Talk:པ་ར་གུ་ཝའི
Add topicཔ་ར་གུ་ཝའི་འདི་ ལྷོ་ཨེ་མི་རི་ཀའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཅིག་ཨིན། མཐའ་བསྐོར་ལུ་ བྲ་ཛིལ་ བྷེ་ལི་བི་ཡ་དང་ ཨར་ཇེན་ཊི་ན་གི་རྒྱལ་ཁབ་ཚུ་ཡོད། རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ སོ་ནམ་དང་ གློག་ཤུགས་ དེ་ལས་ ཚོང་འབྲེལ་ལུ་བརྟེན་ཏེ་སྡོདཔ་ཨིན། པ་ར་གུ་ཝའི་རྒྱལ་ཁབ་འདི་ ཨིས་པཱེན་གྱི་དབང་འོག་ལས་ སྤྱི་ལོ་ ༡༨༡༡ ལུ་ རང་དབང་ཐོབ་ཚུགས་ནུག། ལམ་སྲོལ་ཡང་ ཨིས་པཱེ་ནིཤ་དང་ ཧེ་མ་ལས་གནས་ཡོད་མི་ གའུ་ར་ནི་སྔར་སྲོལ་གཉིས་ འབྲེལ་མ་སྦེ་ཡོད། གཞུང་ལུགས་ཡང་ དམངས་གཙོའི་རིང་ལུགས་ཅིག་ཨིནམ་དང་ སྲིད་བློན་འདི་ དབུ་ཁྲིདཔ་ཨིན། མི་རིགས་ཚུ་ཡང་ ཨིས་པཱེ་ནི་དང་ ཧེ་མ་ལས་གནས་ཡོད་མི་ མི་རིགས་གཉིས་ སླ་བསྲེ་སྦེ་ཡོད། ཤེས་རིག་དང་གསོ་བ་ཚུ་ ཡར་རྒྱས་སོང་ཡོད་རུང་ དབུལ་ཕོངས་དང་ འདྲ་མཉམ་མེད་མི་འདི་ གདོང་ལེན་ཅན་ཅིག་འབད་ར་ཡོད། རྒྱལ་ཁབ་ནང་ངན་ལྷད་མངམ་ཡོདཔ་དང་ ནགས་ཚལ་ཉམས་ནི་ དཔལ་འབྱོར་གྱི་དཀའ་སྡུག་ཚུ་གིས་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་ལུ་ གནོད་འཚུབ་རྐྱབ་སྟེ་ར་ཡོད།
ས་ཆའི་གནས་སྟངས་དང་ སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ། པ་ར་གུ་ཝའི་འདི་ ལྷོ་ཨེ་མི་རི་ཀ་གི་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་དང་ ཤར་དང་བྱང་ཤར་ཧོངས་ལུ་ བྲ་ཛིལ་དང་ ལྷོ་དང་ལྷོ་ནུབ་ཁ་ཐུག་ལུ་ ཨར་ཇེན་ཊི་ནའི་རྒྱལ་ཁབ་ དེ་ལས་ ནུབ་བྱང་ལུ་འབད་བ་ཅིན་ བྷེ་ལི་བི་ཡའི་རྒྱལ་ཁབ་ཚུ་དང་ སའི་མཚམས་སྦྱར་ཏེ་ཡོད། རྒྱལ་ཁབ་འདི་ པ་ར་ནཱ་དང་ པ་ར་གུ་ཝའི་གཉིས་ཀྱི་བར་ན་ལུ་གནས་ཡོདཔ་ལས་ ཚོང་འབྲེལ་གྱི་སྐྱེལ་འདྲེན་ནང་ལུ་ ཁག་ཆེ་ཏོག་ཏོ་ཅིག་ཨིན། རྒྱལ་ཁབ་ཀྱི་སྦོམ་ཚད་ཡང་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༤༠༦,༧༤༢ ཡོད། པ་ར་གུ་ཝའི་འདི་ བདག་སྐྱོང་གི་ས་ཁོངས་ ༡༧ ལུ་ བགོ་བཤའ་རྐྱབ་སྟེ་ རྒྱལ་ས་ལྟེ་བ་འདི་ ཨཱ་སུན་ཤི་ཡོན་ཟེར་ སླབ་ཨིན། རྒྱལ་ཁབ་འདི་ སའི་ཆགས་ཚུལ་དང་འཁྲིལ་ ལུང་ཕྱོགས་གཉིས་ལུ་ བགོ་སྟེ་ཡོད། ༡. ཤར་ཕྱོགས་ལུང་ཕྱོགས། མི་རློབས་སྟུག་དྲགས་དང་ ས་བཅུད་ཆེ་བ། ༢. ནུབ་ཕྱོགས་ལུང་ཕྱོགས། མི་རློབས་ཉུང་སུ་དང་ ས་སྐམ་རྡོ་སྐམ་གྱི་ནགས་ཚལ་དང་ རྩཱ་སྤང་།
བྱུང་རབས།
པ་ར་གུ་ཝའི་གི་བྱུང་རབས་འདི་ མགུ་འཐོམ་སི་སི་ཅིག་ཨིན། ཡུ་རོ་གི་མི་ཚུ་མ་ལྷོད་པའི་ཧེ་མར་ ས་གནས་འདི་ནང་ གའུ་ར་ནིའི་མི་རིགས་ཟེར་མི་ཚུ་སྡོད་སྡོདཔ་ཨིན་པས། སྤྱི་ལོ་ ༡༥༣༧་ལུ་ ཨིས་པེ་ནིཤ་གིས་ ཨཱ་སུན་ཤི་ཡོན་ཟེར་མི་འདི་ མཐོང་པའི་ཤུལ་ལུ་ ཁོང་གི་དབང་འོག་བཙུགས་ནི་གི་ལྟེ་བ་འབད་བཟོ་ད་ནུག། སྤྱི་ལོ་ ༡༨༡༡ ལུ་ པ་ར་གུ་ཝའི་གིས་ ཨིས་པཱེན་ལས་རང་དབང་ཐོབ་ཚུགས་ཏེ་ ལྷོ་ཨེ་མི་རི་ཀའི་རྒྱལ་ཁབ་ནང་ལས་ རང་དབང་ཐོབ་མི་རྒྱལ་ཁབ་འགོ་དང་པ་ཨིན་པས། དུས་རབས་ ༡༩ པའི་བར་མཚམས་ལུ་ བཀའ་བཙན་དཔོན་པོ་ ཕརཱན་སིས་ཀོ་སོ་ལ་ནོ་ལོ་པེཛ་གིས་ གཞན་རྒྱལ་ཁབ་གསུམ་བསྡོམ་ (བྲ་ཛིལ། ཨར་ཇེན་ཊི་ན། ཡུ་རུ་གའི། སྤྱི་ལོ་ ༡༨༦༤-༡༨༧༠) འབད་མི་དང་དམག་འཐབ་སྟེ་ པ་ར་གུ་ཝའི་གི་མི་སེར་ མང་ཧེ་རྫོགསཔ་ཅིག་བསད་དེ་ ཐལ་བར་བརླགས་བཏང་ནུག། ཤུལ་ལས་ཡང་ ཆ་ཀོ་དམག་ཟེར་ བྷེ་ལོ་ཝི་ཡ་དང་དམག་འཐབ་སྟེ་ (སྤྱི་ལོ་ ༡༩༣༢-༡༩༣༥) རྒྱལ་ཁ་ཐོབ་ལས་ ལུང་ཕྱོགས་འདི་ ཁོང་གིས་བདག་དབང་འབད་ནུག། སྤྱི་ལོ་ ༡༩༥༤-༡༩༨༩ ཚུན་ ཨཱལ་ཕྲེ་དྲོ་ཨེས་ཏྲོས་ནཱར་གྱིས་ཡང་ བཀའ་བཙན་དྲགས་པོའི་ཐོག་ལས་ རྒྱལ་ཁབ་སྐྱོང་སྟེ་ དེང་སང་ལུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ གྲུབ་ནུག། དེ་གི་ཤུལ་ལས་ པ་ར་གུ་ཝའི་འདི་ དམངས་གཙོའི་རིང་ལུགས་སྦེ་གནས་ཡོད་རུང་ སྲིད་ཚོགས་སྒྲིང་སྒྲི་ཅིག་མེད་པར་ ངན་ལྷད་དེ་ གདོང་ལེན་ཅན་ཅིག་འབད་ར་གནས་ཏེ་ཡོད། ད་རེས་ རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ སྒྲིང་སྒྲི་འགྱོ་ཡོད་རུང་ མི་སྡེ་དང་ རང་བཞིན་གནས་སྟངས་ཀྱི་ དཀའ་ངལ་འཐོན་ཏེ་ར་ཡོད།
མི་རློབས་དང་མི་རིགས། པ་ར་གུ་ཝའི་ལུ་ མི་རློབས་བསྡོམས་ཀྱི་ ས་ཡ་ ༧.༤ ཡོད་མི་ནང་ལུ་ ཁྱབ་ཆེ་བ་ཅིག་ མཱེས་ཏི་ཛོ་ཟེར་ ཧེ་མ་ལས་ཡོད་པའི་ གའུ་ར་ནི་དང་ཨིས་པཱེ་ནིཤ་གཉིས་ སླ་བསྲེ་འབད་མི་འདི་ཨིན། ཡུདཔ་ཅིག་ རྒྱལ་ཁབ་ནང་ལུ་ བརྒྱ་ཆ་ ༩༥ དེ་ཅིག་ཡོད། གའུ་ར་ནི་དང་ ཨིས་པཱེ་ནིཤ་གཉིས་ཆ་ར་ གཞུང་འབྲེལ་ཁ་སྐད་འབད་ཆ་བཞགསཔ་ཨིན། འདི་གི་གྲས་ལུ་ མི་རིགས་ཆུང་བ་ ཧེ་མ་གི་མི་རིགས་དང་ ཨཕ་ཕྲོ་པ་ར་གུ་ཝའི་གི་མི་རིགས་ དེ་ལས་ ཇར་མཱན་ ཨི་ཀྲ་ལི་ ཇ་པཱན་དང་ ཀོ་རི་ཡ་གི་མི་རིགས་ཚུ་ཡང་ཡོད། ཧེ་མའི་མི་རིགས་ ཨཱ་ཆི་དང་ནཱི་ཝ་ཀཱལ་ཚུ་གིས་ སྔར་སྲོལ་ཚུ་ཉམས་སྲུང་འབད་དེ་ར་ཡོད་རུང་ མི་སྡེའི་གདོང་ལེན་ཚུ་འབྱུང་སྟེ་ར་འདུག། ལམ་སྲོལ་གྱི་ཐད་འདྲ་མིན་སྣ་ཚོགས་སྦེ་ཡོད་རུང་ པ་ར་གུ་ཝའི་གི་རྒྱལ་ཡོངས་ཀྱི་ངོ་རྟགས་འདི་ ལམ་སྲོལ་ ཁ་སྐད་དང་ སྔར་ལུགས་ཚུ་ སྒྲིང་སྒྲི་འབད་ར་ཡོད།
གཞུང་ལུགས་དང་ སྲིད་ཚོགས། པ་ར་གུ་ཝའི་འདི་ མི་སེར་དམངས་གཙོའི་རིང་ལུགས་ནང་ སྲིད་བློན་གྱིས་སྐྱོང་བའི་གཞུང་ཨིན། སྲིད་བློན་འདི་ ལོ་ལྔ་གི་རྒྱབ་ལས་ བཙག་འཐུ་འབད་དེ་ རྒྱལ་ཁབ་དང་གཞུང་གཉིས་ཆ་རའི་དབུ་ཁྲིདཔ་སྦེ་ བཀོ་བཞག་འབདཝ་ཨིན། སྲིད་བློན་གྱིས་ བློན་པོ་ཚུ་བཀོ་བཞག་འབད་ནི་དང་ སྤྱིར་བཏང་བདག་སྐྱོང་ལུ་ ལྟ་རྟོག་འབདཝ་ཨིན། ཁྲིམས་བཟོའི་ལྷན་སྡེ་ནང་ལུ་ ཚོགས་ཁང་གཉིས་ལྡན་གྱི་རྒྱལ་ཡོངས་སྲིད་ཚོགས་ནང་ འཐུས་མི་ ༤༥ འབད་མི་ ཁྲིམས་བཟོའི་ཚོགས་ཁང་དང་ འཐུས་མི་ ༨༠ འབད་མི་ འཐུས་མི་འོགམ་གི་ཚོགས་ཁང་ཡོདཔ་ཨིན། དྲང་ཁྲིམས་ལྷན་སྡེ་འདི་ རང་དབང་ཐ་དད་ཨིནམ་དང་ མངོན་མཐོ་ཁྲིམས་ཁང་ལུ་ དབང་ཚད་མཐོ་ཤོས་ཡོདཔ་ཨིན། པ་ར་གུ་ཝའི་ལུ་ སྣ་མང་གི་སྲིད་ཚོགས་ལམ་ལུགས་ཡོད། དེ་འབདཝ་ད་ སྲིད་དོན་འདི་ ཀོ་ལ་རོ་ཌོ་ཚོགས་པ་དང་ ལི་བཱ་རཱལ་ཚོགས་པ་གཉིས་ཀྱིས་ འོག་ལུ་ར་གནསཔ་ཨིན། ངན་ལྷད་དང་སྒྲིང་སྒྲི་མེད་པའི་སྲིད་ཚོགས་ དེ་ལས་ འདྲ་མཉམ་མེད་པའི་དཔལ་འབྱོར་ཚུ་ གདོང་ལེན་ཅན་ཅིག་སྦེ་གནས་ཏེ་ཡོད། ཨཱལ་ཕྲེ་དྲོ་ཨེས་ཏྲོས་ནཱར་གྱི་བཀའ་བཙན་དྲགས་པོ་གི་འོག་ལས་ སྤྱི་ལོ་ ༡༩༨༩ ལས་ཚུར་ དམངས་གཙོའི་རིང་ལུགས་འདི་ སྒྲིང་སྒྲི་ཐལ་ཡོད་རུང་ འཇོན་སྟབས་མེད་པའི་གཙུག་སྡེ་དང་ དྭངས་གསལ་ཉུང་བའི་དཀའ་ངལ་གྱིས་ གཞུང་ལུ་ཐོ་ཕོག་སྟེ་ར་ཡོད།
ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་གནས་ ཆོས་ལུགས་དང་ ཐུན་མིན་གྱི་ཁྱད་ཆོས། པ་ར་གུ་ཝའི་ལུ་ ཐུན་མིན་གྱི་ལམ་སྲོལ་ ཧེ་མ་ལས་ཡོད་པའི་ གའུ་ར་ནི་དང་ཨིས་པཱེ་ནིཤ་གཉིས་ སླ་བསྲེ་སྦེ་ཡོད། ལྷོ་ཨེ་མེ་རི་ཀ་གི་རྒྱལ་ཁབ་ཀྱི་གྲས་ལས་ པ་ར་གུ་ཝའི་འདི་ རང་གི་ཁ་སྐད་ གའུ་ར་ནི་འདི་ ཨིས་པཱེ་ནིཤ་དང་གཅིག་ཁར་ གཞུང་འབྲེལ་ལྟར་ ཁྱབ་ཆེ་སུ་ཅིག་འབད་ར་ ལག་ལེན་འཐབ་མིའི་རྒྱལ་ཁབ་ཅིག་ཨིན། ཡུདཔ་ཅིག་ བརྒྱ་ཆ་ལས་བཅད་པ་ཅིན་ ༩༠ ལྷགཔ་ཅིག་གིས་ར་ གའུ་ར་ནི་ ལག་ལེན་འཐབ་ཨིན། རྒྱལ་ཁབ་ནང་འདི་ སྙན་ཆ་ གཞས་དང་ གཏན་རྒྱུད་ཀྱི་ཕྱུགཔོ་ཅིག་ཨིན། སྔོན་ལུགས་བཞེས་སྒོ་ དཔེར་ན་ སོ་པ་ པ་ར་གུ་ཡ་དང་ ཅི་པ་གཉིསཔོ་འདི་ ཧེ་མའི་ལུགས་དང་ ཨིས་པཱེ་ནིཤ་སྦྲེལ་མ་ཨིན། མི་སྡེའི་ལམ་སྲོལ་ཡང་ གཙོ་བོ་ར་ བཟའ་ཚང་སྤུན་ཆ་ཚུ་འཛོམས་ནི་དང་ རྐང་རིལ་རྩེད་ནི་འདི་ཨིན། པ་ར་གུ་ཝའི་ཚུ་ སྒྲིག་ཏོག་ཏོ་དང་ མི་སྡེ་མཉམ་འབྲེལ་ཅན་ཅིག་ཨིན། ཆོས་ལུགས་འབད་ནི་འདི་ དལ་དབང་ཡོད་རུང་ པ་ར་གུ་ཝའི་མི་མང་སུ་ཅིག་ར་ རཱོ་མཱན་ཀེ་ཐོ་ལིཀ་ཟེར་ ཡེ་ཤུ་པའི་ཆོས་ལུགས་འབད་མི་ཨིན། ཁྱད་ཆོས་བཟང་པོ་གཅིགཔོ་འདི་ སྔར་ལུགས་ལུ་དབང་ཐལ་འགྱོ་ནི་དང་ སྐད་གཉིས་ཤན་སྦྱར་གྱི་ལམ་སྲོལ་ཚུ་ཨིན།
གནམ་གཤིས་དང་མཐའ་འཁོར། པ་ར་གུ་ཝའི་གི་གནམ་གཤིས་འདི་ ཚ་དྲོད་ཆེཝ་ལས་ ཚ་དྲོད་རན་པ་ཚུན་ཡོདཔ་དང་ གནམ་བྱཱ་ལུ་ཚ་ཏོག་ཏོ་དང་ དགུན་ལུ་དེ་ཅིག་ར་མི་གྱང་། ཤར་ཕྱོགས་ཁ་ཐུག་ལུ་ ཆར་ཆུ་འབོལ་དྲགས་ཡོདཔ་ལས་ རློན་གཤེར་སྦེ་སྡོདཔ་ཨིན། ནུབ་ཕྱོགས་ལུ་འབད་བ་ཅིན་ སྐམ་སུ་འཚམས་ཅིག་འབད་ར་གནས་སྡོད་ནི་དང་ བསིལ་དྲོད་དྲགས་པོ་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ ནགས་ཚལ་སྦོམ་དང་ རློན་ཞིང་ལེ་ཤ་ དེ་ལས་ རྩཱ་སྤང་སྦོམ་སྦེ་ཡོད། འདི་ནང་ལུ་ རི་དྭགས་སེམས་ཅན་ གུང་དང་ རི་ཕག་ཆུང་ཀུ་ བྱ་དགོ་བོ་ཚུ་འཁྱམས་ས་ཨིན། ཨིན་རུང་ ནགས་ཚལ་མར་ཉམས་འགྱོ་ནི་དང་ ས་རུད་འཐོན་ནི་ ཆུ་ནང་བཙོག་པ་ཞུགས་ནི་ཚུ་ རང་བཞིན་མཐའ་འཁོར་གྱི་དཀའ་ངལ་སྦོམ་ཤོས་ཅིག་ཡོདཔ་ལས་ སོ་ནམ་དང་ སྒོ་ནོར་གསོ་སྐྱོང་ནང་ལུ་གནོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ། པ་ར་གུ་ཝའི་གི་དཔལ་འབྱོར་གཙོ་བོ་ར་ སོ་ནམ་དང་ སྒོ་ནོར་གསོ་སྐྱོང་ དེ་ལས་ གློག་ཤུགས་ལུ་བརྟེནམ་ཨིན། རྒྱལ་ཁབ་ནང་ལས་ ཕྱིར་ཚོང་ཡང་ མང་སུ་ཅིག་ བོད་སྲནམ་དང་ གེ་ཟ་ ཀར་དང་ ནོར་ཤ་ཚུ་ཨིན། སྒོ་ནོར་གསོ་སྐྱོང་འབད་དེ་ ཤའི་འཐོན་ཁུངས་སྦོམ་ཤོས་ཅིག་འབད་དོ་ཡོདཔ་ཨིན། གློག་ཤུགས་ཚུ་ཡང་ ཕྱི་རྒྱལ་བྲ་ཛིལ་དང་ ཨར་ཇེན་ཏྲི་ན་ཚུ་ནང་ ཕྱིར་བཙོང་འབདཝ་ཨིན། རྒྱལ་ཁབ་ནང་ལུ་ སྐྱར་གསོ་འབད་བཏུབ་པའི་ནུས་ཤུགས་ཀྱིས་ སྤྱོད་འཐུས་ཉུང་སུ་ཅིག་སྦེ་ཕོགཔ་ཨིན། པ་ར་གུ་ཝའི་གི་ཕྱིར་ཚོང་འཐབ་ས་ཡང་ བྲ་ཛིལ་དང་ ཨར་ཇེན་ཏྲི་ན་ རྒྱ་ནག་དང་ ཡུ་རོ་པཱིན་ཚོགས་སྡེ་ཚུ་ཨིན་པས། ནང་འདྲེན་ཚོང་རིགས་ཡང་ ས་སྣུམ་ འཕྲུལ་ཆས་ གློག་ཆས་དང་ རྫས་སྦྱོར་ཚུ་ཨིན། གཞུང་འབྲེལ་མེན་པའི་ ཕྱིར་ཚོང་ཡང་ ཅ་ཆས་ཚུ་ ལོག་སྟེ་ར་ ཉེ་འདབས་ཀྱི་རྒྱལ་ཁབ་ཚུ་ལུ་ འབད་མི་འདི་ གལ་ཅན་ཅིག་སྦེ་གནས་ཏེ་ཡོད།
ཤེས་རིག་དང་ གསོ་བའི་ལམ་ལུགས། པ་ར་གུ་ཝའི་ཤེས་རིག་ལམ་ལུགས་ཡང་ གཞི་རིམ་ འབྲིང་རིམ་ གོང་རིམ་སྦེ་བཟོ་ཡོད། ལོ་ངོ་ ༩ གི་རིང་ལུ་ ཨིན་ཅི་མིན་ཅི་ སློབ་གྲྭ་ནང་ལུ་ སྡོད་དགོཔ་ཨིན། གཞུང་གི་སློབ་གྲྭ་ནང་ལུ་ རིན་མེད་སྟོང་པ་ཨིན་རུང་ འཐོན་ཁུངས་ཉུང་བའི་དཀའ་ངལ་དང་ སློབ་དཔོན་ཚུ་ལུ་ དངུལ་ཕོགས་ཉུང་བའི་དཀའ་ངལ་ཡོད། འདི་གི་ཐོག་ཁར་ མཐའ་ཟུར་ནང་ལས་ཕར་ སློབ་གྲྭ་ནང་འགྱོ་ནིའི་གོ་སྐབས་མེད་པའི་ དཀའ་ངལ་ཡང་ཡོདཔ་ཨིན། རྒྱལ་ཡོངས་ཨཱ་སུན་ཤི་ཡོན་གཙུག་ལག་སློབ་སྡེ་གིས་ མཐོ་རིམ་ཤེས་ཚད་ལྷབ་སྦྱང་གི་ གོ་སྐབས་བྱིནམ་ཨིན། གསོ་བའི་ལམ་ལུགས་ཚུ་ གཞུང་དང་སྒེར་གཉིས་ཆ་ར་གི་ཡོད། དེ་འབདཝ་ད་ གཞུང་གི་སྨན་ཁང་ནང་ལུ་ མ་དངུལ་ཉུང་དྲགས་དང་ མི་རློབས་མང་དྲགས་སྦེ་ཡོད། ཨིན་རུང་ གཞི་རྟེན་གསོ་བའི་ཞབས་ཏོག་འདི་ རིན་མེདཔ་སྦེ་ཨིན། དེ་འབདཝ་ལས་ མི་མང་སུ་ཅིག་གིས་ར་ སྒེར་གྱི་སྨན་ཁང་ནང་ལས་ ཞབས་ཏོག་ལེནམ་ཨིན། མཐའ་ཟུར་གྱི་མི་ཚུ་གིས་འབད་བ་ཅིན་ དྲུང་འཚོ་དང་ སྨན་ཁང་ལུ་ འགྱོ་མ་ཚུགས་པར་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན།
དཀའ་ངལ་དང་གདོང་ལན། པ་ར་གུ་ཝའི་ལུ་ གདོང་ལེན་ཆེ་ཤོས་ར་ དབུལ་ཕོངས་དང་ངན་ལྷད་ཡོདཔ་ དེ་ལས་ དཔལ་འབྱོར་འདྲ་མཉམ་མེད་པའི་དཀའ་ངལ་ཚུ་ཨིན། མཐའ་ཟུར་གྱི་མི་སེར་ མང་ཆེ་བ་ཅིག་ ཉིན་བསྟར་གླ་ཆ་ཉུང་སུ་ཅིག་ལས་བརྒལ་འཐོབ་ནི་མེདཔ་དང་ ཤེས་རིག་དང་གསོ་བའི་ཞབས་ཏོག་གི་ གོ་སྐབས་ཚད་ཅིག་ལས་བརྒལ་མེད་མི་འདི་ཨིན། སོ་ནམ་གོང་འཕེལ་དང་ སྒོ་ནོར་གསོ་སྐྱོང་འབད་མི་ལས་ ནགས་ཚལ་མར་ཉམས་འགྱོ་ནི་དང་ རང་བཞིན་གནས་སྟངས་ལུ་ ཐོ་ཕོག་སྟེ་ གནམ་གཤིས་འགྱུར་བ་གིས་ སོ་ནམ་གྱི་ལཱ་ལུ་ཡང་ གནོདཔ་ཨིན། ངན་ལྷད་དང་ འཇོན་སྟབས་མེད་པའི་གཙུག་སྡེ་ཚུ་གིས་ ཡར་རྒྱས་གོང་འཕེལ་ལུ་ ཐོ་ཕོག་ནི་དང་ འདི་གིས་ མི་དམངས་ཞབས་ཏོག་དང་ ཕྱི་རྒྱལ་གྲོགས་རམ་ཚུ་ཡང་ གནོད་དོ་ཡོདཔ་ཨིན། བརྟན་བརྟན་མེད་པའི་དཔལ་འབྱོར་དང་ ལཱ་གཡོག་མེད་པའི་དཀའ་ངལ་གྱིས་ མ་དངུལ་མ་ལང་པའི་དཀའ་ངལ་འབྱུངམ་ཨིན་པས། ད་རུང་ སྤུས་ཚད་མེད་པའི་མཐུན་རྐྱེན་ཚུ་དང་ སོ་ནམ་གྱི་ལཱ་ལུ་བློ་གཏད་དེ་སྡོད་མི་དེ་གིས་ དཔལ་འབྱོར་མེད་པའི་བྱེམ་ཚོརཝ་ཨིན།
རྒྱབ་རྟེན་དཔེ་དེབ། ༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༢/༢༣) པ་ར་གུ་ཝའི། https://en.wikipedia.org/wiki/Paraguay. ༢. BBC News. (༢༠༢༤/༡༡/༡༢) Paraguay Country Profile, https://www.bbc.com/news/world-latin-america-19978115. ༣. ཝི་ལི་ཡམསི་ ཇྷོན་ ཧོདྲི། ནིཀ་སཱོན་ ཨཱར་ ཨཱེན་དྲིའུ། “པ་ར་གུ་ཝའི།” ༠༧/༠༣/༢༠༢༥ https://www.britannica.com/place/Paraguay. ༤. Google Earth Pro. (2023) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO.
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽ Source: Department of Culture and Dzongkha Development.
Start a discussion about པ་ར་གུ་ཝའི
Talk pages are where people discuss how to make content on Wikipedia the best that it can be. You can use this page to start a discussion with others about how to improve པ་ར་གུ་ཝའི.