Jump to content

གཙང་པ་རྒྱ་རས་ཀྱིས་མཛད་པའི་དགེ་སྦྱོར་བདུན་པའི་སྨོན་ལམ་རྒྱས་པ།

Wikipedia ལས།

༄༅། །ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་མཛད་པའི་དགེ་སྦྱོར་བདུན་པའི་སྨོན་ལམ་བཞུགསསོ།།

༄༅། །སྨོན་ལམ་རིང་པོ་འདི་ནི་རང་འདོད་ཀྱི་འཁྲི་བ་མེད་པར་ལྷག་བསམ་རྣམ་པར་དག་པས། བླ་མ་དཀོན་མཆོག་རྣམས་ཀྱང་སྨོན་ལམ་ལ་ཐུགས་གཏོད་ཅིང་བྱིན་གྱིས་རློབ་པར་བསམས་ལ་སྨོན་ལམ་གདབ་པ་ནི། བདག་གཞན་ཐམས་ཅད་ཀྱི་དུས་གསུམ་གྱི་དགེ་བའི་རྩ་བ་འདིས་ནམ་མཁའ་དང་མཉམ་པའི་འཁོར་འདས་ཐམས་ཅད་ཀྱི་དོན་དུ་བདག་ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྒྱུནཆད་མེད་པ་ཐོབ་པར་གྱུར་ཅིག། ཚེ་རབས་ཐམས་ཅད་དུ་དད་པ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །མོས་གུས་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །བརྩོན་འགྲུས་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །ཤེས་རབ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག ། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །ཡོན་ཏན་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །ཚེ་རིང་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །ནད་མེད་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །གཟི་བརྗིད་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །གཟུགས་བཟང་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །རིགས་མཐོ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །ལོངས་སྤྱོད་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །གཏོང་ཕོད་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །སྙིང་རྗེ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །གོ་ཆ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །སྙིང་རུས་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །གཉེན་པོ་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །དབྱངས་སྙན་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །བཙན་ཞིང་ཆེ་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་རྡོ་རྗེའི་སྐུ་ཐོབ་པར་གྱུར་ཅིག །ཡན་ལག་དྲུག་ཅུ་དང་ལྡན་པ་ཚངས་པའི་དབྱངས་ཐོབ་པར་གྱུར་ཅིག། ཤེས་བྱ་ཀུན་ལ་མཁས་པའི་ཡེ་ཤེས་ཀྱི་ཐུགས་དང་ལྡན་པར་གྱུར་ཅིག །སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་རྣམས་དང་མཇལ་བར་གྱུར་ཅིག །མཇལ་ནས་མཉེས་པ་གསུམ་མཐར་ཕྱིན་པ་འགྲུབ་པར་གྱུར་ཅིག །མི་མཉེས་པ་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག །དགེ་བའི་བཤེས་གཉེན་དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ཡོན་ཏན་མ་ལུས་པ་བདག་གི་ལུས་ངག་ཡིད་གསུམ་ལ་འཇུག་ཅིང་ཡོངས་སུ་རྫོགས་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་བླ་མ་སངས་རྒྱས་ཀྱི་ཞབས་དྲུང་དུ་གཞོན་ནུ་ལ་རབ་ཏུ་འབྱུང་བར་གྱུར་ཅིག །ཚུལ་ཁྲིམས་དང་དམ་ཚིག་མཐར་ཕྱིན་པར་སྲུང་ནུས་པར་གྱུར་ཅིག །བསླབ་པ་གསུམ་གྱི་གཞི་བཟུང་ནས་དམ་པའི་ཆོས་མཐའ་དག་ལ་ཚུལ་བཞིན་དུ་སྤྱོད་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་འགྲུབ་པར་གྱུར་ཅིག །དམ་པའི་ཆོས་སྒྲུབ་ཅིང་ཉམས་སུ་ལེན་པ་ལ་ཕྱི་ནང་གི་བར་ཆད་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག །ཡོན་ཏན་གྱི་རྩལ་ཁ་རྫོགས་པར་གྱུར་ཅིག །བརྒྱུད་པའི་སྲོལ་ཁ་ཟིན་པར་གྱུར་ཅིག །ཕ་རྗེས་བུས་སོབས་པར་གྱུར་ཅིག། སྟོང་ཉིད་དང་སྙིང་རྗེ་འབྱོངས་པར་གྱུར་ཅིག །རང་གཞན་གྱི་དོན་གཉིས་འགྲུབ་པར་གྱུར་ཅིག །རྟོགས་པའི་ཡེ་ཤེས་འཆར་བར་གྱུར་ཅིག །མ་རིག་པའི་མུན་པ་སངས་པར་གྱུར་ཅིག །རྐྱེན་བཟང་ངན་ཐམས་ཅད་སངས་རྒྱས་ཀྱི་ལམ་དུ་སློང་བར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་ཤེས་རབ་ཆེན་པོས་ཆོས་ཉིད་བདེན་པའི་དོན་རྟོགས་པར་གྱུར་ཅིག །སྙིང་རྗེ་ཆེན་པོས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པར་གྱུར་ཅིག། བྱིན་རླབས་ཆེན་པོས་གཞན་གྱི་སྣང་བ་སྒྱུར་ནུས་པར་གྱུར་ཅིག །གདམས་ངག་ཆེན་པོས་གཞན་གྱི་རྒྱུད་ལ་ཡོན་ཏན་འཁོད་ནུས་པར་གྱུར་ཅིག །ཉམས་མྱོང་ཆེན་པོས་གཞན་གྱི་ལམ་སྣ་འཁྲིད་ནུས་པར་གྱུར་ཅིག །རྟོགས་པས་བདག་གྲོལ་བར་གྱུར་ཅིག །ཐུགས་རྗེས་གཞན་གྲོལ་བར་གྱུར་ཅིག །གདུལ་བྱ་དུས་ལ་བབ་པར་གྱུར་ཅིག །རྟེན་འབྲེལ་ཐབས་ལ་མཁས་པར་གྱུར་ཅིག །གཟུང་འཛིན་མཁའ་ལྟར་དག་པར་གྱུར་ཅིག །བཟོད་མེད་ཀྱི་སྙིང་རྗེ་འབྱོངས་པར་གྱུར་ཅིག །ལས་འབྲས་ཀྱི་རྟེན་འབྲེལ་འཆར་བར་གྱུར་ཅིག། རང་འདོད་ཀྱི་རྩ་བ་ཆོད་པར་གྱུར་ཅིག །རིགས་དྲུག་ལ་སྒོམ་ཕྱོགས་མེད་དུ་ཐེབས་པར་གྱུར་ཅིག། ཁམས་གསུམ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་དུས་གསུམ་སངས་ རྒྱས་ཀྱི་སྐུ་གསུང་ཐུགས་སུ་སྐད་ཅིག་མ་ཉིད་ལ་ངོ་འཕྲོད་པར་གྱུར་ཅིག ། དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེ་བར་གྱུར་ཅིག །མོས་གུས་ལ་ལྟེམས་བརྐྱང་མི་འབྱུང་བར་གྱུར་ཅིག། དད་གུས་ལ་བརྟན་པ་ཐོབ་པར་གྱུར་ཅིག །ཡིད་ཆེས་ལ་རྒྱུན་ཆད་མི་འབྱུང་བར་གྱུར་ཅིག །ཐུགས་ཡིད་གཅིག་ཏུ་འདྲེ་བར་གྱུར་ཅིག། བླ་མ་སངས་རྒྱས་ཀྱི་བྱིན་རླབས་དང་ཡོན་ཏན་མ་ལུས་པ་འཇུག་པར་གྱུར་ཅིག །སྐྱོན་དག་ཡོན་ཏན་རྫོགས་པར་གྱུར་ཅིག །ཚེ་འདི་བློ་ཡིས་ཐོངས་བར་གྱུར་ཅིག། དགོས་མེད་རྒྱུད་ལ་སྐྱེ་བར་གྱུར་ཅིག །ཞེན་པ་གཏིང་ནས་ལྡོག་པར་གྱུར་ཅིག། འཁྲི་བ་རྩད་ནས་ཆོད་པར་གྱུར་ཅིག །འདོད་ཡོན་ལ་བློ་མི་འཇུག་པར་གྱུར་ཅིག །བྱ་བ་ལ་ལག་མི་འཇུག་པར་གྱུར་ཅིག །འཁོར་བ་ལ་ཡིད་མི་འཇུག་པར་གྱུར་ཅིག །གཞན་སྤྱོད་ལ་སེམས་མི་འཇུག་པར་གྱུར་ཅིག། བཟློག་སྒོམ་གནད་དུ་ཚུད་པར་གྱུར་ཅིག །གཉེན་པོ་ལ་དབང་ཐོབ་པར་གྱུར་ཅིག །རོ་སྙོམས་གདེང་དུ་ཚུད་པར་གྱུར་ཅིག །ཆོས་བརྒྱད་མགོ་བོ་སྙོམས་པར་གྱུར་ཅིག །བདེ་སྡུག་རོ་སྙོམས་པར་གྱུར་ཅིག །རྐྱེན་ངན་གྲོགས་སུ་འཆར་བར་གྱུར་ཅིག །རྣམ་རྟོག་ཕྲིན་ལས་སུ་འཆར་བར་གྱུར་ཅིག །རེ་དོགས་ཀྱི་གཡང་ས་ཆོད་པར་གྱུར་ཅིག །དགག་སྒྲུབ་སྤང་བླང་དང་འབྲལ་བར་གྱུར་ཅིག །རྐྱེན་སྣང་བཟང་ངན་ཐམས་ཅད་ཆོས་ཉིད་དུ་རོ་སྙོམས་པར་གྱུར་ཅིག །ཞིང་ཁམས་ཕྱོགས་མེད་དུ་འབྱོངས་པར་གྱུར་ཅིག །དག་སྣང་ཕྱོགས་མེད་དུ་སྐྱེ་བར་གྱུར་ཅིག །སྣང་བ་བླ་མར་འཆར་བར་གྱུར་ཅིག། སྣང་བ་ཡི་དམ་དུ་འཆར་བར་གྱུར་ཅིག །སྣང་བ་ཆོས་སྐུར་འཆར་བར་གྱུར་ཅིག །སྣང་བ་སྐུ་གསུམ་དུ་འཆར་བར་གྱུར་ཅིག །སྣང་བ་བདེ་བར་འཆར་བར་གྱུར་ཅིག །སྣང་བ་སྒྱུ་མར་འཆར་བར་གྱུར་ཅིག །སྣང་བ་རྟེན་འབྲེལ་དུ་འཆར་བར་གྱུར་ཅིག །སྣང་བ་ནོར་བུར་འཆར་བར་གྱུར་ཅིག། །བཟང་ངན་འབྲིང་གསུམ་སྤྱི་བོར་འཁུར་ནུས་པར་གྱུར་ཅིག །རང་གཞན་ཐམས་ཅད་ལ་ཡིད་འོང་གི་བྱམས་པ་འབྱོངས་པར་གྱུར་ཅིག །ཚད་མེད་ཀྱི་སྙིང་རྗེ་འབྱོངས་པ་གྱུར་ཅིག། །ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་འབྱོངས་པར་གྱུར་ཅིག །བདག་གཞན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་གྱུར་ཅིག། བདེ་སྡུག་བརྗེ་ནུས་པར་གྱུར་ཅིག །གཞན་གྱི་སྡུག་བསྔལ་ཐམས་ཅད་དགའ་བཞིན་སྤྲོ་བཞིན་དུ་འཁུར་ནུས་པར་ཅིག །འཁུར་ནས་སྤྱོད་ནུས་པའི་སྙིང་རྗེ་དང་ལྡན་པར་གྱུར་ཅིག། །སྙིང་རྗེའི་སྒོ་ནས་ལམ་དུ་སློངས་པར་གྱུར་ཅིག། སྟོང་ཉིད་ཀྱི་དོན་ལ་རོ་སྙོམས་པར་གྱུར་ཅིག །སྡུག་བསྔལ་གྱི་རང་བཞིན་ཟག་པ་མེད་པའི་བདེ་བ་ཆེན་པོར་འཆར་བར་གྱུར་ཅིག །བདག་གི་བདེ་སྐྱིད་ཐམས་ཅད་གཞན་ལ་དགའ་སྤྲོ་དང་བཅས་ཏེ་སྟེར་ནུས་པར་གྱུར་ཅིག །བྱིན་ནས་ཀྱང་འཁོར་འདས་ཐམས་ཅད་ལ་ད་ལྟ་ཉིད་དུ་སྨིན་ཅིང་ཁྱབ་པར་གྱུར་ཅིག །དེས་སྐྱོན་ཐམས་ཅད་དག་ཅིང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་ད་ལྟ་ཉིད་དུ་དོན་གཉིས་ཕུན་སུམ་ཚོགས་པ་རྩོལ་མེད་དུ་འགྲུབ་པར་གྱུར་ཅིག །ཆིག་ཆོག་གནད་དུ་ཚུད་པར་གྱུར་ཅིག །མཉམ་གཞག་ལ་བརྟན་པ་ཐོབ་པར་གྱུར་ཅིག །ཞི་གནས་མཐར་ཕྱིན་པར་གྱུར་ཅིག །བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་འབྱོངས་པར་གྱུར་ཅིག །མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་སྐྱེ་བར་གྱུར་ཅིག །རིག་པའི་རྩ་བ་ཆོད་པར་གྱུར་ཅིག །རྣམ་རྟོག་ཆོས་སྐུར་འཆར་བར་གྱུར་ཅིག །སྐྱོན་ཡོན་ཏན་དུ་སློངས་པར་གྱུར་ཅིག །འཁྲུལ་པ་ཡེ་ཤེས་སུ་འཆར་བར་གྱུར་ཅིག །འཁོར་བ་མྱང་འདས་སུ་རྟོགས་པར་གྱུར་ཅིག །སྡུག་བསྔལ་བདེ་བར་འཆར་བར་གྱུར་ཅིག །བར་ཆད་དངོས་གྲུབ་ཏུ་འདུས་པར་གྱུར་ཅིག །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །སྣང་བ་དབང་དུ་འདུས་པར་གྱུར་ཅིག །ལས་འབྲེལ་ཕྱོགས་མེད་དུ་གཞོག་པར་གྱུར་ཅིག །འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག །བདག་གིས་གཞན་ལ་དུས་གསུམ་དུ་ཕན་གནོད་ཀྱི་ལས་ཅི་བྱས་པ་དང་། གཞན་གྱིས་བདག་ལ་དུས་གསུམ་དུ་ཕན་གནོད་ཀྱི་ལས་ཅི་བྱས་པ་དེ་རྣམས་ཐམས་ཅད་ལམ་ལོག་པ་དང་བཏང་སྙོམས་སུ་སྐད་ཅིག་ཙམ་ཡང་མི་འགྲོ་བར་གྱུར་ཅིག །ནང་གི་རྒྱུ་ཕྱིའི་རྐྱེན་བར་གྱི་མཚམས་སྦྱོར་ལ་སོགས་པའི་དུས་གསུམ་གྱི་ལས་ངན་རྒྱུ་འབྲས་ས་བོན་དང་བཅས་པ་ཐམས་ཅད་ད་ལྟ་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག །སླན་ཆད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། རྙེད་པ་དང་བཀུར་སྟི། གྲགས་འདོད་དང་རློམས་སེམས་ལ་སོགས་པ་མི་དགེ་བའི་བསམ་སྦྱོར་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག །ཚོགས་གཉིས་རླབས་པོ་ཆེ་རྩོལ་མེད་དུ་གསོག་པར་གྱུར་ཅིག གསང་སྔགས་ཀྱི་སྣོད་དུ་རུང་བར་གྱུར་ཅིག །དབང་རྣམ་པ་བཞི་ཐོབ་པར་གྱུར་ཅིག །ཡེ་ཤེས་ངོས་ཟིན་པར་གྱུར་ཅིག །དམ་ཚིག་གཙང་མ་སྲུང་ནུས་པར་གྱུར་ཅིག །བསྐྱེད་རྫོགས་ལ་བརྟན་པ་ཐོབ་པར་གྱུར་ཅིག །ཕྲིན་ལས་བཞི་འགྲུབ་པར་གྱུར་ཅིག །རྒྱུ་འབྲས་ཀྱི་ཕྲ་ཞིབ་ཤེས་པར་གྱུར་ཅིག །རིག་པའི་འགྲོ་ལྡོག་གོ་བར་གྱུར་ཅིག །དགེ་སྡིག་གི་འདོར་ལེན་ཤེས་པར་གྱུར་ཅིག །སྣང་བ་ལ་བྱན་ཚུད་པར་གྱུར་ཅིག །ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ལ་མཁས་པར་གྱུར་ཅིག །གཞན་སྣང་དབང་དུ་འདུས་པར་གྱུར་ཅིག། སྨོན་ལམ་རྒྱ་ཆེན་པོ་འདེབས་ནུས་པར་གྱུར་ཅིག །གང་བཏབ་ཀྱི་འབྲས་བུ་ཚེ་འདི་ཉིད་ལ་སྨིན་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཚེ་འདི་དང་སྐྱེ་བ་གཞན་དག་ཐམས་ཅད་དུ་འགྲོ་དོན་དཔག་ཏུ་མེད་པ་རྩོལ་མེད་དུ་འགྲུབ་པར་གྱུར་ཅིག །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འགྲུབ་པར་གྱུར་ཅིག །བསྡུ་བ་བཞིའི་སྒོ་ནས་འགྲུབ་པར་གྱུར་ཅིག །ཕྲིན་ལས་བཞིའི་སྒོ་ནས་འགྲུབ་པར་གྱུར་ཅིག །ཚད་མེད་པ་བཞིའི་སྒོ་ནས་འགྲུབ་པར་གྱུར་ཅིག །བསླབ་པ་གསུམ་གྱི་སྒོ་ནས་འགྲུབ་པར་གྱུར་ཅིག །གྲུབ་ཆེན་བརྒྱད་ཀྱི་སྒོ་ནས་འགྲུབ་པར་གྱུར་ཅིག །འབད་པ་དང་རྩོལ་བ་མེད་པའི་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །ལུས་དང་སྲོག་ལ་མི་ལྟ་བར་གྱུར་ཅིག །ངལ་བ་དང་སྐྱོ་དུབ་མེད་པར་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །བདག་ཤི་བའི་འོག་ཏུ་ཡང་མགོ་དང་། རྐང་ལག་དང་། ཤ་དང་། རུས་པ་དང་། ཡན་ལག་དང་། ཉིང་ལག་དང་། སྐྲ་དང་བ་སྤུ་། སོ་དང་སེན་མོ། ཁྲག་དང་ཆུ་སེར། ཞག་དང་ཚིལ་བུ། དབང་པོ་ལྔ་ལ་སོགས་པའི་སྒོ་ནས་ཀྱང་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །བདག་ལ་དུས་གསུམ་དུ་དགའ་ཞིང་མགུ་བར་བྱེད་ཅིང་དད་གུས་ཀྱིས་གསོལ་བ་འདེབས་པ་དང་། བདག་གི་རྗེས་སུ་འཇུག་པ་རྣམས་ཀྱི་རྒྱུད་ལ་རྟོགས་པ་མཆོག་ཏུ་གྱུར་པ་ཚེགས་མེད་དུ་སྐྱེ་བར་གྱུར་ཅིག །ཉམས་མྱོང་རྒྱུན་ཆད་མེད་པར་བརྟན་པར་གྱུར་ཅིག །ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེ་བར་གྱུར་ཅིག །མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྩོལ་མེད་དུ་ཐོབ་པར་གྱུར་ཅིག །སྣང་བ་རྟེན་འབྲེལ་དུ་ཤར་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་གྱུར་ཅིག །བདག་ལ་དུས་གསུམ་དུ་མ་དད་ཅིང་སྐུར་པ་འདེབས་པ་དང་། སྨོད་ཅིང་ཕྲག་དོག་པ་དང་། བརྙས་ཤིང་བསམ་སྦྱོར་ངན་པ་བྱེད་པ་དང་། ངན་སྨྲས་དང་ཀྱལ་ཁ་གཏོང་བ་དེ་དག་གིས་བདག་གི་དུས་གསུམ་གྱི་ལས་ངན་མི་དགེ་བའི་རྒྱུ་འབྲས་ས་བོན་བག་ལ་ཉལ་བ་དང་བཅས་པ་ད་ལྟ་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག །དེ་དག་གི་རྒྱུད་ལ་རྣམ་སྨིན་གྱི་འབྲས་བུ་མི་འབྱུང་ཞིང་སངས་རྒྱ་བའི་གེགས་སུ་མི་འགྲོ་བར་གྱུར་ཅིག །དེ་དག་བདག་གི་གདུལ་བྱར་གྱུར་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་བདག་གི་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་ཆེ་དེ་ཉིད་ལ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱ་བར་གྱུར་ཅིག །བདག་གི་བླ་མ་སངས་རྒྱས་རྣམས་ཀྱི་སྐུ་ཚེ་ནམ་མཁའ་དང་མཉམ་པར་འཕེལ་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གྱུར་ཅིག །འཕྲིན་ལས་ནམ་མཁའ་དང་མཉམ་པར་འཕེལ་ནས་འཁོར་བ་དོང་སྤྲུགས་པར་མཛད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་བླ་མ་དུས་གསུམ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྐུ་ཚེ་ཞིང་ཁམས་མཛད་པ་རྣམ་འཕྲུལ་ཡེ་ཤེས་མ་ལུས་པ་ནམ་ མཁའ་དང་མཉམ་པར་འཕེལ་ནས་ཐུགས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་རྫོགས་པར་གྱུར་ཅིག །དུས་གསུམ་གྱི་ལམ་དུ་ཞུགས་པ་དང་འཇུག་པ་ཐམས་ཅད་ཀྱི་སྐྱོན་ཐམས་ཅད་དག་ཅིང་ཡོན་ཏན་ཐམས་ཅད་རྫོགས་པར་གྱུར་ཅིག །དུས་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་རྫོགས་པའི་བྱང་ཆུབ་ཏུ་ཚེ་གཅིག་ལ་སངས་རྒྱ་བར་གྱུར་ཅིག །བདག་གི་ལུས་ངག་ཡིད་གསུམ་ལ་བླ་མ་སངས་རྒྱས་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་མ་ལུས་པ་ད་ལྟ་ཉིད་དུ་འཇུག་ཅིང་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་གི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་བླ་མ་སངས་རྒྱས་རྣམས་ཀྱི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དུས་སྐད་ཅིག་མ་རེ་རེ་ལ་འགྱེད་ནུས་པར་གྱུར་ཅིག །ནམ་མཁའ་དང་མཉམ་པའི་འཁོར་འདས་ཐམས་ཅད་ཀྱི་མདུན་དུ་བདག་གི་ཕན་བྱེད་ཀྱི་སྤྲུལ་པ་རེ་རེ་ད་ལྟ་ཉིད་དུ་སྣང་བར་གྱུར་ཅིག །སྣང་མ་ཐག་ཏུ་དགའ་ཞིང་མགུ་ལ་དད་ཅིང་མོས་པ་སྐྱེས་ནས་དྭང་ཞིང་སྤྲོ་བའི་སྒོ་ནས་རང་དབང་མེད་པར་བདག་གི་དབང་དུ་འདུས་པར་གྱུར་ཅིག །དུས་གསུམ་དུ་བདག་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པའི་སྐད་ཅིག་མ་ཉིད་ལ་འཁོར་འདས་མ་ལུས་པའི་རྒྱུད་ལ་ཟག་པ་མེད་པའི་བདེ་བ་ཆེན་པོས་ཚིམ་ནས་ཉེས་པའི་སྐྱོན་ཐམས་ཅད་དགཅིང་ལེགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །མདོར་ན་བླ་མ་སངས་རྒྱས་ཀྱི་ཕྲིན་ལས་མ་ལུས་པ་བདག་གིས་རྩོལ་མེད་དུ་འགྲུབ་པར་གྱུར་ཅིག། འགྲོ་བའི་དོན་རླབས་པོ་ཆེ་རྩོལ་མེད་དུ་འགྲུབ་པར་གྱུར་ཅིག། །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱོད་ནུས་པར་གྱུར་ཅིག །གཞན་ཡང་དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་རྟོགས་པ་མཆོག་ཏུ་གྱུར་པ་སྐྱེ་བར་གྱུར་ཅིག །ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་སྐྱེ་བར་གྱུར་ཅིག །ཉམས་མྱོང་རྒྱུན་ཆད་མེད་པར་གྱུར་ཅིག །མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་གྱུར་ཅིག །རང་འདོད་ཚེ་འདིའི་བསམ་པ་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག །འགྲོ་བའི་དོན་བྱེད་པ་ལ་མིག་སྨན་དང་རིལ་བུ་ལ་སོགས་པ་གྲུབ་ཆེན་བརྒྱད་ལ་མངའ་བརྙེས་པར་གྱུར་ཅིག །ནད་དང་། གདོན་དང་། ཉོན་མོངས་པ་དང་། གཞན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག། ཚེ་དང་། དབང་ཐང་དང་། ལོངས་སྤྱོད་དང་། འཁོར་རྒྱས་པར་གྱུར་ཅིག། རྒྱལ་པོ་དང་། བློན་པོ་དང་། བཙུན་མོ་དང་། དམངས་ཕལ་པ་ལ་སོགས་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག། བླ་མའི་སྐུ་དགྲར་གྱུར་པ། དཀོན་མཆོག་གི་དབུ་འཕངས་སྨོད་པ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། རྣལ་འབྱོར་གྱི་སྐུ་ལ་སྡེ་བ་ལ་སོགས་པ་སེམས་ཅན་ཡོངས་ལ་གནོད་པའི་གདུག་པ་ཅན་ཐམས་ཅད་ཚར་ཆོད་པར་གྱུར་ཅིག། །མདོར་ན་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་བྱེད་པ་ཐམས་ཅད་སེམས་ཅན་གྱི་དོན་འབའ་ཞིག་ཏུ་འགྱུར་བར་གྱུར་ཅིག། །དགེ་བའི་རྩ་བ་འདི་ལ་བརྟེན་ནས་ཚེ་རབས་ཐམས་ཅད་དུ་རྣམ་པར་རྟོག་པ་ལམ་དུ་སློངས་པར་གྱུར་ཅིག། ཉོན་མོངས་པ་ལམ་དུ་སློངས་པར་གྱུར་ཅིག །ལྷ་འདྲེ་ལམ་དུ་སློངས་པར་གྱུར་ཅིག །འཁོར་བའི་སྡུག་བསྔལ་ལམ་དུ་སློངས་པར་གྱུར་ཅིག། །ན་ཚ་ལམ་དུ་སློངས་པར་གྱུར་ཅིག །འཆི་བ་ལམ་དུ་སློངས་པར་གྱུར་ཅིག། །བདག་འཛིན་བློས་ཐོངས་པར་གྱུར་ཅིག། །སྡུག་བསྔལ་ལ་སྐྱོན་དུ་མི་བལྟ་བར་གྱུར་ཅིག། །སྐྱིད་པ་ཆོས་བརྒྱད་ཆེད་དུ་མི་སྒྲུབ་པར་གྱུར་ཅིག། །ལྷ་འདྲེ་དབང་དུ་འདུས་པར་གྱུར་ཅིག །བར་ཆད་ལམ་དུ་སློངས་པར་གྱུར་ཅིག། སེམས་ལ་དབང་ཐོབ་པར་གྱུར་ཅིག །སྣང་བ་ལ་དབང་ཐོབ་པར་གྱུར་ཅིག། །འབྱུང་བ་ལ་དབང་ཐོབ་པར་གྱུར་ཅིག །ལས་ལ་དབང་ཐོབ་པར་གྱུར་ཅིག། ཉོན་མོངས་པ་ལ་དབང་ཐོབ་པར་གྱུར་ཅིག། །གཉེན་པོ་ལ་དབང་ཐོབ་པར་གྱུར་ཅིག། །བསྡུ་བ་བཞི་ལ་དབང་ཐོབ་པར་གྱུར་ཅིག། །ཕྲིན་ལས་བཞི་ལ་དབང་ཐོབ་པར་གྱུར་ཅིག། །སྤྱོད་པ་བཞི་ལ་དབང་ཐོབ་པར་གྱུར་ཅིག། །ལུས་ངག་ཡིད་གསུམ་ལ་དབང་ཐོབ་པར་གྱུར་ཅིག །ཚེ་ལ་དབང་ཐོབ་པར་གྱུར་ཅིག། །ལོངས་སྤྱོད་ལ་དབང་ཐོབ་པར་གྱུར་ཅིག །གཟི་བརྗིད་ལ་དབང་ཐོབ་པར་གྱུར་ཅིག། །ཐུགས་རྗེ་ལ་དབང་ཐོབ་པར་གྱུར་ཅིག། །སྐྱེ་བ་ལ་དབང་ཐོབ་པར་གྱུར་ཅིག། །མོས་པ་ལ་དབང་ཐོབ་པར་གྱུར་ཅིག། །སྨོན་ལམ་ལ་དབང་ཐོབ་པར་གྱུར་ཅིག། །རྫུ་འཕྲུལ་ལ་དབང་ཐོབ་པར་གྱུར་ཅིག། །ཡེ་ཤེས་ལ་དབང་ཐོབ་པར་གྱུར་ཅིག། །ཆོས་ལ་དབང་ཐོབ་པར་གྱུར་ཅིག། །རླུང་སེམས་ལ་དབང་ཐོབ་པར་གྱུར་ཅིག། །རྟེན་འབྲེལ་ལ་དབང་ཐོབ་པར་གྱུར་ཅིག། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལ་དབང་ཐོབ་པར་གྱུར་ཅིག། །འཆི་བ་ལ་དབང་ཐོབ་པར་གྱུར་ཅིག། །དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་བདག་འཆི་བའི་དུས་སུ་གཤིས་ངན་དུ་མི་འཆི་བར་གྱུར་ཅིག། །གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བར་གྱུར་ཅིག། །དྲན་པ་དང་ཤེས་བཞིན་དང་ལྡན་ཏེ་རང་ལ་དབང་ཡོད་པར་བསམས་བཞིན་དུ་སེམས་དགའ་སྤྲོ་དང་བཅས་ཏེ་འཆི་བར་གྱུར་ཅིག། །བར་དོ་དང་པོ་ལ་འོད་གསལ་ངོས་ཟིན་ནས་རང་དོན་ཆོས་ཀྱི་སྐུར་སངས་རྒྱས་པར་གྱུར་ཅིག། །ཟག་མེད་ཀྱི་སྙིང་རྗེ་འབྱོངས་ནས་གཞན་སྣང་ལ་སྐུ་རྣམ་པ་གཉིས་ཀྱིས་འཁོར་བ་དོང་སྤྲུགས་ཐོངས་པར་གྱུར་ཅིག། །གལ་ཏེ་བདག་ལ་སྲིད་པ་བར་མ་དོའི་སྣང་བ་ཤར་ན་བར་དོ་ལ་བར་དོར་ངོ་ཤེས་པར་གྱུར་ཅིག། །དག་པ་ཡེ་ཤེས་ཀྱི་སྐུ་ལུས་སུ་བལྟ་ནུས་པར་གྱུར་ཅིག། །ཞིང་ཁམས་ཐམས་ཅད་ལྷར་འབྱོངས་པར་གྱུར་ཅིག། །འོད་གསལ་གྱི་མེས་དངོས་པོའི་བག་ཆགས་ཐམས་ཅད་སྲེད་པར་གྱུར་ཅིག། །མངལ་གྱི་སྒོ་ཁེགས་པར་གྱུར་ཅིག། །རིག་པ་ལ་རང་དབང་ཐོབ་པར་གྱུར་ཅིག། །བསམ་བཞིན་དུ་སྐྱེ་བ་བླངས་ཏེ་གཞན་དོན་རླབས་པོ་ཆེ་འགྲུབ་པར་གྱུར་ཅིག། །མངོན་པར་ཤེས་པ་དྲུག་དང་ལྡན་པ་གྱུར་ཅིག། །ལྷའི་མིག་གི་མངོན་པར་ཤེས་པ་ཐོབ་པར་གྱུར་ཅིག །ལྷའི་རྣ་བའི་མངོན་པར་ཤེས་པ་ཐོབ་པར་གྱུར་ཅིག། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཐོབ་པར་གྱུར་ཅིག། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ཐོབ་པར་གྱུར་ཅིག། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཐོབ་པར་གྱུར་ཅིག། །ཟག་པ་ཟད་པའི་མངོན་པར་ཤེས་པ་ཐོབ་པར་གྱུར་ཅིག། །སྤྱན་ལྔ་ཐོབ་པར་གྱུར་ཅིག།ཤའི་སྤྱན་དང་ལྡན་པར་གྱུར་ཅིག། །ལྷའི་སྤྱན་དང་ལྡན་པར་གྱུར་ཅིག། ཆོས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག། །སངས་རྒྱས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག། །ཤེས་རབ་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག། །སྣང་བ་ལམ་དུ་སློངས་པར་གྱུར་ཅིག། །ཏིང་ངེ་འཛིན་ལམ་དུ་སློངས་པར་གྱུར་ཅིག །གཏུམ་མོ་འབྱོངས་པར་གྱུར་ཅིག །བདེ་བ་སྐྱེ་བར་གྱུར་ཅིག། །དྲོད་སྐྱེ་བར་གྱུར་ཅིག།མི་རྟོག་པ་སྐྱེ་བར་གྱུར་ཅིག །རྩ་བདེ་བར་གྱུར་ཅིག། །རླུང་འཇམ་པར་གྱུར་ཅིག༴།།བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་གྱུར་ཅིག། །ཉིན་པར་སྒྱུ་ལུས་འབྱོངས་པར་གྱུར་ཅིག། །མཚན་མོ་རྨི་ལམ་འབྱོངས་པར་གྱུར་ཅིག། །འོད་གསལ་འབྱོངས་པར་གྱུར་ཅིག། །འཕོ་བ་འབྱོངས་པར་གྱུར་ཅིག། །གྲོང་འཇུག་འབྱོངས་པར་གྱུར་ཅིག། །བར་དོ་འབྱོངས་པར་གྱུར་ཅིག། །རིག་པའི་རྩ་བ་ཆོད་པར་གྱུར་ཅིག། །ཞི་བའི་ཏིང་ངེ་འཛིན་གྱིས་མཐའ་དང་བྲལ་པའི་རྟོགས་པ་འཆར་བར་གྱུར་ཅིག། །ཁྲོ་བོའི་ཏིང་ངེ་འཛིན་གྱིས་དྲག་པོའི་ཕྲིན་ལས་འགྲུབ་པར་གྱུར་ཅིག། །རྒྱས་པའི་ཏིང་ངེ་འཛིན་གྱིསདགོས་འདོད་ཆར་བཞིན་འབབ་པར་གྱུར་ཅིག། །དོན་དམ་པའི་ཏིང་ངེ་འཛིན་གྱིས་སྣང་བ་དབང་དུ་འདུས་པར་གྱུར་ཅིག། །བརྩོན་འགྲུས་དྲག་པོའི་ཏིང་ངེ་འཛིན་གྱིས་ཅི་བསམ་འགྲུབ་པར་གྱུར་ཅིག། །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་ཅིག། །མཁའ་འགྲོ་དབང་དུ་འདུས་པར་གྱུར་ཅིག། །སྙིང་རྗེ་འབྱོངས་པར་གྱུར་ཅིག། །རྣམ་པ་ཐམས་ཅད་མཁྱེན་པའི་སྐུ་ཐོབ་པར་གྱུར་ཅིག། གདུག་པ་ཅན་ཐམས་ཅད་ཚར་ཆོད་པར་གྱུར་ཅིག། །ཁམས་གསུམ་དབང་དུ་འདུས་པར་གྱུར་ཅིག། །མཛད་པ་མཐར་འདོན་པར་གྱུར་ཅིག། །འཇིག་རྟེན་གྱི་རྟེན་འབྲེལ་ཐབས་ལ་མཁས་པར་གྱུར་ཅིག། །དྲག་པོའི་ལས་ལ་དངོས་གྲུབ་ཐོབ་པར་གྱུར་ཅིག། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག། །མི་ཉམས་པར་གྱུར་ཅིག། །བསྟན་པ་ལ་གནོད་པའི་གདུག་པ་ཅན་ཐམས་ཅད་ཚར་ཆོད་པར་གྱུར་ཅིག། །འགྲོ་བའི་དགོས་འདོད་ཀྱི་གཏེར་ཁ་འབྱེད་པར་གྱུར་ཅིག །ཉོན་མོངས་དང་རྣམ་རྟོག་ཞི་བར་གྱུར་ཅིག །ནོར་ལོངས་སྤྱོད་ཆར་བཞིན་འབབ་པར་གྱུར་ཅིག། །སྣང་མི་སྣང་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག། །ལོག་འདྲེན་ཐམས་ཅད་ཚར་ཆོད་པར་གྱུར་ཅིག། །མི་རྟག་པ་རྒྱུད་ལ་སྐྱེ་བར་གྱུར་ཅིག། །འཆི་བ་རྗེས་སུ་དྲན་པར་གྱུར་ཅིག། །ཚེ་འདི་བློ་ཡིས་ཐོངས་པར་གྱུར་ཅིག། །ཆོས་བརྒྱད་མགོ་བོ་སྙོམས་པར་གྱུར་ཅིག། འཛིན་པ་མཐའ་དག་ལས་གྲོལ་བར་གྱུར་ཅིག། །བློ་ལས་སུ་རུང་བར་གྱུར་ཅིག །སེམས་བཀོལ་དུ་བཏུབ་པར་གྱུར་ཅིག། །བློ་ཆོས་སུ་འགྲོ་བར་གྱུར་ཅིག། །ཅི་བྱས་ཆོས་སུ་འགྲོ་བར་གྱུར་ཅིག། །གང་བསམས་ཆོས་བཞིན་འགྲུབ་པར་གྱུར་ཅིག། །ཆོས་མིན་གྱི་བསམ་པ་སྐད་ཅིག་ཀྱང་མི་འབྱུང་བར་གྱུར་ཅིག། །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་ནས་སེམས་ཅན་གྱི་དོན་ནམ་མཁའ་དང་མཉམ་པ་འགྲུབ་པར་གྱུར་ཅིག། །དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་ཞེན་པ་ཕྱོགས་མེད་དུ་ལྡོག་པ་གྱུར་ཅིག། །རི་ཁྲོད་ཕྱོགས་མེད་དུ་འགྲིམ་པར་གྱུར་ཅིག། །ཡོན་ཏན་ཕྱོགས་མེད་དུ་སྐྱེ་བར་གྱུར་ཅིག། །སྙིང་རྗེ་ཕྱོགས་མེད་དུ་འབྱོངས་པར་གྱུར་ཅིག། །འགྲོ་དོན་ཕྱོགས་མེད་དུ་འགྲུབ་པར་གྱུར་ཅིག། །རྟེན་འབྲེལ་ཕྱོགས་མེད་དུ་འཆར་བར་གྱུར་ཅིག། །ཞབས་ཏོག་ཕྱོགས་མེད་དུ་འགྲུབ་པར་གྱུར་ཅིག། །སྣང་སེམས་དབྱེར་མེད་དུ་རྟོགས་པར་གྱུར་ཅིག། །སྣང་བ་ལ་བདེན་འཛིན་ལྡོག་པར་གྱུར་ཅིག། བསམ་པ་དང་དགོས་འདོད་ཐམས་ཅད་འགྲུབ་པར་གྱུར་ཅིག། །བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འབྱུང་བར་གྱུར་ཅིག །ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག། །ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་གྱུར་ཅིག། །མ་ཆགས་མ་ཞེན་པའི་སྒོ་ནས་གཏོང་བ་གསུམ་མཐར་ཕྱིན་པ་འགྲུབ་པར་གྱུར་ཅིག། །འཁོར་གྱི་ཚད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གིས་འདུལ་བར་གྱུར་ཅིག། །ཚེའི་ཚད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག། །གདུལ་བྱའི་ཚད་དག་པ་དང་མ་དག་པ་ཐམས་ཅད་སྨིན་གྲོལ་ལ་འཁོད་པར་གྱུར་ཅིག །ཞིང་ཁམས་ཀྱི་ཚད་ཁམས་གསུམ་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག །གོ་ཆའི་ཚད་གོང་འོག་གཉིས་ཀྱི་དོན་བྱེད་པ་ལ་འཁོར་བ་དོང་མ་སྤྲུགས་ཀྱི་བར་དུ་ངལ་བ་དང་། སྐྱོ་བ་དང་། དུབ་པ་དག་སྐད་ཅིག་ཀྱང་མི་འབྱུང་བར་སྤྲོ་དགའི་བསམ་པ་རྒྱུན་ཆད་མེད་པ་འབྱུང་བར་གྱུར་ཅིག །དགེ་བའི་རྩ་བ་འདིས་བདག་གི་དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཚེ་འདི་ཉིད་ལ་སྨིན་པར་གྱུར་ཅིག། །སྨོན་ལམ་གྱི་འབྲས་བུ་ཐམས་ཅད་ཚེ་འདི་ཉིད་ལ་སྨིན་ཅིང་འགྲུབ་པར་གྱུར་ཅིག། །དེ་དག་ཀྱང་རྒྱ་ནམ་མཁའ་དང་མཉམ་པར་གྱུར་ཅིག། །ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར་ཅིག། །དུས་གསུམ་ཤེས་བྱའི་དཀྱིལ་འཁོར་དང་མཉམ་པར་གྱུར་ཅིག། །ཡུན་འཁོར་བ་མ་སྟོངས་ཀྱི་བར་དུ་གནས་པར་གྱུར་ཅིག། །ལས་གོང་འོག་གཉིས་ཀྱི་དོན་ཆེན་པོ་འབའ་ཞིག་ཏུ་འགྲོ་བར་གྱུར་ཅིག། །མདོར་ན་དགེ་བའི་རྩ་བ་འདིས་བདག་བླ་མ་བརྒྱུད་པ་དང་བཅས་པ་ཡི་དམ་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་ཆོས་མཛད་གྲུབ་ཐོབ་རྟོགས་ལྡན་ལ་སོགས་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་ཐམས་ཅད་དང་ད་ལྟ་ཉིད་དུ་སྐུ་མཉམ་པར་གྱུར་ཅིག། གསུང་མཉམ་པར་གྱུར་ཅིག། །ཐུགས་མཉམ་པར་གྱུར་ཅིག། །ཡོན་ཏན་མཉམ་པར་གྱུར་ཅིག །ཕྲིན་ལས་མཉམ་པར་གྱུར་ཅིག། །སྐུ་ཚེ་ཞིང་ཁམས་མཉམ་པར་གྱུར་ཅིག། །མཛད་པ་མཉམ་པར་གྱུར་ཅིག། །རྣམ་འཕྲུལ་མཉམ་པར་གྱུར་ཅིག། །ཤེས་རབ་མཉམ་པར་གྱུར་ཅིག། སྤོབས་པ་མཉམ་པར་གྱུར་ཅིག། །ནུས་མཐུ་མཉམ་པར་གྱུར་ཅིག། །ཡེ་ཤེས་མཉམ་པར་གྱུར་ཅིག། ཐུགས་རྗེ་མཉམ་པར་གྱུར་ཅིག། །རྫུ་འཕྲུལ་མཉམ་པར་གྱུར་ཅིག། །མངོན་ཤེས་མཉམ་པར་གྱུར་ཅིག །འགྲོ་དོན་མཉམ་པར་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་དོས་དྲག་ལ་སྙུགས་རིང་བར་བཏབ་བོ། །