ཡིག་འདི་ འབྲི་ཤོག་གི་གཡོན་ལས་གཡས་ཁ་ཐུག་འབྲི་སྲོལ་མ་འདྲཝ་ཡོད་པའི་ ཐཱ་ནཱ་ཡི་གུ་གི་ཐོག་ལུ་འབྲིཝ་ཨིན།
མཱལ་དིབས་ཀྱིི་ལམ་སྲོལ་འདི་ དུས་རབས་ལས་བཅད་དེ་ ཚོང་འབྲེལ་དང་ཆོས་ལུགས་ཀྱི་ལག་ལེན་ཚུ་གིས་རྒྱུ་རྐྱེན་འབད་ཡོད་པའི་ འབྱུང་རིམ་ཚུ་ལུ་ཕྱུགཔོ་ཅིག་ཨིན། ལམ་སྲོལ་གྱི་ནང་ལུ་ མི་སྡེའི་དུས་སྟོན་དང་དགའ་སྟོན་བརྩི་སྲུང་ཚུ་ནང་ བོ་དུ་བེ་རུ་ཟེར་ རང་ལུགས་བང་རྔ་བརྡུངས་ཏེ་གསལ་སྟོན་ལས་རིམ་བཟུམ་གྱི་ སྙན་ཆ་དང་ཞབས་ཁྲ་ཚུ་ གལ་ཆེ་ཤོས་ཅིག་ཨིན། དེ་ལས་ རྒྱལ་ཁབ་ནང་ལུ་ བསེ་གཏང་ནི་ གདན་འཐག་ནི་ གྲུ་བཟོ་ནི་༼དམིགས་བསལ་གྱིས་ རང་ལུགས་ཀྱི་དྷོ་ནི་གྲུ་ཚུ་༽ ལ་སོགས་པའི་ལག་བཟོ་གི་ལཱ་ཚུ་གིས་ མི་རབས་ལས་མི་རབས་བརྒྱུད་དེ་འགྱོ་མི་ རིག་རྩལ་ཚུ་ གསལ་སྟོན་འབདཝ་ཨིན་པས།
མཱལ་དིབས་ཀྱི་ཆོས་ལུགས་འདི་ ཨིསི་ལམ་ཨིནམ་ལས་ ཨིསི་ལ་མིཀ་གི་དུས་སྟོན་ ཨིཌ་ཨཱལ་ཕི་ཊར་དང་ ཨིཌ་ཨཱལ་ཨ་དཱ་བཟུམ་ཚུ་ ཡོངས་གྲགས་སྦེ་བརྩི་སྲུང་འབད་དོ་ཡོདཔ་དང་ གཟའ་སྤེནམ་འདི་ བྱིན་ཅན་གྱི་ཉིནམ་སྦེ་བརྩི་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ནུབ་ཕྱོགས་ཀྱི་ངལ་གསོའི་རིགས་ཚུ་ སྤྱིར་བཏང་རྒྱལ་ཁབ་གཞན་ཚུ་བཟུམ་སྦེ་ བརྩི་སྲུང་མ་འབད་དོ་ཡོདཔ་དང་ ཨིསི་ལམ་གྱི་ལམ་སྲོལ་ཚུ་གིས་ ཉིན་བསྟར་གྱི་མི་ཚེ་དང་ གོ་ལ་གྱོན་ཐངས་ དེ་ལས་ མི་སྡེའི་སྤྱོད་ལམ་ཚུ་ལུ་ ཤན་ཞུགས་སྦོམ་སྦེ་ར་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་ལཱ།
མཱལ་དིབས་ཀྱི་དཔལ་འབྱོར་འདི་ གཙོ་བོ་ར་ ལྟ་བཤལ་དང་ཉ་གཟུང་ དེ་ལས་ ཞབས་ཏོག་གི་ལས་སྡེ་གསུམ་ནང་ཤུགས་ཆེཝ་སྦེ་ཡོདཔ་ཨིན། དེ་ཡང་དང་པ་ལྟ་བཤལ་འདི་ མཱལ་དིབས་ཀྱི་དཔལ་འབྱོར་གྱི་གཞི་རྟེན་ངོ་མ་ཨིནམ་དང་ འདི་གིས་ རྒྱལ་ཡོངས་ནང་འཁོད་ཡོངས་འབོར་ལུ་ བརྒྱ་ཆ་ ༣༠ ལྷགཔ་ཅིག་བཟོ་དོ་ཡོདཔ་ཨིན། དེ་ཡང་ རྒྱལ་ཁབ་འདི་ མཛེས་སྡུག་ཅན་དང་ འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྐྱིད་གནས་དང་ ཆུ་ཐོག་རྐྱབ་ཡོད་པའི་ཁྱིམ་ཐོག་གཅིགམ་དགའ་ཏོག་ཏོ་ དེ་ལས་ ཆུར་མཆོང་དང་རྩལ་རྐྱབ་ནིའི་ས་གོ་དང་གོ་སྐབས་ལེགས་ཤོམ་ཡོད་མི་ལུ་ ཡོངས་གྲགས་ཡོདཔ་ལས་ ལྟ་བཤལཔ་ལེ་ཤ་འོང་དོ་ཡོདཔ་ཨིན།
སྤྱི་ལོ་ ༢༠༢༣ ལུ་ མཱལ་དིབས་ལུ་ ལྟ་བཤལཔ་ས་ཡ་ ༡.༨ ལྷགཔ་ཅིག་འོང་ཡོདཔ་དང་ མང་ཤོས་ཅིག་ རྒྱ་གར་དང་ ར་ཤི་ཡ་ རྒྱ་ནག་ དེ་ལས་ ཇར་མ་ནི་གི་རྒྱལ་ཁབ་ཚུ་ནང་ལས་འོང་ཡོདཔ་ཨིན། དེ་འབདཝ་ལས་ ལས་སྡེ་འདི་གིས་ ས་གནས་ཀྱི་མཚོ་གླིང་ཚུ་ནང་ མགྱོན་ཁྱིམ་མངམ་བཟོ་སྟེ་ ལྟ་བཤལ་ཡར་དྲག་གཏང་ནི་ལུ་གཙོ་བོར་བཏོན་དོ་ཡོདཔ་ཨིན།
གཉིས་པ་ དཔལ་འབྱོར་གྱི་གཞི་རྟེན་ཅིག་འདི་ ཉ་གཟུང་ནི་འདི་ཨིནམ་མ་ཚད་ མཱལ་དིབས་ཀྱི་མི་མང་ཤོས་ཅིག་གི་དོན་ལུ་ དམིགས་བསལ་གྱིས་ ཊུ་ན་ཉ་གཟུང་ནི་འདི་ ཁག་ཆེ་བའི་འཚོ་བའི་གནས་སྟངས་ཅིག་ཨིན། རྒྱལ་ཁབ་འདི་གིས་ མཐའ་འཁོར་ཡུན་བརྟན་དང་ མཚོ་ཡི་ཉམས་སྲུང་ལུ་རྒྱབ་སྐྱོར་འབད་མི་ ཉ་གཟུང་ཐབས་ལམ་འདི་ ཀཝ་དང་ཐགཔ་གི་ཐབས་ལམ་ལུ་ གཞི་བཞག་སྟེ་ཡོདཔ་ཨིན། དེ་ལས་ མཱལ་དིབས་ལུ་ས་གཞི་སྐྱོ་དྲགས་དང་ ལྕང་ལཱ་རྐྱབ་བཏུབ་པའི་ ས་ཆ་མེད་མི་ལུ་བརྟེན་ སོ་ནམ་གྱི་ལཱ་ཚུ་ ཚད་ལས་བརྒལ་འབད་ནི་མེདཔ་ཨིན། དེ་འབདཝ་ལས་ མཚོ་གླིང་དག་པ་ཅིག་ནང་ བེ་ཏ་ ཊེ་རོ་ ངང་ལག་དང་ ཨེ་མ་ལ་སོགས་པ་འཚོ་དོ་ཡོད་རུང་ ཟ་འཐུང་མང་ཤོས་ཅིག་ ནང་འདྲེན་འབད་དོ་ཡོདཔ།
མཱལ་དིབས་ཀྱི་དཔལ་འབྱོར་གཞི་རྟེན་གསུམ་པ་འདི་ ཕྱིའི་མ་རྩ་གཞི་བཙུགས་སྦོམ་ཡོད་མི་འདི་ཨིན། དེ་ཡང་གཙོ་བོ་ ལྟ་བཤལ་གྱི་གཞི་རྟེན་མཁོ་ཆས་དང་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ལུ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་དངུལ་འདི་ མཱལ་དི་ཝི་ཡཱན་རུ་ཕི་ཡ་ཨིནམ་དང་ དངུལ་ཁང་ལས་སྡེ་འདི་ ཆུང་ཀུ་ཅིག་ཨིན་རུང་ ཡོངས་འབྲེལ་དངུལ་ཁང་ལས་དོན་ལ་སོགས་པ་ལས་བརྟེན་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ཨིན། [༣]
དཀའ་ངལ་དང་གདོང་ལེན།
མཱལ་དིབས་ལུ་ མཛེས་སྡུག་དང་ ལྟ་བཤལ་གྱི་མཐོང་སྣང་ལ་སོགས་པ་ལེགས་ཤོམ་ཡོད་རུང་ ཡུན་བརྟན་དང་བདེ་སྐྱིད་ལུ་ ཉེན་ཁ་ཡོད་པའི་ གདོང་ལེན་ལེ་ཤ་ཅིག་ར་ཐོན་ཏེ་ཡོདཔ་ཨིན། དེ་ཡང་ རང་བཞིན་གནས་སྟངས་བསྒྱུར་བཅོས་དང་ འདི་ལས་བརྟེན་ མཚོའི་མཐོ་ཚད་ཡར་འཕར་འགྱོ་ནི། རྒྱལ་ཁབ་ཀྱི་དཔལ་འབྱོར་ ལྟ་བཤལ་ལུ་ཤུགས་སྦེ་བརྟེན་ནི། རང་བཞིན་གནས་སྟངས་མེདཔ་འགྱོ་ནི་ལ་སོགས་པའི་དཀའ་ངལ་དང་གདོང་ལེན་ཚུ་ཐོན་ཏེ་ཡོདཔ་ཨིན་ནོ།
རྒྱབ་རྟེན་དཔེ་ཆ།
- ↑ Mohamed, H. (2015). The republic at war: A political history of the Maldives. Oxford University Press.
- ↑ Romero-Fras, X. (1999). The Maldive Islanders: A study of the popular culture of an ancient ocean kingdom. Nova Ethnographia Indica.
- ↑ Phadnis, U., & Ganguly, R. (2016). Indias neighborhood: Challenges and prospects. Oxford University Press.