Jump to content

Talk:'''པོར་ཅུ་གལ་'''

Page contents not supported in other languages.
Add topic
Wikipedia ལས།

པོར་ཅུ་གཱལ་རྒྱལ་ཁབ་འདི་ ཡུ་རོ་པིན་གླིང་ཆེན་གྱི་ལྷོ་ཕྱོགས་དང་ ཨཱའེ་བྷེ་རི་ཡཱན་ཕྱོགས་གསུམ་ཆུ་གླིང་ལུ་ཆགས་ཏེ་ཡོད། རྒྱལ་ཁབ་ཀྱི་དཔལ་འབྱོར་ སླ་ བསྲེ་སྦེ་ཡོདཔ་ཨིན། འདི་ཡང་ ལྟ་བཤལ་དང་སོ་ནམ་ བཟོ་སྐྲན་ཚུ་ནང་ཨིན། འཚོལ་ཞིབ་ཀྱི་དུས་སྐབས་ལུ་ པོར་ཅུ་གཱལ་འདི་ དབང་ཚད་སྦོམ་ཤོས་ཅིག་ ཨིན་མི་ བྱུང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཨིན། ལམ་སྲོལ་ཡང་ སྙན་ཆ་དང་སྒྱུ་རྩལ་ སྔར་སྲོལ་དུས་སྟོན་ཚུ་ནང་ མཐོང་ཆེ་ཤོས་ཅིག་སྦེ་ར་ཡོད། སྲིད་ དོན་ལྟར་དུ་ པོར་ཅུ་གཱལ་འདི་ མི་སེར་དམངས་གཙོའི་རིང་ལུགས་ཨིནམ་དང་ འདི་ནང་ སྲིད་བློན་དང་ཚོགས་ཁང་ཡོདཔ་ཨིན། མི་རིགས་མང་ཤོས་ཅིག་ར་ པོར་ཅུ་གཱིས་ཚུ་ཨིནམ་དང་ ནང་འགྲུལ་འབད་མི་ མི་སྡེ་ཚུ་ཡང་ཡོད།

ས་ཆའི་གནས་སྟངས་དང་ སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ། པོར་ཅུ་གཱལ་རྒྱལ་ཁབ་འདི་ ཡུ་རོ་གླིང་ཆེན་གྱི་ལྷོ་ཕྱོགས་ ཨཱའེ་བྷེ་རི་ཡཱན་ཕྱོགས་གསུམ་ཆུ་གླིང་ལུ་ཆགས་ཡོདཔ་དང་ འདིའི་ཤར་ཕྱོགས་ལུ་ ཨིས་པེན་དང་ ནུབ་ཕྱོགས་ལུ་ ཨེཏ་ལཱན་ཊིཀ་མཐའ་ཡས་རྒྱ་མཚོ་ཡོད། རྒྱལ་ཁབ་ཀྱི་སྦོམ་ཚད་ཡང་ ཀི་ལོ་མི་ཊར་གྲུ་བཞིམ་ ༩༢,༠༩༠ ཡོད། རྒྱལ་ཁབ་ཀྱི་ས་ ཁོངས་ས་གཞི་ངོ་མ་གཅིག་དང་ རང་དབང་ལུང་ཕྱོགས་གཉིས་ཡོད། འདི་ཡང་ ཨཱ་ཟོརསི་དང་ མཱ་དྲཱའེ་ར་མཚོ་གླིང་གཉིས་ཆ་ར་ ཨེཏ་ལཱན་ཊིག་མཐའ་ཡས་ རྒྱ་མཚོ་ནང་ལུ་ཡོད། བདག་སྐྱོང་གི་དོན་ལུ་ པོར་ཅུ་གཱལ་ ས་ཁོངས་གཙོ་བོ་ནང་ རྫོང་ཁག་ ༡༨ དང་ རང་དབང་གི་ལུང་ཕྱོགས་གཉིས་ཡོད། རྫོང་ཁག་འདི་ ད་རུང་ཡང་ ཁྲོམ་ཚོགས་དང་ཆོས་སྡེ་ས་ཁོངས་སྦེ་བགོ་སྟེ་ ས་གནས་གཞུང་སྐྱོང་གིས་ བདག་སྐྱོང་དང་ཞབས་ཏོག་ བྱིན་ཚུགསཔ་ཨིན།

བྱུང་རབས། སྤྱི་ལོ་ ༡༡༣༩ ལས་འགོ་བཙུགས་ཏེ་ར་ རྒྱལཔོ་ཨཱ་ཕུན་སོ་གིས་ པོར་ཅུ་གཱལ་གྱི་བྱུང་རབས་འདི་ ཡ་མཚན་ཆེ་ཏོག་ཏོ་སྦེ་བཟོ་ཡོད། ཁོ་གིས་ རྒྱལ་ཁབ་ ལི་ཨཱོན་ནང་ལས་ རང་དབང་ཐོབ་པའི་ངོས་འཛིན་བྱུང་ནུག། འཚོལ་ཞིབ་ཀྱི་དུས་སྐབས་ (དུས་རབས་ ༡༥ པ་དང་ ༡༦ པ)ལུ་ པོར་ཅུ་གཱལ་འདི་ ཡུ་རོ་པིན་ རྒྱལ་ཁབ་ཀྱི་གྲས་ལས་ དབང་ཚད་ཆེ་ཤོས་ཅིག་སྦེ་གནས་ཏེ་སྡོད་ནུག། འདི་བསྒང་ འཚོལ་ཞིབ་པ་ ཝསི་ཀོ་ད་གྷ་མ་གིས་ རྒྱ་གར་དང་ ཨཕ་རི་ཀ་ བྲ་ཛིལ་ཚུ་གི་མཚོའི་ལམ་འཚོལ་ཐོབ་ནུག། དུས་རབས་ ༡༧ པ་དང་ ༡༨ པའི་ནང་ལུ་ པོར་ཅུ་གཱལ་རྒྱལ་ཁམས་ཀྱི་དབང་ཚད་འདི་ དམག་འཐབ་དང་ དཔལ་འབྱོར་གདོང་ལེན་ དེ་ལས་ དབང་འོག་གི་སྡོད་གཞི་ཚུ་ཉམས་པའི་རྐྱེན་གྱིས་ མར་ཉམས་འགྱོ་ནི་འགོ་བཙུགས་ནུག། སྤྱི་ལོ་ ༡༩༡༠ ལུ་ གཞུང་རྒོལ་འབད་བའི་ཤུལ་ལུ་ རྒྱལ་རྒྱུད་རིང་ལུགས་འདི་ མཇུག་བསྡུ་སྦེ་ མི་དམངས་དབང་ཚད་འདི་ གཞི་བཙུགས་འབད་ནུག། སྒྲིང་སྒྲི་མེད་པའི་དུས་སྐབས་ནང་ དམག་སྡེའི་དབང་བཙན་གྱི་འོག་ལུ་ སྡོད་དགོཔ་ཐོན་ནུག། དེ་ལས་ སྤྱི་ལོ་ ༡༩༧༤ ལུ་ ཀཱར་ནེ་ཤཱན་གཞུང་རྒོལ་གྱིས་ དམག་དབང་འདི་ ཐལ་བར་བརླག་བཏང་སྦེ་ དམངས་གཙོའི་རིང་ལུགས་འདི་ ལོག་བཙུགས་ད་ནུག། སྤྱི་ལོ་ ༡༩༨༦ ལུ་ པོར་ཅུ་གཱལ་གྱིས་ ཡུ་རོ་པིན་ཚོགས་སྡེ་ནང་ལུ་ འཛུལ་ཞུགས་འབད་བའི་ཤུལ་ལུ་ དེང་ལུགས་ཀྱི་ཡར་རྒྱས་དང་ དཔལ་འབྱོར་གཞི་རྟེན་མཐུན་རྐྱེན་ཚུ་བྱུང་ནུག། ད་རེས་ རྒྱལ་ཁབ་ནང་ལུ་ ལམ་སྲོལ་གྱི་ཁྱུན་ཚུ་དང་ མཛེས་པའི་ས་ཆ་གིས་སྦེ་ ལྟ་བཤལ་ལས་སྡེ་ཚུ་ལུ་ ཤུགས་བཏོན་པའི་བསྒང་ར་ཡོད།

མི་རློབས་དང་མི་རིགས། པོར་ཅུ་གཱལ་རྒྱལ་ཁབ་ནང་ལུ་ ཡུདཔ་ཅིག་ མི་རློབས་ཀྱི་གྱངས་ཁ་ ས་ཡ་ ༡༠.༣ དེེ་ཅིག་ཡོད། རྒྱལ་ཁབ་ནང་གི་ མི་རིགས་ཚུ་ཡང བརྒྱ་ཆ་ ༩༥ དེ་ཅིག་ རྒྱལ་ཁབ་ནང་གི་མི་རྒྱུད་ཚུ་ར་ཨིན་རུང་ གཞན་ མི་སྡེ་ཆུང་བའི་རིགས་ བྲ་ཛིལ་གྱི་མི་རིགས་དང་ ཀེབ་ཝར་དྲི་ཡནསི་ ཨཱེན་གོ་ལཱནསི་དང་ ཡུ་རོབ་རྒྱལ་ཁབ་གཞན་གྱི་མི་རིགས་ཚུ་ཡང་ཡོད། པོར་ཅུ་གིས་འདི་ གཞུང་འབྲེལ་གྱི་ཁ་སྐད་ཨིན། མི་རློབས་མང་ཆེ་བ་ཅིག་གིས་ར་ རཱོ་མཱན་ཡེ་ཤུ་པའི་ཆོས་ལུགས་ལུ་ དད་པ་ཡིད་ཆེས་བསྐྱེདཔ་མ་ཚད་ ཆོས་ལུགས་གཞན་མ་འདྲཝ་ཚུ་ཡང་ དར་ཁྱབ་འགྱོ་བའི་བསྒང་ར་ཡོད། ཁྲོམ་ཚོགས་ ལིས་བྷོན་དང་ པོར་ཏོ་ནང་ལུ་ མི་རློབས་སྟུག་དྲགས་སྦེ་ར་ཡོདཔ་དང་ མཐའ་ཟུར་གཡུས་ཚན་ནང་ལས་ཕར་འབད་བ་ཅིན་ མི་རློབས་ཚུ་ མར་ཉམས་འགྱོ་སྟེ་ར་ཡོད།

གཞུང་ལུགས་དང་སྲིད་དོན། པོར་ཅུ་གཱལ་འདི་ རྒྱལ་ཁབ་ཀྱི་འཆར་གཞི་གོང་འཕེལ་ གྲོས་བསྡུར་འབད་སའི་ ཚོགས་ཁང་ཅན་གྱི་མི་སེར་དམངས་གཙོའི་རིང་ལུགས་ཅིག་ཨིན། རྒྱལ་ཁབ་ ནང་ལུ་ བཙག་འཐུ་ལས་བསྒྲུབས་པའི་སྲིད་བློན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིན། སྲིད་བློན་འདི་ ལོ་ངོ་ལྔ་གི་རིང་ལུ་ རྒྱལ་ཁབ་སྐྱོང་བཞག་འབད་བའི་ སྐབས་ ཕྱི་འབྲེལ་དང་དམག་སྡེ་ དེ་ལས་ ཚོགས་ཁང་ཚུ་ ཧྲམ་གཏང་ནི་གི་དབང་ཚད་ཡང་ཡོདཔ་ཨིན། ཨིན་རུང་ སྲིད་བློན་གྱི་ཕྱག་འགན་འདི་ བསྟོད་པར་འོས་མི་ཅིག་ཨིནམ་དང་ བཀོད་ཁྱབ་ཀྱི་དབང་ཚད་འདི་ སྲིད་བློན་གྱིས་བཀོ་བཞག་གནང་མི་ བློན་ཆེན་ལུ་ཡོདཔ་ཨིན། བློན་ཆེན་འདི་ བློན་པོ་ལྷན་རྒྱས་ཀྱི་དབུ་ཁྲིད་མཛདཔ་ཨིན། པོར་ཅུ་གཱལ་ལུ་ ལོ་ངོ་ བཞི་གི་རྒྱབ་ལས་ བཙག་འཐུ་བསྒྲུབས་པའི་ཤུལ་ འཐུས་མི་ ༢༣༠ ཚོགས་ཁང་ནང་ལུ་ ཁྲིམས་བཟོ་ནི་དང་ རྒྱལ་ཁབ་ནང་ལུ་ འཆར་གཞི་མ་དངུལ་གྱི་འགན་ཁྲི་བསྣམ་དགོཔ་དང་ གཞུང་སྐྱོང་ག་དེ་སྦེ་མཛད་དོ་ག་ཚུ་ བལྟ་བརྟོག་འབད་དགོཔ་ཨིན། པོར་ཅུ་གཱལ་ལུ་ སྲིད་ཚོགས་སྣ་མང་ ལམ་ལུགས་ཅིག་ཨིན། སྲིད་དོན་ཚོགས་པ་ཡང་ མི་སྡེ་ཅན་གྱི་ཚོགས་པ་ མི་སྡེའི་དམངས་གཙོའི་ཚོགས་པ་དང་ དམངས་སྙོམས་རིང་ལུགས་ཚོགས་པ་ཚུ་གིས་ ཁག་ཆེ་ཤོས་ཅིག་སྦེ་གནས་ཏེ་ཡོད། རྒྱལ་ཁབ་ཀྱི་དམངས་གཙོའི་རིང་ལུགས་འདི་ སྒྲིང་སྒྲི་སྦེ་ཡོདཔ་མ་ཚད་ ལྟ་བ་ངོ་མ་ར་ དབང་ཚད་འདྲན་འདྲ་སྦེ་ བགོ་བཤའ་རྐྱབ་སྤྲོད་ནི་འདི་ཨིན།

ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་གནས་ ཆོས་ལུགས་དང་ ཐུན་མིན་ཁྱད་ཆོས། རྒྱལ་ཁབ་ཀྱི་གཞུང་འབྲེལ་ཁ་སྐད་འདི་ ཡུདཔ་ཅིག་ མི་རློབས་ག་ར་གིས་སླབ་མི་ པོར་ཅུ་གིས་ཟེར་མི་འདི་ཨིན། ལམ་སྲོལ་ཚུ་ཡང་ ལེགས་ཤོམ་དང་ སྒྲིང་སྒྲི་སྦེ་ར་ཡོདཔ་མ་ཚད་ མཚོ་འབྲེལ་གྱི་བཟའ་འཐུང་རིགས་དང་ ཡོངས་གྲགས་ཅན་གྱི་བྷ་ཀཱལ་ཧའུ་དང་ པཱསི་ཏྲིས་ད་ན་ཏ་ཟེར་མི་ཚུ་ཨིན། ཁོང་གི་མི་ཚེ་འདི་ གཞི་བཟའ་ཚང་ནང་དོགས་ལུ་ འབྲེལ་བ་སྦོམ་སྦེ་ར་ཡོདཔ་དང་ མི་སྡེའི་ནང་ལུ་ ལོ་བསྟར་དུས་སྟོན་ དཔེར་ན་ ཕེས་ཏྲ་ད་ སཱའོ་ ཇཱོ་ཨ་དང་ མེ་ཏོག་གི་དུས་སྟོན་བརྩི་སྲུང་ཚུ་འབད་ནི་ཡོད། རཱོ་མཱན་ཡེ་ཤུའི་ཆོས་ལུགས་འདི་ ཁྱབ་ཆེཝ་འབད་ར་ཡོདཔ་དང་ འདི་གིས་སྦེ་ ལམ་སྲོལ་དང་ རྒྱལ་ཡོངས་ལུ་ ངལ་གསོའི་ཉིནམ་ཚུ་ཡང་བཞགསཔ་ཨིན།

གནམ་གཤིས་དང་མཐའ་འཁོར། པོར་ཅུ་གཱལ་ལུ་ མེ་དྲི་ཏྲ་རེ་ནི་ཡཱན་གྱི་གནམ་གཤིས་ཡོད། འདི་ལུ་ གནམ་བྱཱ་འབད་བ་ཅིན་ ཚ་ཏོག་ཏོ་ སྐམ་དྲགས་ཅིག་ཨིནམ་དང་ གནམ་དགུན་ལུ་ རློན་གཤེར་དང་ ཚ་དྲོད་རན་ཏོག་ཏོ་ཅིག་སྦེ་སྡོདཔ་ཨིན། ལྷོ་ཕྱོགས་ ཨཱལ་གར་ཝི་ལུ་ བསིལ་དྲོད་སྙོམས་ཏོག་ཏོ་དང་ ས་སྐམ་རྡོ་སྐམ་སྦེ་སྡོདཔ་ཨིན། བྱང་ཕྱོགས་ཁ་ཐུག་ གནམ་དགུན་འབད་བ་ཅིན་ བསིལ་ཏོང་ཏོ་འཚམས་སུ་ཅིག་དང་ ཆར་ཆུ་འབོལ་དྲགས་སྦེ་སྡོདཔ་ཨིན། མཚོ་མཐའི་ས་གནས་ཚུ་ནང་ཨིན་ པ་ཅིན་ ཚ་དྲོད་སྙོམས་ཏོག་ཏོ་སྦེ་སྡོད་མི་ཡང་ ཨེཏ་ལཱན་ཏྲིག་མཐའ་ཡས་རྒྱ་མཚོ་གིས་སྦེ་ཨིན། པོར་ཅུ་གཱལ་རྒྱལ་ཁབ་ནང་ལུ་ ས་ཆའི་ཆགས་ཚུལ་འདི་ཡང་ མ་འདྲཝ་ ལ་དང་གཤོང་ ཚལ་མ་དང་གཙང་ཆུ་ དེ་ལས་ བྱེ་ཐང་ཚུ་ཡོདཔ་ཨིན། གཞུང་གིས་ ཡུན་བརྟན་ནུས་ཤུགས་ནང་ལུ་ སྤྲོ་བ་སྐྱེད་དེ་ སླར་བྱུང་འཐོན་ཁུངས་ དཔེར་ན་ རླུང་དང་ ཉིན་དྲོད་ཀྱི་གློག་ཤུགས་ནང་ལུ་ མ་དངུལ་ཟད་འགྲོ་གཏངམ་ ཨིན།


དཔལ་འབྱོར་དང་ཚོང་འབྲེལ། པོར་ཅུ་གཱལ་གྱི་དཔལ་འབྱོར་སྣ་ཚོགས་ཡང་ གཙོ་བོ་ར་ ལྟ་བཤལ་ལས་སྡེ་དང་ བཟོ་སྐྲུན་ལས་ཁང་ སོ་ནམ་དང་ ཞབས་ཏོག་ལས་སྡེ་ཚུ་ནང་ཨིན། ཁྱབ་ ཆེ་སུ་ཅིག་སྦེ་ཡོད་མི་ བཟོ་སྐྲུན་ལས་སྡེ་ དཔེར་ན་ སྣུམ་འཁོར་གྱི་རིགས་ གློག་ཆས་ ཐགས་རིགས་དང་ ཆང་རིགས་ཚུ་ཨིན། ཁག་ཆེ་བའི་ སོ་ནམ་ ལཱ་འབྱེལ་ནང་ ཤིང་ལྤགས་དང་ ཨོ་ལིབ་མར་ཁུ་ ཤིང་འབྲས་སྐྱུརཔོ་གི་རིགས་དང་ མཚོ་འབྲེལ་བཞེས་སྒོ་ཚུ་ཨིན། ཕྱིར་ཚོང་དང་འབྲེལ་བའི་མཐུན་ལམ་ཡོད་པའི་རྒྱལ་ཁབ་ ཨིས་པེན་ ཇར་མ་ནི་ ཕ་རནསི་དང་ ཡུ་ཨེས་ཚུ་ཨིན། རྒྱལ་ཁབ་འདི་ ཡུ་རོ་པི་ཡཱན་ཚོགས་སྡེ་ གི་འཐུས་མི་ཅིག་འབདཝ་ལས་ ཚོང་ལམ་ནང་ལུ་གོ་སྐབས་ཐོབ་སྟེ་ ཚོང་འབྲེལ་ནང་ཡར་རྒྱས་འགྱོ་ཚུགས་ཏེ་ཡོད།

ཤེས་རིག་དང་གསོ་བའི་ལམ་ལུགས། སྤྱིར་བཏང་ པོར་ཅུ་གཱལ་ལུ་ གཞུང་གི་ཤེས་རིག་ལམ་ལུགས་ཡོདཔ་དང་ ཨ་ལུ་ ལོ་ངོ་ ༦ ལས་ ༡༨ ཚུན་ ཨིན་ཅི་མིན་ཅི་ དཔེ་ཆ་ལྷབ་དགོཔ་ཨིན། གོང་རིམ་ཤེས་ཡོན་འདི་ གཞུང་དང་སྒེར་སྡེ་གཉིས་ཆ་རའི་ནང་ གོ་སྐབས་ཡོདཔ་ཨིན། འདི་ནང་ ཆོས་ཚན་ལྷམ་པ་མ་འདྲཝ་གི་ནང་ལུ་ ཤེས་ཡོན་སྦྱང་ ཚུགསཔ་ཨིན། མ་གཞི་གི་ སྤུས་ཚད་དང་ ལུང་ཕྱོགས་ཉེ་རིང་ཚུ་ཡོད་རུང་ གཞུང་གིས་ ཤེས་རིག་གོ་སྐབས་ཀྱི་ནང་ལུ་ གོང་འཕེལ་གཏང་སྟེ་ར་ཡོད། གསོ་བའི་ཞབས་ཏོག་ཚུ་ཡང་ རྒྱལ་ཡོངས་འཕྲོད་བསྟེན་ཞབས་ཏོག་གིས་ མ་དངུལ་གྲོགས་རམ་ཐོག་ལས་ འཐུས་ཉུང་སུ་དང་ རིན་མེད་སྟོང་པ་སྦེ་ གནངམ་ཨིན། རྒྱལ་ཁབ་ནང་ལུ་ གསོ་བའི་འཕྲོད་བསྟེན་གྱི་སྤུས་ཚད་འདི་ མཐོ་སུ་ཅིག་སྦེ་ར་གནས་ཏེ་ཡོད། དེ་འབདཝ་ད་ ཡུན་རིངམོ་སྦེ་སྒུག་སྡོད་དགོཔ་ དང་ མཐའ་ཟུར་ལས་ཕར་འདྲ་མཉམ་སྦེ་ གོ་སྐབས་མ་ཐོབ་པའི་དཀའ་ངལ་ཡོད། དེ་མ་ཚད་ སྒེར་དབང་གི་གསོ་བའི་ཞབས་ཏོག་ཚུ་ཡང་ཡོདཔ་ཨིན།

དཀའ་ངལ་དང་གདོང་ལེན། པོར་ཅུ་གཱལ་རྒྱལ་ཁབ་ནང་ལུ་ གདོང་ལེན་ལེ་ཤ་ཅིག་ར་ཡོད། འདི་ནང་ དཔལ་འབྱོར་འདྲ་མཉམ་མེདཔ་ ལུང་ཕྱོགས་ཉེ་རིང་ཕྱེས་ནི་ འདི་ནང་དོན་ཉིད་ལས་ མཐའ་ཟུར་ལས་ཕར་ ཧེང་སྐལ་ར་ གོ་སྐབས་ཉུང་སུ་ཅིག་སྦེ་ཡོད། རྒན་རྒས་ཀྱི་མི་རློབས་མང་སུ་ཡོད་ནི་འདི་གིས་ གསོ་བའི་ཞབས་ཏོག་དང་ མི་སྡེའི་ ཞབས་ཏོག་ལུ་ དཀའ་ངལ་ཐེབ་འབད་ར་འབྱུངམ་ཨིན། ད་རུང་ ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་དཀའ་ངལ་འདི་ ཚ་གྱང་ཅན་ཅིག་འབད་ར་ཡོད། སྤྱིར་ མི་དམངས་བུ་ལོན་ཚུ་ཡང་ ཚ་གྱང་ཆེ་ཤོས་ཅིག་སྦེ་ར་ཡོད་རུང་ གཞུང་གིས་ མར་ཕབ་གཏང་ནི་གི་ཕྱག་ལཱ་ཚུ་ གནང་པའི་བསྒང་ར་ཡོད། རང་བཞིན་ མཐའ་འཁོར་གྱི་གདོང་ལེན་ནང་འབད་བ་ཅིན་ ཚལ་མ་མེ་ཤོར་ནི་ ནགས་ཚལ་མར་ཉམས་འགྱོ་ནི་ མཚོ་མཐའ་རུད་འཐོན་ནི་ཚུ་གིས་ རང་བཞིན་ས་གཞི་ལུ་ གནོད་ཉེན་ཆེ་ཤོས་ཅིག་སྦེ་ཡོད། ལྷག་པར་དུ་ ཁྲོམ་ཚོགས་ནང་ལས་ཕར་འབད་བ་ཅིན་ སྤྱོད་ཚུགས་པའི་སྡོད་གནས་འཐོབ་ནིའི་ནང་ལུ་ དཀའ་ངལ་སྦོམ་སྦེ་ར་ ཡོདཔ་ཨིན།

རྒྱབ་རྟེན་དཔེ་ཐོ། ༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༣/༠༡) པོར་ཅུ་གཱལ། https://en.wikipedia.org/wiki/Portugal#References. ༢. BBC News. (༢༠༢༤/༠༣/༢༢) Portugal Country Profile, https://www.bbc.com/news/world-europe-17758217. ༣. ཤེ་ཀིལིཕ་ ཇོསི། ཨིས་མཱིཏ་ ཀེ་ཐ་རཱིན་ དྲི་ལ་ནོ། “པོར་ཅུ་གཱལ།” ༠༩/༠༣/༢༠༢༥ https://www.britannica.com/place/Portugal. ༤. Google Earth Pro. (2023) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO.

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽ Source: Department of Culture and Dzongkha Development.

Start a discussion about '''པོར་ཅུ་གལ་'''

Start a discussion