Jump to content

User:ཨྱོན་དབང་དྲག

Wikipedia ལས།

མི་ཁ་དགྲ་བཟློག།

༄༄།།ཨོྃ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སི་དྡྷི་ཧཱུྃ།    ཧཱུྃ་ཧཱུྃ་བྷྱོ་བྷྱོ་བཟློག་བཟློག།   མི་ཁའི་བུ་ཤ་ཟ་མ། མི་ཁའི་བུ་མོ་ཁྲག་འཐུང་མ། མི་ཁའི་བུ་མོ་ཁ་མང་མ། མི་ཁའི་བུ་མོ་མིག་དམར་མ། མི་ཁའི་བུ་མོ་སྣ་དམར་མ། ཁྱོད་ནི་མི་ཤེས་དགུ་ཤེས་ཤེས། ཁྱོད་ནི་མི་འགྲོ་དགུ་འགྲོ་བྱེད། ཁྱོད་ནི་མི་ན་དགུ་ན་གཏོང་། ཁྱོད་ནི་མི་ལབ་དགུ་ལབ་བྱེད། མི་ཁའི་བུ་མོ་ཚུར་ལ་ཉོན། ནག་མོ་ཏིག་ཏ་མགོ་རིང་མ། ཁྱོད་དང་པོ་ཡོང་ཡོང་ག་ནས་ཡོང་། དང་པོ་རྒྱ་བོད་མཚམས་ནས་ཡོང་། མི་ཁ་མང་པོ་རྒྱ་ལ་གཟུག། རྒྱ་ནག་རྒྱལ་པོས་བོད་ལ་བསྒྱུར། རྒྱ་འདྲེ་མང་པོ་སྡེ་ལ་ལོགས། ཡུལ་ས་ཡར་ལུང་ཟེར་བ་ན། ལྟས་ངན་མི་ཁ་གཟུག་འདུག་པས། རྟ་ལ་རྟ་ནད་ཟེར་ཙམ་འབྱུང་། མི་ལ་མི་ནས་ཟིར་ཙམ་བྱུང་། བྱིས་པ་བུ་མོ་རིམས་ཀྱིས་གནོད། དེ་ཡང་མི་ཁ་ཁྱོད་དང་ཕྲད་པས་ལན། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། མི་ཁ་ཁྱོད་ཡོང་བའི་ལམ་ཁ་ནས། གངས་སྟོད་སེངྒེ་དེ་དང་འཕྲད་འདུག་པས། མི་ཁའི་ཁ་ནས་འདི་སྐད་ཟེར། སེངྒེ་མ་བུའི་སྐྱིད་པ་ལ། གཡུ་རལ་ངོམ་ཞིང་གངས་སྟོད་འགྲིམ། དེ་ནས་ཞག་གསུམ་སོང་བ་དང་། སེངྒེ་མ་བུ་ཁ་བས་མནན། དེ་ཡང་མི་ཁ་ཁྱོད་དང་འཕྲད་པས་ལན། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། མི་ཁ་ཁྱོད་ཡོང་བའི་ལམ་ཁ་ནས། སྤང་སྟོད་ཤ་བ་དེ་དང་འཕྲད་འདུག་པས། མི་ཁའི་བུ་མོའི་ཁ་ནས་དེ་སྐད་ཟེར། ཤ་བ་མ་བུའི་སྐྱིད་པ་ལ། རྭ་རྩེ་ངོམ་ཞིང་སྤང་སྟོད་འགྲིམ། དེ་ནས་ཞག་གསུམ་སོང་བ་དང་། ཤ་བ་མ་བུ་ལིང་པས་བསད། དེ་ཡང་མི་ཁ་ཁྱོད་དང་འཕྲད་པས་ལན། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། མ་ཁ་ཁྱོད་ཡོང་བའི་ལམ་ཁ་ནས། བྲག་སྟོད་རྒོད་པོ་དེ་དང་འཕྲད་འདུག་པས། མི་ཁའི་ཁ་ནས་འདི་སྐད་ཟེར། ཐང་དཀར་རྒོད་པའི་སྐྱིད་པ་ལ། རྩེ་སྒྲོ་ངོམ་ཞིང་སྦྲག་སྟོད་འགྲིམ། དེ་ནས་ཞག་གསུམ་སོང་བ་དང་། ཐང་དཀར་རྒོད་པོ་གཡང་ལ་ལྷུང་། དེ་ཡང་མི་ཁ་ཁྱོད་དང་འཕྲད་པས་ལན། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། མི་ཁ་ཁྱོད་ཡོང་བའི་ལམ་ཁ་ནས། ལྩང་གླིང་འཇོལ་མོ་དེ་དང་འཕྲད། མི་ཁའི་ཁ་ནས་འདི་སྐད་ཟེར། འཇོལ་མི་མ་བུའི་སྐྱིད་པ་ལ། གསུང་སྙན་ངོམ་ཞིང་ལྕང་མཐའ་བསྐོར། དེ་ནས་ཞག་གསུམ་སོང་བ་དང་། འཇོལ་མོ་སྐྱ་ཁྲ་ཧོར་པས་བསད། དེ་ཡང་མི་ཁ་ཁྱོད་དང་ཕྲད་པས་ལན། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། མི་ཁ་ཁྱོད་ཡོང་བའི་ལམ་ཁ་ནས། མཚོ་སྟོད་ཉ་མོ་དེ་དང་འཕྲད། མི་ཁའི་བུ་མོ་འདི་སྐད་ཟེར། ཉ་མོ་མ་བུའི་སྐྱིད་པ་ལ། གསེར་མིག་ངོམ་ཞིང་མཚོ་མཐའ་བསྐོར། དེ་ནས་ཞག་གསུམ་སོང་བ་དང་། ཉ་མོ་དོལ་དང་ལྕགས་ཀྱུས་ཟིན། དེ་ཡང་མི་ཁ་ཁྱོད་དང་ཕྲད་པས་ལན། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། དེ་ཡང་མི་ཁའི་ཡོང་ཚུལ་ཙམ། དེ་ནས་མི་ཁའི་ཡོང་ཚུལ་ཙམ། དེ་ནས་མི་ཁའི་སྤྲུལ་ཚུལ་ནི། ར་འགའ་རི་བའི་རྩེ་ལ་སྡོད། རི་རྒྱལ་ལྷུན་པོ་ང་ཡིན་ཟེར། ར་འགའ་རྒྱ་མཚོའི་འགྲམ་དུ་སྡོད། མཚོ་སྨན་རྒྱལ་པོ་ང་ཡིན་ཟེར། རེ་འགའ་བར་སྣང་འཚམས་ལ་སྡོད། ལྷ་སྲིན་སྡེ་བརྒྱད་ང་ཡིན་ཟེར། རེ་འགའ་བྲག་དམར་ཀླུང་ལ་སྡོད། བྲག་དམར་ཀླུང་བཙན་ང་ཡིན་ཟེར། རེ་འགའ་མཁར་གྱི་རྩེ་ལ་སྡོད། སྟེང་གི་ཕོ་ལྷ་ང་ཡིན་ཟེར། རེ་འགའ་ཁྱིམ་གྱི་ཕུག་ཏུ་སྡོད། ཁྱིམ་གྱི་ཁྱིམ་ལྷ་ང་ཡིན་ཟེར། རེ་འགའམཛོད་ཀྱི་ཕུག་ཏུ་སྡོད། མཛོད་ཀྱི་མཛོད་ལྷ་ང་ཡིན་ཟེར། མཛོད་ལྷ་སྤུན་གསུམ་ཡང་བཞེངས་ནས། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། རེ་འགའ་གོགས་སའི་་ཕུག་ཏུ་སྡོད། ཐབས་ཀྱི་ཐབ་ལྷ་ང་ཡིན་ཟེར། ཐབས་ལྷ་སྤུན་གསུམ་ཡང་བཞེངས་ནས། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། རེ་འགའ་སྐས་ཀྱི་རྩེ་རུ་སྡོད། སྐས་ཀྱི་སྐས་ལྷ་ང་ཡིན་ཟེར། སྐས་ལྷ་གདུང་རིང་ཡར་བཞེངས་ནས། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། རེ་འགའ་ར་བའི་་ཕུག་ཏུ་སྡོད། ཕྱུགས་ཀྱི་ཕྱུག་ལྷ་ང་ཡིན་ཟེར། ཕྱུགས་ལྷ་སྤུན་གསུམ་ཡར་བཞེངས་ནས། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། རེ་འགའ་སྒོ་ཡི་རྒྱབ་ཏུ་སྡོད། སྒོ་ཡི་སྒོ་ལྷ་ང་ཡིན་ཟེར། རྒྱལ་ཆེན་སྡེ་བཞི་ཡར་བཞེངས་ནས། ལྟས་ངན་མི་ཁ་དགྲ་ལ་བསྒྱུར། ཁམ་ཆུ་ནག་མོ་བཟློག་ཏུ་གསོལ། དེ་ཡང་མི་ཁའི་སྤྲུལ་ཚུལ་ཡིན། དང་པོ་དཔལ་གྱི་བསམ་ཡས་སུ། དབུ་རྩེའི་རྒྱལ་པོའི་ཕོ་བྲང་དུ། རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་ལ། མགོ་ནག་ཡོངས་ཀྱི་མི་ཁ་གཟུག། ལྷ་སྲས་མུ་ཁྲི་བཙན་པོ་ལ། ཁྱིམ་པ་ཡོངས་ཀྱི་མི་ཁ་གཟུག། སློབ་དཔོན་པད་མ་འབྱུང་གནས་ལ། ལྷ་འདྲེ་ཡོངས་ཀྱི་མི་ཁ་གཟུག། མཁན་པོ་བོ་དྷི་སཏྭ་ལ། བནྡྷེ་་ཡོངས་ཀྱི་མི་ཁ་གཟུག། ལོ་ཆེན་བེེ་རོ་ཙ་ན་ལ། ལོ་ཙཱ་ཡོངས་ཀྱི་མི་ཁ་གཟུག། དགོ་སློང་ནམ་མཁའི་སྙིང་པོ་ལ། ཆོས་པ་ཡོངས་ཀྱི་མི་ཁ་གཟུག། སྣ་རྣམ་རྡོེ་བདུད་འཇོམས་ལ། སྔགས་འཆང་ཡོངས་ཀྱི་མི་ཁ་གཟུག། བཙུན་མོ་བཟའ་ཡི་དམར་རྒྱན་ལ། བུད་མེད་ཡོངས་ཀྱི་མི་ཁ་གཟུག། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། འགྲོ་བ་ཡོངས་ཀྱི་མི་ཁ་གཟུག། བོད་འབངས་ལྷ་མི་ཐམས་ཅད་ལ། རྒྱལ་ཁམས་་ཡོངས་ཀྱི་མི་ཁ་གཟུག། གཟུགས་ཆེན་མི་ཡི་མི་ཁ་གཟུག། གཟུགས་མེད་ལྷ་འདྲའི་མི་ཁ་གཟུག། ཡོད་ན་ཡོད་པའི་མི་ཁ་གཟུག། མེད་ན་མེད་པའི་མི་ཁ་གཟུག། མི་ཁའི་བུ་མོ་ཚུར་ལ་ཉོན། ཁྱོད་དང་པོ་རྒྱ་འདྲེ་སྤུང་དགུ་མ། བར་དུ་འདྲེ་མོ་སྤུན་དགུ་མ། མཐའ་མ་མི་ཁ་སྤུན་དགུ་མ། བསྒྱུར་ཡང་བསྒྱར་ལ་བཟློག་ཡང་བཟློག། ཁྱོད་འདི་ན་སྡོད་པའི་གནས་མེད་དེ། མི་ཁ་མ་སྡོད་མི་ཁ་སོང་། ཁྱོད་མི་ཁའི་ལམ་བསྟན་ཤར་ལ་ཡོད། ཁྱོད་འདི་ནས་ཕར་ལ་སོང་ཙ་ནས། ཐང་གཅིག་ཕར་འདུས་ཚུར་འདུས་ཡོད། ཐང་གསུམ་འདུས་པའི་དཀྱིལ་འཁོར་ཡོད། ཐེའུ་རང་འདུས་པའི་ཚོགས་ས་ཡོད། དེ་རུ་མ་འདུག་ཕར་ལ་སོང་། དེ་ནས་ཕར་ལ་སོང་ཙ་ནས། རི་དེ་ཕར་འདུས་ཚུར་འདུས་ཡོད། རིགས་གསུམ་འདུས་པའི་དཀྱིལ་འཁོར་ཡོད། གསོན་འདྲེ་ཕོ་མོ་ཚོགས་ས་ཡིན། དེ་རུ་མ་འདུག་ཕར་ལ་སོང་། དེ་ནས་ཕར་ལ་སོང་ཙ་ན། ཆུ་དེ་ཕར་འདུས་ཚུར་འདུས་ཡོད། ཆུ་གསུམ་འདུས་པའི་དཀྱིལ་འཁོར་ནས། ཆུ་འདྲེ་ཕོ་མོ་ཚོགས་ས་ཡིན། དེ་རུ་མ་འདུག་ཕར་ལ་སོང། ཁྱོད་འདི་ནས་ཕར་ལ་སོང་ཙ་ན། ཤར་ཕྱོགས་ཀོང་ཡུལ་ཞེས་བྱ་ནས། མི་ཁ་ལྷ་རུ་བསྟན་གྱི་འདུག། མི་ཁ་ཀླུ་རུ་བསྟན་གྱི་འདུག། ལྟས་ངན་གཡང་དུ་འགུག་གི་འདུག། ཁྱོད་མི་ཁ་སྡོད་པའི་གནས་མེད་དོ། མི་ཁ་མ་སྡོད་མི་ཁ་སོང་། ལྷ་རུ་བསྟན་པའི་ས་རུ་སོང་། ཀླུ་རུ་བསྟན་པའི་ས་རུ་སོང་། གཡང་དུ་འགུག་པའི་ས་རུ་སོང་། ཁྱོདམི་ཁ་མ་སྡོད་མི་ཁ་སོང་། མི་ཁའི་བུ་མོས་འདི་སྐད་ཟེར། སློབ་དཔོན་ཆེན་པོ་བདག་ལ་གསོན། ང་མི་ཁ་མ་སྡོད་འགྲོ་བ་ལ། མི་ཁ་ལ་འགྲོ་བའི་གཟུགས་ཅིག་དགོས། སློབ་དཔོན་ཆེན་པོ་འདི་སྐད་གསུངས། ཁྱོད་མི་ཁའི་བུ་མོ་ཚུར་ཉོན་དང་།། མི་ཁ་ལ་འགྲོ་བའི་གཟུགས་མེད་ན། སོགས་མ་སྦུག་སྟོང་མི་ཁའི་གཟུགས། མི་ཁ་གཟུགས་དང་འགྲོགས་ནས་སོང་། མི་ཁའི་ལུས་ལ་མགོ་མེད་ན། རྫ་མ་དམར་པོ་མི་ཁའི་མགོ། མི་ཁ་མགོ་དང་འགྲོགས་ནས་སོང་། མི་ཁའི་མགོ་ལ་ཀླད་མེད་ན། སྦང་མ་ཆབ་ཆོབ་མི་ཁའི་ཀླད། མི་ཁ་ཀླད་དང་འགྲོགས་ནས་སོང་། མི་ཁའི་མགོ་ལ་སྐྲ་མེད་ན། ཕག་ཟེ་ནག་པོ་མི་ཁའི་སྐྲ། མི་ཁ་སྐྲ་དང་འགྲོགས་ནས་སོང་། མི་ཁར་ཉན་པའི་རྣ་བ་མེད་ན། ལབ་ཞོགས་ཉུང་ཞོགས་མི་ཁའི་རྣ་བ། མི་ཁའི་རྣ་བ་དང་འགྲོགས་ནས་སོང་། མི་ཁ་ལ་ལྟ་བའི་མིག་མེད་ན། ནག་ཆུང་སྲན་མ་མི་ཁའི་མིག། མི་ཁ་མིག་དང་འགྲོགས་ནས་སོང་། མི་ཁ་ལ་སྣོམ་པའི་སྣ་མེད་ན། རྫ་ལུང་དམར་པོ་མི་ཁའི་སྣ། མི་ཁ་སྣ་དང་འགྲོགས་ནས་སོང་། མི་ཁར་གདང་བའི་ཁ་མེད་ན། གཡེར་མ་ཁ་ཚ་མི་ཁའི་ཁ། མི་ཁ་ཁ་དང་འགྲོགས་ནས་སོང་། མི་ཁ་ལ་ཟ་བའི་སོ་མེད་ན། འགྲོན་བུ་ཁོག་སྟོང་མི་ཁའི་སོ། མི་ཁ་སོ་དང་འགྲོགས་ནས་སོང་། མི་ཁ་ལབ་པའི་ལྕེ་མེད་ན། ཟར་མ་དམར་ཆུང་མི་ཁའི་ལྕེ། མི་ཁ་ལྕེ་དང་འགྲོགས་ནས་སོང་། མི་ཁར་བསམ་པའི་སྙིང་མེད་ན། བྲ་བོ་ཟུར་གསུམ་མི་ཁའི་སྙིང་། མི་ཁ་སྙིང་དང་འགྲོགས་ནས་སོང་། མི་ཁར་སྙབ་པའི་ལག་མེད་ན། དབང་པོ་ལག་པ་མི་ཁའི་ལག། མི་ཁ་ལག་དང་འགྲོགས་ནས་སོང་། མི་ཁར་གྱོན་པའི་གོས་མེད་ན། དྲྭ་བ་ནག་པོ་མི་ཁའི་གོས། མི་ཁའི་གོས་དང་འགྲོགས་ནས་སོང་། མི་ཁ་ལ་འཆིང་པའི་སྐེད་མེད་ན། དྲེལ་ཐག་འཁོར་འཆིང་མི་ཁའི་སྐེད། མི་ཁ་སྐེད་དང་འགྲོགས་ནས་སོང་། མི་ཁ་ལ་འཛུགས་པའི་རྐང་མེད་ན། ར་ཚེ་ལུག་ཚེ་མི་ཁའི་རྐང་། མི་ཁ་རྐང་དང་འགྲོགས་ནས་སོང་། མི་ཁ་ལ་གྱོན་པའི་ལྷམ་མེད་ན། རྨིག་པ་ཁ་རག་མི་ཁའི་ལྷམ། མི་ཁ་ལྷམ་དང་འགྲོགས་ནས་སོང་། མི་ཁའི་མགོ་ལ་ཞྭ་མེད་ན། ར་སོག་ལུག་སོག་མི་ཁའི་ཞྭ། མི་ཁ་ལྷམ་དང་འགྲོགས་ནས་སོང་། མི་ཁ་ལ་ཞོན་པའི་རྟ་མེད་ན། བྲ་བ་དཀར་ནག་མི་ཁའི་རྟ། མི་ཁ་རྟ་དང་འགྲོགས་ནས་སོང་། མི་ཁ་ལ་ཀྱུར་བའི་གྲི་མེད་ན། ལྕགས་གྲི་ངར་མ་མི་ཁའི་གྲི། ཟངས་གྲི་དམར་པོ་མི་ཁའི་གྲི། ཤིང་གྲི་རྣོ་མེད་མི་ཁའི་གྲི། མི་ཁ་ཁྱོད་གྲི་དང་འགྲོགས་ནས་སོང་། མི་ཁ་ལ་མདའ་དང་གཞུ་མེད་ན། སྐྱེར་མདའ་སྐྱེར་གཞུ་མི་ཁའི་གཞུ། སྤེན་མདའ་སྤེན་གཞུ་མི་ཁའི་གཞུ། མི་ཁ་ཁྱོད་མདའ་གཞུ་ལ་འགྲོགས་ནས་སོང་། མི་ཁ་ལ་ཟ་བའི་ཟས་མེད་ན། སྔོ་ཚོད་ཚོད་མེད་པའི་མི་ཁའི་ཟས། སྒོ་ཙོང་ལ་ཕུག་མི་ཁའི་ཟས། ལབ་ཞོགས་ཉུང་ཞོགས་མི་ཁའི་ཟས། ཤ་ཟོས་རུས་པ་མི་ཁའི་ཟས། ཆང་འཐུང་སྦང་མ་མི་ཁའི་ཟས། ཇ་འཐུང་ལྷབ་རོ་མི་ཁའི་ཟས། ཚྭ་བུལ་མར་གསུམ་མི་ཁའི་ཟས། འཐིང་དུ་འཐུང་ཤུན་མི་ཁའི་ཟས། མི་ཁ་ཁྱོད་ཟས་དང་འགྲོགས་ནས་སོང་། མི་ཁ་ལ་བསགས་པའི་ནོར་མེད་ན། གཟར་ཆག་ཕོར་ཆག་མི་ཁའི་ནོར། གསེར་དངུལ་ཟངས་ལྕགས་མི་ཁའི་ནོར། དར་སྣ་གོས་སྣ་མི་ཁའི་ནོར། འབྲུ་སྣ་སྣ་ཚོགས་མི་ཁའི་ནོར། བལ་ཚོན་དཀར་དམར་མི་ཁའི་མི་ཁའི་ནོར། མི་ཁ་ཁྱོད་ནོར་དང་འགྲོགས་ནས་སོང་། མི་ཁ་བརྟེན་པའི་མཁར་མེད་ན། གཡག་རུ་སྐྱོགས་མོ་མི་ཁའི་མཁར། ནམ་མཁའ་རྒྱང་བུ་མི་ཁའི་མཁར། མི་ཁ་མཁར་དང་འགྲོགས་ནས་སོང་། མི་ཁ་ལ་འགྲོ་བའི་ལམ་མེད་ན། རྩ་ལམ་ཆུ་ལམ་མི་ཁའི་ལམ། ཐལ་ལམ་ཐལ་ཤུལ་མི་ཁའི་ལམ། འདྲེ་ལམ་སྐྱོགས་མོ་མི་ཁའི་ལམ། བདུད་ལམ་ནག་མོ་མི་ཁའི་ལམ། མི་ཁ་ཁྱོད་ལམ་དང་འགྲོགས་ནས་སོང་། སྦྱིན་བདག་མི་ནོར་འཁོར་བཅས་ཀྱི། གླུད་དང་ཆག་སྒོ་ཁྱེར་ལ་སོང་། མི་ཁའི་བུ་མོ་མ་སྡོད་སོང་། སྦྱིན་པའི་བདག་པོ་འདེ་དག་གི། ཡར་གྱི་མཁར་གྱི་རྩེ་མོ་ནས། མར་གྱི་ཐེམ་པ་ཡན་ཆད་ལ། ལོ་གཅིག་ཟླ་བ་བཅུ་གཉིས་ལ། ཞག་མ་སུམ་བརྒྱ་དྲུག་བཅུ་ཡོད། ལུས་ཀྱི་ན་ཚ་ཁུར་ནས་སོང་། སེམས་ཀྱི་སྡུག་བསྔལ་ཁུར་ནས་སོང་། ཁ་ནས་ཁམ་ཆུ་ཁུར་ནས་སོང་། དཔོན་པོའི་འགོང་པོ་ཁུར་ནས་སོང་། ཉེས་པའི་ཆག་སྒོ་ཁུར་ནས་སོང་། མི་ཁ་གླེང་གཞི་ཁུར་ནས་སོང་། མི་ཁ་མ་སྡོད་མི་ཁ་སོང་། བརྩིགས་པའི་མཁར་ལ་མ་ཆགས་ཤིག། སྟེང་གི་མི་ལ་མ་ཆགས་ཤིག། འོག་གི་ཕྱུགས་ལ་མ་ཆགས་ཤིག། སྒོ་ཡི་ཁྱི་ལ་མ་ཆགས་ཤིག། སྐྱེས་པ་ཕོ་ལ་མ་ཆགས་ཤིག། ཟ་མ་མོ་ལ་མ་ཆགས་ཤིག། བྱིས་པ་ཆུང་ལ་མ་ཆགས་ཤིག། བཏབ་པའི་ཞིང་ལ་མ་ཆགས་ཤིག། དཀར་གྱི་ཞོ་ལ་མ་ཆགས་ཤིག། བཙོས་པའི་ཆང་ལ་མ་ཆགས་ཤིག། གསེར་དང་དངུལ་མ་ཆགས་ཤིག། སྔོན་པོ་གཡུ་ལ་མ་ཆགས་ཤིག། དཀར་མི་ནས་ལ་མ་ཆགས་ཤིག། བརྒྱན་པའི་གོས་ལ་མ་ཆགས་ཤིག། ཞོན་པའི་རྟ་ལ་མ་ཆགས་ཤིག། སྨུག་ཆུང་དྲེལ་ལ་མ་ཆགས་ཤིག། ཁྱུང་དཀར་མཛོ་ལ་མ་ཆགས་ཤིག། འདོད་ཇོ་བ་ལ་མ་ཆགས་ཤིག། སེ་ལེ་འབྲེ་ལ་མ་ཆགས་ཤིག། གཡང་དཀར་ལུག་ལ་མ་ཆགས་ཤིག། ཚེ་ཚེ་ར་ལ་མ་ཆགས་ཤིག། ལྕགས་དང་ཟངས་ལ་མ་ཆགས་ཤིག། བརྒྱ་ཀ་མང་གིས་གླེང་བ་བཟློག། སྟོང་མིག་མང་གིས་བལྟས་པ་བཟློག། རྒྱལ་ཁམས་མི་ཡིས་གླེང་བ་བཟློག། མི་ཁ་མ་སྡོད་མི་ག་སོང་། བྷྱོ། བྷྱོ། བཟློག་བཟློག་ཅིག།

"https://dz.wikipedia.org/w/index.php?title=User:ཨྱོན་དབང་དྲག&oldid=36085" ལས་ སླར་འདྲེན་འབད་ཡོདཔ།