སིངྒ་པུར།


སིང་གྷ་པུར་འདི་ ཤར་ལྷོ་ཨེ་ཤི་ཡའི་ མ་ལེ་ ཕྱེད་གླིང་ཕྲན་གྱི་ལྷོ་ཕྱོགས་མཐའ་མར་ ཆགས་ཡོད་པའི་ རང་དབང་ཅན་གྱི་ཁྲོམ་ཚོགས་དང་ མཚོ་གླིང་ རྒྱལ་ཁབ་ཅིག་ཨིན། སིངྒ་པོར་འདི་ ས་ཆའི་ཆགས་ཚུལ་ཆུང་ཀུ་ཡོད་རུང་ དཔལ་འབྱོར་སྟོབས་ཤུགས་ཅན་དང་ ཐབས་བྱུས་ཅན་གྱི་ས་གནས་ དེ་ལས་ ལམ་སྲོལ་ཕྱུགཔོ་ཡོད་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ འཛམ་གླིང་དངུལ་འབྲེལ་ལྟེ་བ་ཅིག་སྦེ་ ཐོན་ཡོདཔ་ཨིན་མས།
ས་ཁམས་དང་གནམ་གཤིས།
སིང་གྷ་པུར་ལུ་ མཚོ་གླིང་གཙོ་བོ་གཅིག་དང་ མཚོ་གླིང་ཆུང་ཀུ་༦༣ ཡོདཔ་ད་ སྤྱིའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་མ་༧༣༥.༧ ཡོདཔ་ཨིན་པས། འཛམ་གླིང་ལྷོ་བྱང་གི་སྦུག་མཚམས་ལས་ བྱང་ཁ་ཐུག་ལུ་ ལོ་གཅིག་གི་རིང་ལུ་ དྲོད་ཤུགས་དང་གནོན་ཤུགས་ དེ་ལས་ རློན་གཤེར་མཐོ་དྲགས་དང་ ཆརཔ་མང་སུ་སྦེ་རྐྱབ་མི་ ཚ་དྲོད་ཀྱི་ནགས་ཚལ་གྱི་གནམ་གཤིས་ཚུ་ ཡོདཔ་ཨིན་མས། དྲོད་ཚད་འདི་ སྤྱིར་བཏང་ལུ་ དྲོད་ཚད་༢༣ ལས་༣༡ ཚུན་ ཡོདཔ་ད་ སྤྱི་ཟླ་༡༡ པ་ལས་ སྤྱི་ཟླ་༢ པ་ཚུན་ ཆརཔ་ཤུགས་སྦེ་རྐྱབ་དོ་ཡོདཔ་ཨིན་མས།
ལོ་རྒྱུས་དང་མི་རིགས།
སིང་གྷ་པུར་འདི་ དུས་རབས་༡༤པའི་ནང་ རྒྱལ་ཁབ་མ་འདྲཝ་ཚུ་གི་ཤན་ཞུགས་འོག་ལུ་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ ཚོང་འབྲེལ་གྱི་གྲུ་ཁ་ ཊེ་མ་སེག་ (Temasek) ཟེར་་སླབ་སྲོལ་ཡོདཔ་ཨིན་མས། སྤྱི་ལོ་༡༨༡༩ ལུ་ སར་ཨིསི་ཊམ་ཕོརཌ་རཕ་ལིས་ (Sir Stamford Raffles་)གིས་ སིངྒ་པོར་འདི་ བིརི་ཊིཤ་གི་ཚོང་འབྲེལ་གྱི་ས་སྒོ་ཅིག་སྦེ་ གཞི་བཙུགས་འབད་ནུག། ༡༨༦༧ ལུ་ བིརི་ཊིཤ་གི་དབང་འོག་ལུ་འགྱུར་ཏེ་ ཤུལ་ལས་ ༡༩༥༩ ལུ་ རང་དབང་ཐོབ་ནུག། སྤྱི་ལོ་༡༩༦༣ ལུ་ སིང་གྷ་པུར་འདི་ མཱ་ལེ་ཤི་ཡ་ལུ་འཛུལ་ཡོད་རུང་ སྤྱི་ལོ་༡༩༦༥ ལུ་ སྲིད་དོན་གྱི་ཁྱད་པར་ལུ་བརྟེན་ ཕྱིར་ འབུད་བཏང་སྟེ་ སྤྱི་ལོ་༡༩༦༥ སྤྱི་ཟླ་༨ པའི་ཚེས་༩ ལུ་ རང་དབང་ཅན་གྱི་མི་སེར་རྒྱལ་ཁབ་ཅིག་ལུ་འགྱུར་ནུག། སིང་གྷ་པུར་གྱི་མི་རློབས་འདི་ མི་རིགས་མ་འདྲཝ་སྦེ་ཡོདཔ་ལས་ མང་ཤོས་ཅིག་རང་ རྒྱ་ནག་གི་མི་རྒྱུད་དང་ དེ་གི་ཤུལ་ལས་ མཱ་ལེ་དང་རྒྱ་གར་ དེ་ལས་ མི་རིགས་ གཞན་ མི་ཚུ་ཡོདཔ་ཨིན་མས། མི་རིགས་ལེ་ཤ་ཡོད་པའི་ ལམ་སྲོལ་མ་འདྲཝ་ཚུ་གི་ སིང་གྷ་པུར་རྒྱལ་ཁབ་ཀྱི་ངོ་རྟགས་ཀྱི་གཞི་རྟེན་བཟུམ་ཅིག་ཨིན་མས།
མི་རློབས་དང་ཆོས་ལུགས།
སྤྱི་ལོ་༢༠༢༤ ཚུན་ སིང་གྷ་པུར་གྱི་མི་རློབས་ཧ་ལམ་ས་ཡ་༦.༠༤ ཡོད་པའི་ནང་ལས་ ཚོགས་རྒྱན་བཙུགས་ཆོག་པའི་ མི་ས་ཡ་༢.༧༦ དེ་ཅིག་ ཡོདཔ་ཨིན་པས། རྒྱལ་ཁབ་ནང་ གཞུང་སྐྱོང་དང་འབྲེལ་ ག་ར་ཚོགས་རྒྱན་བཙུགས་སྟེ་བཙག་ཐུ་འབད་དགོཔ་ཡོདཔ་ལས་ ཚོགས་རྒྱན་ བཙུགས་མི་ མཐོ་དྲགས་སྦེ་ འགྱོ་དོ་ཡོདཔ་ཨིན་པས། ཆོས་ལུགས་ཀྱི་ཐད་ལུ་ སིང་གྷ་པོར་ལུ་ ཆོས་ལུགས་མ་འདྲཝ་ཡོདཔ་ལས་ ནང་ པའི་ཆོས་ལུགས་དང་ ཡེ་ཤུའི་ཆོས་ལུགས་ ཨིསི་ལམ་དང་ ཏའོ་ཆོས་ལུགས་ དེ་ལས་ ཧིན་དུའི་ཆོས་ལུགས་ཚུ་ མང་ཤོས་ཅིག་རང་ ལག་ལེན་ འཐབ་དོ་ཡོདཔ་ཨིན། གཞུང་གིས་ ཆོས་ལུགས་མ་འདྲཝ་ཚུ་གི་བར་ན་ ཕན་ཚུན་བརྩི་མཐོང་དང་ གོ་བ་བརྡ་སྤྲོད་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་གི་དོན་ལུ་ སྲིད་བྱུས་ཚུ་གི་ཐོག་ལས་ ཆོས་ལུགས་མཐུན་སྒྲིལ་ཡར་དྲག་གཏངམ་ཨིན་མས།
སྐད་ཡིག་དང་ཤེས་རིག།
སིང་གྷ་པོར་ལུ་ གཞུང་འབྲེལ་སྐད་ཡིག་བཞི་ཡོདཔ་ད་ དེ་ཡང་ ཨིང་ལིཤ་དང་ མ་ལེ་ མན་ཌ་རིན་ དེ་ལས་ ཏ་མིལ་ཚུ་ཨིན་པས། ཨིང་སྐད་འདི་ སློབ་གྲྭ་ཚུ་ནང་ སློབ་སྟོན་གྱི་ བརྒྱུད་ལམ་གཙོ་བོ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་མ་ཚད་ གཞུང་དང་ཚོང་འབྲེལ་ཚུ་ནང་ ཁྱབ་ཆེཝ་སྦེ་ ལག་ལེན་ འཐབ་དོ་ ཡོདཔ་ཨིན་མས། ཤེས་རིག་ལམ་ལུགས་འབད་བ་ཅིན་ འཛམ་གླིང་ནང་ལུ་ བརྩི་མཐོང་སྦོམ་སྦེ་རང་ཡོདཔ་ལས་ ཚན་རིག་དང་འཕྲུལ་རིག་ བཟོ་རིག་ དེ་ལས་ ཨང་རྩིས་རིག་པའི་ཆོས་ཚན་ཚུ་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན་མས། རྒྱལ་སྤྱིའི་ཤེས་རིག་བརྟག་དཔྱད་ནང་ སིང་གྷ་པོར་འདི་ རྒྱལ་ཁབ་གཞན་ལས་ དྲ་ཤོས་འཐོན་དོ་ཡོདཔ་ཨིན་མས།
རིག་རྩལ་དང་རིག་གནས།
སིང་གྷ་པོར་གྱི་ལམ་སྲོལ་འདི་ ལམ་སྲོལ་སྣ་ཚོགས་ལས་གྲུབ་ཡོདཔ་ལས་ སྔར་སྲོལ་སྲོལ་རྒྱུན་ཚུ་ གསལ་སྟོན་འབདཝ་ཨིན་མས། ཁྲོམ་སྡེ་ མངའ་སྡེ་ གིས་ ལོ་གཅིག་གི་རིང་ལུ་ ལམ་སྲོལ་གྱི་དུས་སྟོན་དང་ སྒྱུ་རྩལ་འགྲེམས་སྟོན་ དེ་ལས་ འཁྲབ་སྟོན་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས། སིང་གྷ་པོར་གྱི་རྒྱལ་ཡོངས་འགྲེམས་སྟོན་ཁང་དང་ མཚོ་ཁའི་གློག་བརྙན་ཁང་ཚུ་གིས་ སྒྱུ་རྩལ་ཚུ་ ཡར་དྲག་བཏང་ནི་ལུ་ བཙོན་དོ་ཡོདཔ་ཨིན་མས། བཞེས་སྒོ་འདི་ཡང་ སིང་གྷ་པོར་གྱི་ལམ་སྲོལ་གྱི་ཆ་ཤས་གཙོ་བོ་ཅིག་ཨིནམ་ད་ བཞེས་སྒོ་འདི་ ས་གནས་ཀྱི་མི་དང་ ལྟ་བཤལཔ་ཚུ་གི་ནང་འཁོད་ལུ་ ཡོངས་གྲགས་ཡོདཔ་ཨིན་མས།
གྱོན་ཆས་དང་རྩེད་རིག།
ཚ་དྲོད་ཀྱི་གནམ་གཤིས་འདི་གིས་ ས་གནས་ཀྱི་གྱོན་ཆས་ཚུ་ ལྗིད་ཚད་མར་ཕབ་དང་ དབུགས་གཏོང་ལེན་འབད་ཚུགས་པའི་ རས་ཆ་ཚུ་ ཡོངས་ གྲགས་ཡོདཔ་ཨིན། ཚོང་འབྲེལ་གྱི་གྱོན་ཆས་འདི་ གནས་ཚད་དང་ལྡནམ་སྦེ་ཡོདཔ་ཨིན་རུང་ ཉིན་བསྟར་གྱི་མི་ཚེ་ནང་ལུ་ སྤྱིར་བཏང་ གི་གྱོན་ཆས་འདི་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན་མས། རྩེད་རིགས་འདི་ སིང་གྷ་པོར་ལུ་ ཁག་ཆེ་བའི་ཆ་ཤས་ཅིག་ཨིནམ་ད་ དེ་ཡང་ བཱཌ་མིན་ཊོན་དང་ ཊེབ་ལི་ཊེ་ནིསི་ དེ་ལས་ རྐང་རྩེད་ཚུ་ དམིགས་བསལ་གྱིས་ ཡོངས་གྲགས་ཅན་ཅིག་ཨིན་པས། རྒྱལ་ཁབ་འདི་གིས་ རྩེད་རིགས་ཀྱི་མཐུན་རྐྱེན་ཚུ་ནང་ མ་རྩ་སྦོམ་སྦེ་ རང་བཙུགས་ཏེ་ རྒྱལ་སྤྱིའི་ལས་རིམ་ སིངྒ་པོར་གཱརན་ཌི་པི་རིསི་ (Singapore Grand Prix) དང་ ཤར་ལྷོ་ཨེ་ཤི་ཡན་རྩེད་འགྲན་ཚུ་ འགོ་ འདྲེན་འཐབ་སྟེ་ཡོདཔ་ཨིན་མས།
ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།
སིང་གྷ་པོར་འདི་ ཨིང་ལིཤ་གི་སྤྱིར་བཏང་ཁྲིམས་ལུགས་ལུ་གཞི་བཞག་སྟེ་ ཁྲིམས་ལུགས་ལམ་ལུགས་ཡོད་པའི་ སྤྱི་ཚོགས་ཀྱི་མི་སེར་རྒྱལ་ཁབ་ཅིག་སྦེ་ ལཱ་འབད་དོ་ཡོདཔ་ཨིན་མས། མི་སེར་ལས་འགུལ་ཚོགས་པ་འདི་ རྒྱལ་ཁབ་རང་དབང་ཐོབ་པའི་ཤུལ་ལས་ སྲིད་དོན་ཚོགས་པ་འདི་ དབང་ཤུགས་ཆེ་བའི་ སྲིད་དོན་ཚོགས་པ་ཅིག་ཨིན་མས། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ བློན་ཆེན་གྱིས་ གཞུང་གི་དབུ་ཁྲིདཔ་སྦེ་ ཕྱག་ ཞུ་དོ་ཡོདཔ་ཨིན་པས། སྤྱི་ཚོགས་འདི་ ཚོགས་ཁང་གཅིག་ལས་བརྒལ་མེདཔ་ལས་ སྤྱིར་བཏང་བཙག་འཐུ་འདི་ ལོ་ལྔ་གི་བར་ན་ འགོ་འདྲེན་ འཐབ་དོ་ ཡོདཔ་ཨིན། སྤྱི་ལོ་༢༠༢༥ སྤྱི་ཟླ་༥ པའི་ཚེས་༣ ལུ་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་སྟེ་ སྤྱི་ཚོགས་ཀྱི་ གདམ་ངོ་༩༧ གི་བར་ན་ དོ་འགྲན་ འབད་ཡོདཔ་ཨིན་པས།
རྒྱལ་ས་ལྟེ་བ་དང་འཛིན་སྐྱོང་།
རྒྱལ་ས་ལྟེ་བ་འདི་ སིང་གྷ་པོར་ར་ཨིནམ་དང་ འདི་གིས་ བདག་སྐྱོང་སྡེ་ཚན་གཅིག་སྦེ་ ལཱ་འབདཝ་ཨིན་མས། རྒྱལ་ཁབ་འདི་ འདེམས་ཁོངས་༣༣ ལུ་ དབྱེ་ཁག་ཕྱེ་སྟེ་ཡོདཔ་ད་ འདེམས་ཁོངས་དེ་ནང་ འཐུས་མི་མང་པའི་ དབྱེ་ཁག་༡༧ དང་ འཐུས་མི་རྐྱང་པའི་དབྱེ་ཁག་༡༥ ཡོདཔ་ཨིན་པས། འདེམས་ ཁོངས་འདི་ཚུ་གིས་ བཙག་འཐུའི་དོན་ལུ་ གཞི་རྟེན་སྡེ་ཚན་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་མས།
ཕྱི་འབྲེལ་མཐུན་ལམ།
སིང་གྷ་པོར་གྱིས་ ཕྱི་འབྲེལ་སྲིད་བྱུས་སྒྲིང་སྒྲིང་བཞག་སྟེ་ ཕྱོགས་མང་རིང་ལུགས་དང་ རྒྱལ་སྤྱིའི་ཚོགས་པ་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན་པས། ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཚུ་གི་ཚོགས་པ་གཞི་བཙུགས་འབད་མི་འཐུས་མི་ཅིག་ཨིནམ་མ་ཚད་ འཛམ་གླིང་སྤྱི་ཚོགས་དང་ འཛམ་གླིང་ཚོང་འབྲེལ་ཚོགས་པ་ དེ་ལས་ རྒྱལ་སྤྱིའི་ཚོགས་པ་གཞན་ཚུ་ནང་ འཐུས་མི་སྦེ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ ཡུ་ཨེས་དང་རྒྱ་ནག་ དེ་ལས་ ཁྱིམ་ཚང་ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་ཚུ་རྩིས་ཏེ་ རྒྱལ་ཁབ་སྦོམ་ཚུ་དང་གཅིག་ཁར་ ཕྱི་འབྲེལ་དང་དཔལ་འབྱོར་གྱི་མཐུན་ལམ་སྒྲིང་སྒྲིང་ཡོདཔ་ཨིན་མས།
དཔལ་འབྱོར་དང་ཉོ་ཚོང་།
སིང་གྷ་པོར་ལུ་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་འགྱོ་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༥ ལུ་ རྒྱལ་ཡོངས་ནང་འོང་འབབ་འདི་ དྲོ་ལར་ཐེར་འབུམ་༥༦༤.༧ དེ་ཅིག་འོང་ཡོདཔ་ཨིན་མས། མི་རེ་ལུ་ (GDP) ཡུ་ཨེས་དྲོ་ལར་༩༣༩༥༦ ཡོདཔ་ལས་ འཛམ་གླིང་ནང་ མཐོ་ཤོས་ཅིག་ཨིན་པས། སིང་གྷ་པུར་ཌོ་ལར་ (SGD)འདི་ གཞུང་འབྲེལ་གྱི་དངུལ་ལོར་ཨིན་མས། ལས་ཁུངས་གཙོ་བོ་ཚུ་ཡང་ གློག་རིག་དང་ རྫས་སྦྱོར་ སྐྱེ་ལྡན་སྨན་རིག་ཚན་རིག་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ཚུ་ཨིན་པས། རྒྱལ་ཁབ་འདི་ འཛམ་གླིང་ཚོང་འབྲེལ་གྱི་ ལྟེ་བ་གཙོ་བོ་ཅིག་ཨིནམ་མ་ཚད་ འཛམ་གླིང་ནང་ གྲུ་ཁ་དང་ གནམ་གྲུ་ཐང་ཚུ་ བྲེལ་འཐབ་ཆེ་ཤོས་ཅིག་ཨིན་པས།
དམག་སྡེ།
སིང་གྷ་པོར་འདི་ རྒྱལ་ཁབ་ཆུང་ཀུ་འབད་རུང་ འཛམ་གླིང་ནང་ གོང་འཕེལ་ཅན་གྱི་རྒྱལ་ཁབ་ཅིག་ཨིནམ་ལས་ ཅ་ཆས་ལེགས་ཤོམ་ཡོད་པའི་ དམག་སྡེ་ཅིག་ བདག་འཛིན་འཐབ་དོ་ཡོདཔ་ཨིན་མས། སིང་གྷ་པོར་དམག་སྡེ་གིས་ དེང་སང་གི་ ཅ་ཆས་མ་འདྲཝ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ཡང་ ཨེཕ་༣༥ དམག་གྲུ་དང་ གོང་འཕེལ་ཅན་གྱི་ མཚོ་དམག་གྲུ་ཚུ་ཨིན་པས། རྒྱལ་ཁབ་ཀྱིས་ ལོ་བསྟར་བཞིན་དུ་ ཉེན་སྲུང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༡ ལྷགཔ་ཅིག་ བགོ་བཀྲམ་འབད་དོ་ཡོདཔ་ལས་ དམག་སྡེའི་ བཀག་ཆ་འབད་ནིའི་ ཁས་བླངས་ཚུ་ གསལ་སྟོན་འབདཝ་ཨིན་པས།
ལྟ་བཤལ།
ལྟ་བཤལ་འདི་ སིང་གྷ་པོར་གྱི་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་ཡོདཔ་ཨིན་མས། སྤྱི་ལོ་༢༠༢༤ ལུ་ རྒྱལ་ཁབ་ནང་ རྒྱལ་སྤྱིའི་ལྟ་བཤལ་པ་ས་ཡ་༡༦.༥ འོང་ཡོདཔ་ལས་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༢༡ ཡར་སེང་སོང་ཡོདཔ་ཨིན་པས།
མཇུག་དོན།
སིང་གྷ་པོར་རྒྱལ་ཁབ་འདི་ རྒྱ་ཕྱུན་ཆུང་ཀུ་ཅིག་ལས་མེད་རུང་ འཛམ་གླིང་ནང་ ཡར་རྒྱས་དང་གོང་འཕེལ་ཅན་ དེ་ལས་ཚོང་འབྲེལ་ནང་ ཡོང་གྲགས་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་མས། སྤྱིར་མི་སེར་ཚུ་ མི་རིགས་དང་ཆོས་ལུགས་ མ་འདྲ་འདི་འབད་རུང་ མཐུན་ལམ་ ཅིག་མཐུན་ གྱི་ཐོག་ལས་ རྒྱལ་ཁབ་སྐྱོང་དོ་ཡོདཔ་ཨིན་མས།
རྒྱབ་རྟེན་ཐོ།
https://en.wikipedia.org/wiki/Singapore
https://www.reuters.com/world/asia-pacific/singapores-may-3-general-election-numbers-2025-04-30/
https://www.wsj.com/video/series/wsj-explains/how-a-tiny-island-became-one-of-the-most-militarized-countries-in-the-world/B1853849-3144-4A43-A23E-18E913B22811