རོ་མ་ནི་ཡ།


༉ དབུས་ཕྱོགས་དང་ཤར་ཕྱོགས་ཡུ་རོབ་ཀྱི་ས་མཚམས་ལུ་ཆགས་ཏེ་ཡོད་པའི་ རོ་མ་ནི་ཡ་རྒྱལ་ཁབ་འདི་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ རང་བཞིན་གྱི་མཛེས་སྡུག་ཚུ་ཕྱུགཔོ་སྦེ་ཡོདཔ་ཨིན། འདི་གི་ས་ཆའི་གནས་སྟངས་མ་འདྲཝ་དང་ ལམ་སྲོལ་ཚུ་གིས་ རྒྱལ་ཡོངས་ངོ་རྟགས་བཟོ་ཡོདཔ་མ་ཚད་ ཐབས་བྱུས་ཀྱི་གནས་རིམ་འདི་གིས་ ཁྱིམ་ཚང་རྒྱལ་ཁབ་དང་ལམ་སྲོལ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ལུ་ དཔེ་སྟོན་བཏུབ་པའི་རྒྱལ་ཁབ་ཅིག་ཨིན་མས། [༡]
བཱལ་ཀན་གླིང་ཕྲན་ནང་ཆགས་ཏེ་ཡོད་པའི་ རོ་མ་ནི་ཡ་གི་ས་ཆ་ ཀི་ལོ་མི་ཊར་གྲུ་བཞི་མ་ ༢༣༨༣༩༧ དེ་ཅིག་ཡོདཔ་ལས་ ཡུ་རོབ་ཀྱི་རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན་པས། བྱང་ཕྱོགས་ལུ་ ཡུ་ཀེ་རེན་དང་ ཤར་ཕྱོགས་ལུ་ མོལ་ཌོ་ཝ་ ཤར་ལྷོ་ཕྱོགས་ལུ་ མཚོ་ནག་ ལྷོ་ཕྱོགས་ལུ་ བཱུལ་གཱ་རི་ཡ་ ལྷོ་ནུབ་ཕྱོགས་ལུ་ སེར་བྷི་ཡ་ ནུབ་ཕྱོགས་ལུ་ ཧང་གྷ་རི་ཚུ་དང་ ས་མཚམས་ཡོདཔ་ཨིན། དེ་ལས་ ཀཱར་པ་ཐི་ཡན་ (Carpathian) གངས་རི་གིས་ རྒྱལ་ཁབ་འདི་ ཧ་ལམ་ཅིག་ ལུང་ཕྱོགས་གསུམ་ལུ་དབྱེ་བ་ཕྱེ་སྟེ་ཡོདཔ་དང་ དེ་ཡང་ ཏྲངསེ་ལེ་ཝ་ནི་(Transylvania) དང་ མོལ་ཌོ་ཝན་ རི་ཐང (Moldavian Plateau) དེ་ལས་ ཝ་ལ་ཤི་ར་ Wallachia ཚུ་ཨིན་མས། ཡུ་རོབ་ཀྱི་གཙང་ཆུ་རིང་ཤོས་གཉིས་པ་ཨིན་མི་ ཌེ་ནུབ་ གཙང་ཆུ་འདི་ རོ་མ་ནི་ཡ་ལས་བརྒྱུད་དེ་ ལྷོ་ཕྱོགས་ས་མཚམས་ཀྱི་ཆ་ཤས་ཅིག་སྦེ་འགྱོ་སྟེ་ མཚོ་ནགཔོ་ནང་ལུ་མ་ལྷོད་པའི་ཧེ་མ་ སྐྱེ་ལྡན་རིགས་སྣ་གི་དོན་ལུ་ ཡུ་ནིསེ་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ཅིག་ཨིན། རོ་མ་ནི་ཡ་གི་ས་ཆའི་གནས་སྟངས་མ་འདྲཝ་ཚུ་ནང་ གངས་རི་དང་རི་ཐང་ དེ་ལས་ ལུང་གཤོང་ཚུ་ཚུདཔ་མ་ཚད་ ས་ཆའི་ཆགས་ཚུལ་གྱི་སྣ་མང་འདི་གིས་ སྔོ་ཤིང་དང་སྲོག་ཆགས་མ་འདྲཝ་ཚུ་ ཕྱུགཔོ་སྦེ་བཟོ་སྟེ་ རོ་མ་ནི་ཡ་འདི་ ཡུ་རོབ་ཀྱི་སྐྱེ་ལྡན་རིགས་སྣ་གི་ས་གོ་གལ་ཅན་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།[༡]
དེ་བཟུམ་སྦེ་ རོ་མ་ནི་ཡ་ལུ་ མི་རློབས་ས་ཡ་ ༡༩ དེ་ཅིག་ཡོདཔ་ལས་ ཡུ་རོ་པེན་མཉམ་འབྲེལ་གྱི་མི་རློབས་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཨིན་པས། རྒྱལ་ས་ལྟེ་བ་ བུ་ཅཱརསཊ་འདི་ ཁྲོམ་སྡེ་ལྟེ་བ་སྦོམ་ཤོས་ཅིག་ཨིནམ་དང་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན་མས། མི་རློབས་འདི་ མང་ཤོས་ཅིག་ར་ རོ་མ་ནི་ཡཱན་ (བརྒྱ་ཆ་ ༨༨) དེ་ཅིག་ཨིནམ་ད་ བརྒྱ་ཆ་ ༨ དེ་ཅིག་གིས་ ཧང་གྷ་རི་ཡཱན་དང་ རོ་མཱ་ དེ་ལས་ ཡུ་ཀེ་རེན་ནིཡན་དང་ ཇཱར་མན་ཚུ་རྩིས་ཏེ་ མི་རིགས་མ་འདྲཝ་ཚུ་ཡོདཔ་ཨིན་མས།[༢]
རོ་མཱ་ནིཡཱན་ཆོས་ལུགས་འདི་ ངོ་མ་ར་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཚུ་ཨིནམ་དང་ ཤར་ཕྱོགས་ཀྱི་ཆོས་ལུགས་འདི་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན། དེ་མ་ཚད་ རོ་མཱན་ཀེ་ཐོ་ལི་ཟམ་དང་ པྲོ་ཊེས་ཊཱན་ཊི་ཟམ་བརྩིས་ཏེ་ གཞན་མི་དད་པ་གི་མི་རློབས་ཡང་ ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན་མས། མི་འབོར་ཞིབ་རྩིས་ཀྱི་ཐད་ཁར་ རོ་མ་ནི་ཡ་ལུ་ མི་རློབས་རྒས་ཤོས་དང་ གནས་སྤོ་འགྱོ་མི་ལུ་བརྟེན་ གདོང་ལེན་བྱུང་སྟེ་ཡོདཔ་ལས་ སྐྱེས་ཚད་མར་ཕབ་འགྱོ་དོ་ཡོདཔ་ཨིན་པས། དཔལ་འབྱོར་གྱི་གོ་སྐབས་ལེགས་ཤོམ་གྱི་དོན་ལུ་ ལཱ་འབད་ནི་གི་ལོ་ཚད་ཡོད་མི་ རོ་མ་ནི་ཡ་གི་མི་ཚུ་ ནུབ་ཕྱོགས་ཡུ་རོཔ་ལུ་ གནས་སྤོ་འགྱོ་མི་འདི་གིས་ཡང་ རྒྱལ་ཁབ་ཀྱི་ལཱ་འབད་མི་དང་དཔལ་འབྱོར་ལུ་ གནོད་སྐྱོན་སྦོམ་སྦེ་ར་བྱུང་སྟེ་ཡོད་པའི་ལོ་རྒྱུས་ཚུ་ཡང་འདུག།[༣]
སྟེ་ ལམ་སྲོལ་གྱི་ལོ་རྒྱུས་ཚུ་ཞུ་བ་ཅིན་ རོ་མ་ནི་ཡ་ལུ་ ལི་ཊིན་དང་ ཨེསི་ལ་ཝིག་ (Slavic) དེ་ལས་ གེརིཀ་དང་ ཨོ་ཊོ་མཱན་ དེ་ལས་ ཧང་གྷ་རི་ཡན་གི་ལམ་སྲོལ་ཚུ་སླ་བསྲེ་རྐྱབ་སྟེ་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་སྦེ་ཡོདཔ་ཨིན་མས། དེ་མ་ཚད་ ལམ་སྲོལ་གྱི་མཛེས་རྒྱན་འདི་ སྒྱུ་རྩལ་དང་ སྙན་ཆ་ མི་སྡེའི་གཏམ་རྒྱུད་ དེ་ལས་ རྩོམ་རིག་ཚུ་ནང་ མངོན་གསལ་ཅན་སྦེ་ མཐོངམ་ཨིན་མས། རང་ལུགས་རོ་མ་ནི་ཡ་གི་སྙན་ཆ་འདི་ པཱན་ཕུཊ་དང་ ཝིའོ་ལིན་བཟུམ་གྱི་ རོལ་དབྱངས་ཚུ་ལག་ལེན་འཐབ་སྟེ་ གྲོང་གསེབ་ཀྱི་མི་ཚེ་དང་ བྱུང་རབས་ཀྱི་ལམ་སྲོལ་ཚུ་ མཐོང་སྣང་བྱིནམ་ཨིན་མས། དཔྱེ་འབད་ཅིན་ ཧུ་རཱ (Hora) མི་སྡེའི་ཞབས་ཁྲ་ཚུ་གིས་ རོ་མ་ནི་ཡན་གྱི་མི་སྡེ་གི་མི་སྡེའི་སེམས་ཤུགས་འདི་ གསལ་སྟོན་འབདཝ་ཨིན།[༣]
རོ་མ་ནི་ཡ་གི་ལམ་སྲོལ་ནང་ལུ་ རྩོམ་རིག་གིས་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་དང་ འདི་ཡང་ རོ་མཱ་ནི་ཡ་གི་རྒྱལ་ཡོངས་ སྙན་ངག་པ་སྦེ་བརྩི་མི་ མི་ཧའི་ ཨི་མི་ནེས་ཀུ་ (Mihai Eminescu) དང་ ཨི་ཡཱོན་ལུ་ཀ་ ཀ་ར་ཇ་ལས་ (Ion Luca Caragiale) དང་ ཨུ་ཇན་ ཡུ་ནེས་ཀུ་ (Eugen Ionescu) བཟུམ་གྱི་ འཁྲབ་སྟོན་རྩོམ་པ་པོ་ ཡོངས་གྲགས་ཅན་དང་མིང་གཏམ་ཅན་ཚུ་ཨིན་མས། རྒྱལ་ཁབ་ཀྱི་ལམ་སྲོལ་ཚུ་ དུས་སྟོན་ལེ་ཤ་ཅིག་ནང་ བརྩི་སྲུང་འབད་དོ་ཡོདཔ་དང་ དེ་ཡང་ ཡོངས་གྲགས་ཅན་གྱི་ ཞབས་ཁྲ་བརྩམ་མི་ལུ་ གུས་བཏུད་འབད་དེ་ འཛམ་གླིང་ནང་ལས་ སྙན་ཆ་བཏང་མི་ཚུ་དང་ གཅིག་ཁར་འཛོམས་མི་ ཇོརཇ་ཨི་ནེསི་ཀུ་དུས་སྟོན་བཟུམ་གྱི་ དུས་སྟོན་ཚུ་ཨིན་པས།
དེ་དང་གཅིག་ཁར་ རོ་མ་ནི་ཡཱན་གྱི་ཟ་འཐུང་གིས་ རྒྱལ་ཁབ་ཀྱི་སོ་ནམ་གྱི་རྩ་བ་དང་ ཤན་ཞུགས་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིནམ་དང་ དེ་ནང་ mămăligă (གེ་ཟའི་ཆུམ་) དང་ སཱར་མ་ལེ་ (ཀེ་བ་གི་བཞེས་སྒོ་) དེ་ལས་ ཀོ་ཛོན་ནཱག་ (བག་ལེབ་མངརམ) བཟུམ་གྱི་ སེམས་ཁར་འབབ་པའི་ཟ་འཐུང་ཚུ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ ཆང་ཐོན་སྐྱེད་ཀྱི་དོན་ལུ་ཡང་ ཡོངས་གྲགས་ཅན་ཅིག་ཨིནམ་ལས་ ཊཱན་སིལ་ཝེ་ནིཡ་དང་ ཌི་ལུ་མཱ་རེ་བཟུམ་གྱི་ ལུང་ཕྱོགས་ཚུ་ནང་ སྤུས་ཚད་ཅན་གྱི་ཆང་ཞིང་ཚུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས། དེ་མ་ཚད་ སྤྱི་ལོ་ ༡༩༨༩ ལུ་ དམངས་གཙོའི་རིང་ལུགས་མར་ཕབ་འགྱོ་བའི་ཤུལ་ལས་ རོ་མ་ནི་ཡ་གིས་ དཔལ་འབྱོར་ལྟེ་བ་ལས་ འཆར་གཞི་བརྩམ་སྟེ་ཡོད་མི་དཔལ་འབྱོར་ལུ་ འགྱུར་བཅོས་འགྱོ་མི་ཅིག་ཨིན།[༣]
དེ་མ་ཚད་ ཞབས་ཏོག་ལས་སྡེ་གིས་ དཔལ་འབྱོར་ནང་ དབང་ཤུགས་ཆེཝ་སྦེ་ཡོདཔ་ལས་ རྒྱལ་ཡོངས་ནང་འདྲེན་གྱི་ རྩིས་ཁྲ་གལ་ཅན་ཅིག་ཨིནམ་དང་ དེ་ཡང་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འཕྲིན་ དེ་ལས་ དངུལ་འབྲེལ་ཚུ་ དམིགས་བསལ་གྱིས་ ཡོངས་གྲགས་ཅན་ཨིན་པས། སོ་ནམ་གྱི་ལཱ་འདི་ དེང་སང་གི་དུས་དང་བསྟུན་ཏེ་ དོ་འགྲན་གྱི་གནོན་ཤུགས་ལུ་གདོང་ལེན་འབད་དེ་ཡོད་རུང་ མི་རློབས་བརྒྱ་ཆ་ལས་བཅད་དེ་ ལཱ་གཡོག་བྱིན་དོ་ཡོདཔ་ཨིན་མས། དེ་བཟུམ་གྱི་གོང་འཕེལ་ཡོད་རུང་ རོ་མ་ནི་ཡ་གིས་ ལུང་ཕྱོགས་ཁྱད་པར་དང་ དབུལ་ཕོངས་ དེ་ལས་ ངན་ལྷད་ཚུ་བརྩིས་ཏེ་ མི་སྡེ་དཔལ་འབྱོར་གྱི་གདོང་ལེན་ལེ་ཤ་ཅིག་ར་ འབྱུང་དོ་ཡོདཔ་ཨིན་མས། དེ་ལས་ གྲོང་གསེབ་ས་ཁོངས་ཚུ་ གོང་འཕེལ་གྱི་ཐད་ཁར་ ཁྲོམ་ཚོགས་ལྟེ་བ་ལས་ རྒྱབ་ཁར་ལུས་དོ་ཡོདཔ་ལས་ འོང་འབབ་འདྲ་མཉམ་མེད་པ་ཡོདཔ་ཨིན་མས། དེ་འབདཝ་ད་ རོ་མ་ནི་ཡ་གིས་ བཟོད་བསྲན་སྦོམ་སྦེ་ར་སྟོན་ཡོདཔ་མ་ཚད་ དཔལ་འབྱོར་གོང་འཕེལ་ཡང་ བརྟན་ཏོག་ཏོ་སྦེ་བཞག་སྟེ་ ཕྱི་རྒྱལ་གྱི་མ་རྩ་བཙུགས་ཏེ་ གཞི་རྟེན་མཐུན་རྐྱེན་དང་ ཤེས་རིག་ཚུ་ ཡར་དྲག་གཏང་ནི་ལུ་ འབད་བརྩོན་བསྐྱེད་དེ་ཡོདཔ་ཨིན་པས།[༤]
རྒྱབ་ཁུངས།
- ↑ ༡.༠ ༡.༡ ༡) གུརཱ་བར་ ཇི་ (༢༠༡༩) དུས་རབས་ ༢༠ པའི་ལོ་ངོ་བཅུ་ཕྲག་འགོ་ཐོག་གི་ བྱུང་རབས་ཡིག་ཆ་ཚུ་བརྒྱུད་དེ་ རོ་མཱ་ནི་ཡན་གྱི་ངོ་རྟགས། ཤེས་རིག་ལྷན་ཁག་།
- ↑ ༢) ཇོརཇ་སི་ཀུ་ཝི་ དང་ ཀ་ལི་ནེ་སི་ཀུ་ཨེམ་ (༡༩༩༡) རོ་མཱ་ནིཡན་བྱུང་རབས། ཨོ་ཧཱོའི་མངའ་སྡེ་གཙུག་ལག་སློབ་སྡེ་གི་གནས་ཚུལ་ལས་ཁང་།
- ↑ ༣.༠ ༣.༡ ༣.༢ ༣) ཨོའིར་ག་ ཨེན་ དང་ པྲོ་ཌན་ ཌི་ (༢༠༡༩) རོ་མ་ནི་ཡ་གི་བྱུང་རབས་ ས་ཆ་དང་མི་ དེ་ལས་ ཡར་ཐོན་གནས་སྟངས། རྒྱལ་རབས་དཔེ་དེབ།
- ↑ ༤) ཀུ་ལིག་ ཨའི་ (༢༠༠༥) དམངས་གཙོའི་རིང་ལུགས་མར་ཕབ་འགྱོ་བའི་ཤུལ་ལས་ རོ་མ་ནི་ཡ་གི་བྱུང་རབས་ཚུ་ ལོག་སྟེ་བྲིས་ཏེ་ཡོད་མི་། བྱུང་རབས་ཕྱོགས་སྟོན་འཕྲུལ་ཆས།