གུ་རུ་རིན་པོ་ཆེའི་གསོལ་འདེབས་ལེའུ་བདུན་མ།
༄༅། །སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་པའི་གསོལ་འདེབས་ལེའུ་བདུན་མ་བཞུགས་སོ།།
༄༅། །ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང་༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེ་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་སྐུར་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༴། སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ༴། ཨུ་རྒྱན་པདྨ་འབྱུང་གནས་ལ༴། དགེ་སློང་ནམ་མཁའི་སྙིང་པོ་ལ༴ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ སྣ་ནམ་རྡོ་རྗེ་བདུད་འཇོམས་ལ༴ ལྷ་སྲས་མུ་ཁྲི་བཙན་པོ་ལ༴ རིག་འཛིན་གར་གྱི་དབང་ཕྱུག་ལ༴ མི་ཕམ་ཆོས་ཀྱི་རྒྱལ་པོ་ལ༴མི་ཕམ་བསྟན་པའི་ཉི་མ་ལ༴ རྒྱལ་སྲས་ངག་དབང་རྣམ་རྒྱལ་ལ༴ དྲིན་ཅན་རྩ་བའི་བླ་མ་ལ༴ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།
༈ ཨེ་མ་ཧོ༔ སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ༔ ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན༔ སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ༔ གསང་སྔགས་ཐེག་པ་ཆེན་པོའི་བསྟན་པ་བྱོན༔ བསྟན་པ་རིན་པོ་ཆེ་ལ་གསོལ་བ་འདེབས༔ འོག་མིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཡིས༔ མ་ཏྲཾ་རུ་ཏྲ་བཀའ་བསྒོ་ལོག་པ་ལས༔ འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཉམ་ཐག་གཟིགས༔ ཐུགས་རྗེ་ཁྱད་པར་ཅན་ལ༴ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་རུ༔ དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་མཛད༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་ཡིས༔ ལོག་པར་བདུད་ཀྱི་བསྟན་པ་འདུལ་བར་མཛད༔ དུས་གསུམ་བདེ་གཤེགས་རྣམས་ལ༴ རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར༔ བདུད་པོ་མ་ཏྲཾ་རུ་ཏྲ་དྲག་པོས་བསྒྲལ༔ སྲིན་མོ་མ་ཚོགས་རྣམས་ལ་སྦྱོར་བ་མཛད༔ གསང་སྔགས་བསྟན་པ་དང་པོ་དེ་ནས་བྱུང༔ གདུལ་བྱ་ཁྱད་པར་ཅན་ལ་གསོལ་བ༴ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ དུས་གསུམ་སྐྱེ་འགག་མེད་པ་ཆོས་ཀྱི་སྐུ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ༔ སངས་རྒྱས་ཐམས་ཅད་ཐུགས་ལས་བསྐྱེད་པའི་ཡབ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༴ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་ངང༔ རྣམ་པར་སྣང་མཛད་སྤྱོད་རྫོགས་པའི་སྐུཿསྐུ་ཡི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ སངས་རྒྱས་རིགས་ཀྱི་ལྷ་ཚོགས་ལ༴ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔ ཞེ་སྡང་རྣམ་དག་སྟོང་ཉིད་ཡེ་ཤེས་ངང་༔ རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་ཀྱི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ༴ ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང༔ རིན་ཆེན་འབྱུང་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ ཡོན་ཏན་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ལ༴ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ངང་༔ སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགས་པའི་སྐུ༔ གསུང་གི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ པདྨ་རིགས་ཀྱི་ལྷ་ཚོགས་ལ༴ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་༔ དོན་ཡོད་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ ལས་ཀྱི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔ ཀརྨ་རིགས་ཀྱི་ལྷ་ཚོགས་ལ༴ ཆོས་དབྱིངས་རོལ་པའི་གཞལ་ཡས་ཆེན་པོ་ན༔ ཉོན་མོངས་དུག་ལྔ་བརྫིས་པའི་གདན་སྟེངས་སུ༔ ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀཿ རིགས་ལྔ་བདེ་གཤེགས་འདུས་པའི་འཁོར་གྱིས་བསྐོར༔ ཀུན་བཟང་ཧེ་རུ་ཀའི་ལྷ་ཚོགས་ལ༴༔ ཐུགས་རྗེ་རོལ་པའི་གཞལ་ཡས་ཆེན་པོ་ན༔ མ་བདུད་དྲེགས་པ་བརྫིས་པའི་གདན་སྟེངས་སུ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀཿ ཡེ་ཤེས་ལས་གྲུབ་མ་མོའི་འཁོར་གྱིས་བསྐོར༔ ཆེ་མཆོག་མ་མོའི་ལྷ་ཚོགས་ལ༴ མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ན༔ མ་ཏྲཾ་རུ་ཏྲ་བརྫིས་པའི་གདན་སྟེངས་སུ༔ ཐུགས་རྗེའི་བདག་ཉིད་བཛྲ་ཧེ་རུ་ཀཿ ཁྲག་འཐུང་ཁྲོ་བོ་འབར་བའི་འཁོར་གྱིས་བསྐོར༔ དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་ལ༴ མཐིང་ནག་ཨེ་ལས་དྲག་པོའི་གཞལ་ཡས་ན༔ གཤིན་རྗེའི་ཆུ་གླང་བརྫིས་པའི་གདན་སྟེངས་སུ༔ འཇམ་དཔལ་ཡ་མནྟ་ཀ་གཤིན་རྗེ་གཤེད༔ གཤེད་པོ་ཁྲོ་བོ་དྲེགས་པའི་འཁོར་གྱིས་བསྐོརཿ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་ལ༴ དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ན༔ བདུད་ནག་ཕོ་མོ་བརྫིས་པའི་གདན་སྟེངས་སུ༔ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀཿ པདྨ་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་བསྐོར༔ རྟ་མགྲིན་དབང་གི་ལྷ་ཚོགས་ལ༴ བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ན༔ ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེངས་སུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ༔ བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ༴ པདྨ་དབང་གི་གཞལ་ཡས་ཆེན་པོ་ན༔ མ་ཆགས་པདྨ་འབར་བའི་གདན་སྟེངས་སུ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བསྐོར༔ རྡོ་རྗེ་ཚེ་ཡི་ལྷཚོགས་ལ༴ དུར་ཁྲོད་རྔམ་བརྗིད་རོལ་པའི་གཞལ་ཡས་ན༔ ཏི་ར་གན་རྐྱལ་བརྫིས་པའི་གདན་སྟེངས་སུ༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་ཕག་མོའི་སྐུ༔ མ་མོ་མཁའ་འགྲོ་སྣ་ཚོགས་འཁོར་གྱིས་བསྐོར༔ རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ལ༔ རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རྒྱུ་འབྲས་བདེན་པས་འགྲོ་བའི་དོན་མཛད་ཅིང་༔ སྡེ་སྣོད་གསུམ་གྱིས་བསྟན་པའི་རྒྱལ་མཚན་བཙུགས༔ ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ༴ དྷ་ན་ཀོ་ཤ་ཀླུ་ཡི་ཕོ་བྲང་དུ༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་བའི་དོན་ལ་བྱོན༔ རྒྱལ་བའི་དགོངས་པས་འགྲོ་དྲུག་རང་གྲོལ་མཛད༔ མཁའ་འགྲོ་སྡེ་ལྔ་མ་མོའི་འཁོར་གྱིས་བསྐོར༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༴ རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ༔ སངས་རྒྱས་སྐུ་ཡི་སྤྲུལ་པ་འཇམ་དཔལ་དབྱངས༔ སྟེང་འོག་ཕྱོགས་བཞིར་སྐུ་ཡིས་འགྲོ་དོན་མཛད༔ སྐུ་ཡི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ འཕགས་པ་འཇམ་དཔལ་ལྷ་ཚོགས་ལ༔ རི་བོ་པོ་ཏ་ལ་ཡི་ཕོ་བྲང་དུ༔ སངས་རྒྱས་གསུང་གི་སྤྲུལ་པ་སྤྱན་རས་གཟིགས༔ སྟེང་འོག་ཕྱོགས་བཞིར་གསུང་གིས་འགྲོ་དོན་མཛད༔ གསུང་གི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ༴ གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ སངས་རྒྱས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་འཛིན༔ སྟེང་འོག་ཕྱོགས་བཞིར་ཐུགས་ཀྱིས་འགྲོ་དོན་མཛདཿ ཐུགས་ཀྱི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ༴ སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟངས་སུ༔ འཕགས་པ་འཇམ་དཔལ་ཐུགས་ཀྱི་དགོངས་པ་ཡིས༔ ལྷ་དབང་བརྒྱ་བྱིན་གནས་སུ་གསང་སྔགས་བྱོན༔ ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔ ལྷ་ཡི་རིག་འཛིན་རྣམས་ལ༴ འོག་ཕྱོགས་རྒྱ་མཚོ་ཆེན་པོའི་གཏིང་རུམ་དུ༔ འཕགས་པ་སྤྱན་རས་གཟིགས་ཀྱི་དགོངས་པ་ཡིས༔ ཀླུ་རྒྱལ་འཇོག་པོའི་གནས་སུ་གསང་སྔགས་བྱོན༔ ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔ ཀླུ་ཡི་རིག་འཛིན་རྣམས་ལ༴ རི་རྒྱལ་མེ་རི་འབར་བའི་རྩེ་མོ་རུ༔ ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དགོངས་པ་ཡིས༔ རྒྱལ་པོ་ཛ་ཡི་གནས་སུ་གསང་སྔགས་བྱོན༔ གང་ཟག་ལས་ཅན་མ་ལུས་བྱང་ཆུབ་ཐོབ༔ མི་ཡི་རིག་འཛིན་རྣམས་ལ༴ ནུབ་ཕྱོགས་ཨུ་རྒྱན་དབང་གི་ཕོ་བྲང་དུ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར༔ པདྨ་འབྱུང་གནས་ལྷ་ཚོགས་ལ༴ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་སྤྲུལ་དང་༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ ཕྱོགས་བཅུའི་སངས་རྒྱས་མ་ལུས་ཐམས་ཅད་ལ༔ བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
༈ ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ གནས་ཆེན་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན༔ རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པའི༔ གླིང་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུསཿ མ་ཏྲཾ་རུ་ཏྲ་བསྒྲལ་བའི་རྫས་བརྒྱད་ལས༔ གསང་སྔགས་འབྱོན་པའི་གནས་བརྒྱད་བྱིན་གྱིས་བརླབས༔ ཙིཏྟ་ཨུ་རྒྱན་གནས་སུ་བབས་པ་ལས༔ རྟེན་འབྲེལ་ཁྱད་པར་ཅན་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནསཿམ་མོ་མཁའ་འགྲོ་ཐམས་ཅད་འདུ་བའི་གླིང༔ གསང་སྔགས་བརྡ་ཡི་རང་སྒྲ་དི་རི་རི༔ གནས་དེར་ཕྱིན་པ་ཙམ་གྱིས་བྱང་ཆུབ་ཐོབ༔ གནས་མཆོག་ཁྱད་པར་ཅན་ལ༴ ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས༔ རྩ་བ་ཀླུ་ཡི་རྒྱལ་པོའི་གནས་སུ་ཟུག༔ སྐེད་པ་ལྷུན་ཆགས་མཁའ་འགྲོའི་གནས་ན་བརྗིད༔ རྩེ་མོ་ཚངས་པའི་འཇིག་རྟེན་སྙེགས་པ་འདྲ༔ རི་རྒྱལ་ཁྱད་པར་ཅན་ལ༴ དཔལ་གྱི་རི་བོ་འབར་བའི་རྩེ་མོ་ན༔ ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བིཊྚམཿ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་ཨིནྡྲའི་མདོག༔ ཕྱི་ནང་མེད་པར་གསལ་བའི་གཞལ་ཡས་ཁང༔ ཕོ་བྲང་ཁྱད་པར་ཅན་ལ༴ གཞལ་ཡས་དེ་ཡི་ཕྱོགས་བཞི་མཚམས་བརྒྱད་དང༔ སྟེང་འོག་ཐམས་ཅད་རིན་པོ་ཆེ་ལས་གྲུབ༔ ཁྱམས་དང་གྲུ་ཆད་གློ་འབུར་རིགས་བཞི་ཡང་༔ འཕྲིན་ལས་བཞི་ཡི་ཁ་དོག་སོ་སོར་གསལ༔ ལྷུན་གྲུབ་གཞལ་ཡས་ཁང་ལ༴༔ རྩིག་པ་འདོད་ཡོན་ཕ་གུ་དྲྭ་བ་དང༔ དྲྭ་ཕྱེད་མདའ་ཡབ་རིན་ཆེན་སྣ་ལྔར་གསལ༔ སྒོ་བཞི་རྟ་བབས་ཆོས་འཁོར་རྒྱན་རྣམས་ཀུན༔ སྣ་ཚོགས་རིན་པོ་ཆེ་ཡིས་མཛེས་པར་བརྒྱན༔ རིན་ཆེན་གཞལ་ཡས་ཁང་ལ༴༔ དཔའ་བསམ་ཤིང་དང་བདུད་རྩིའི་ཆུ་མིག་དང་༔ འཇའ་ཚོན་སྣ་ལྔས་ཕྱི་ནང་སྤྲིན་ལྟར་གཏིབསཿ མེ་ཏོག་པདྨའི་འོད་ཀྱིས་བར་སྣང་ཁེངས༔ གནས་དེ་དྲན་པ་ཙམ་གྱིས་བདེ་ཆེན་ཐོབ༔ པདྨ་འོད་ཀྱི་གཞལ་ཡས་ལ༴༔ གཞལ་ཡས་ཆེན་པོ་དེ་ཡི་ནང་ཤེད་ན༔ རིན་ཆེན་ཟུར་བརྒྱད་ཉི་མ་ཟླ་བའི་གདན༔ མ་ཆགས་པདྨ་འབར་བའི་སྡོང་པོ་ལ༔ པདྨ་འབྱུང་གནས་བདེ་གཤེགས་འདུས་པའི་སྐུཿརང་འབྱུང་སྤྲུལ་པའི་སྐུ་ལ༴༔ ཞི་རྒྱས་དབང་དྲག་དོན་ལ་དགོངས་པའི་ཕྱིར༔ སྐུ་མདོག་ཕྱག་མཚན་རྒྱན་རྣམས་མ་ངེས་ཀྱང་༔ ཉི་མ་སྟོང་གི་འོད་ལས་གཟི་མདངས་ཆེ༔ རི་རྒྱལ་ལྷུན་པོ་བས་ཀྱང་བརྗིད་རེ་ཆེ༔ ཡ་མཚན་སྤྲུལ་པའི་སྐུ་ལ༴༔ ཐུགས་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ སྤྱན་རྩ་ཉི་ཟླ་ལྟ་བུར་འཁྱིལ་ཞིང་གཟིགས༔ ནམ་མཁའི་གློག་ལས་ཐུགས་རྗེའི་འཕྲིན་ལས་མྱུར༔ དགོངས་པ་ཟབ་མོ་ནམ་མཁའི་ཀློང་དང་མཉམ༔ ཐུགས་རྗེ་ཁྱད་པར་ཅན་ལ༴༔ འགྲོ་ལ་བརྩེ་བས་ཐབས་ཀྱིས་འགྲོ་དོན་མཛད༔ ཞལ་འཛུམ་མཛེས་པའི་མདངས་ལྡན་ཡ་ལ་ལ༔ འབྲུག་སྟོང་ལྡིར་བས་གསུང་གི་གདངས་སྒྲ་ཆེ༔ གསང་སྔགས་ཟབ་མོའི་ཆོས་སྒྲ་དི་རི་རི༔ ཚངས་པའི་གསུང་དབྱངས་སྒྲོགས་ལ༔ སྤྲུལ་སྐུ་ཆེན་པོའི་ཕྱོགས་བཞི་ཚམས་བརྒྱད་ན༔ ལོག་པའི་དགྲ་བགེགས་བརྫིས་པའི་གདན་སྟེངས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི༔ རིགས་ལྔ་བདེ་གཤེགས་བདུད་འདུལ་ཁྲོ་བོའི་ཚོགས༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ༔ ཕྱོགས་བཞི་པདྨ་འདབ་བཞིའི་གདན་སྟེངས་སུ༔ རིགས་བཞི་གིང་དང་མཁའ་འགྲོ་སྡེ་ལྔའི་ཚོགས༔ ཐམས་ཅད་མ་ལུས་དུར་ཁྲོད་རྒྱན་དང་ལྡན༔ མཛེས་པའི་རྒྱན་དང་རོལ་པའི་སྟབས་སུ་བཞུགས༔ ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ལ༴༔ གཞལ་ཡས་ཆེན་པོའི་ཕྱོགས་བཞི་བར་ཁྱམས་དང༔ གྲུ་ཆད་གློ་འབུར་རིག་འཛིན་མཁའ་འགྲོས་གངཿ ལྷ་་དང་ལྷ་མོ་མང་པོ་སྤྲིན་ལྟར་གཏིབས༔ ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་འབུལ༔ མ་མོ་མཁའ་འགྲོའི་ལྷ་ཚོགས་ལ་རྗ༔ རིན་ཆེན་གཞལ་ཡས་ཁང་གི་འདོད་ཡོན་ལ༔ མཆོད་པའི་ལྷ་མོ་ཆར་སྤྲིན་ལྟ་བུར་གཏིབས༔ འདོད་ཡོན་དྲུག་གི་མཆོད་པས་འཇིག་རྟེན་ཁེངས༔ ཀུན་ཏུ་བཟང་པོའི་མཆོད་པས་བདེ་གཤེགས་མཆོདཿ ཡོན་ཏན་ཀུན་འབྱུང་ལྷ་ཚོགས་ལ༴༔ གཞལ་ཡས་ཆེན་པོའི་ཕྱོགས་བཞི་སྒོ་བཞི་ན༔ རྒྱལ་ཆེན་སྡེ་བཞི་སྒོ་བའི་བཀའ་ཉན་མཛད༔ ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་འགྱེད༔ བདུད་དང་མུ་སྟེགས་རྡུལ་ཕྲན་བཞིན་དུ་འདུལ༔ ཆོས་སྐྱོང་བསྲུང་མའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྣམསཿ རྗེ་བཙུན་ཆེན་པོ་པདྨ་ཐོད་འཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག། རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུགཿ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་རཿ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡན་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རཿ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རིཿ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང་༔ བདག་ཅག་བྱང་ཆུབ་སྙིང་པོ་མ་ཐོབ་པར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང་། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔
༈ ཨེ་མ་ཧོ༔ སྤྲོས་བྲལ་བདེ་ཆེན་རྒྱལ་བ་ཀུན་ཏུ་བཟངཿ རིགས་ལྔའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང༔ འགྲོ་དྲུག་དོན་མཛད་བྱང་ཆུབ་སེམས་དཔའི་སྐུ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་པ་གསུམཿ རྒྱལ་བ་དགོངས་པ་བརྒྱུད་པ་ལ་གསོལ་བ་འདེབས༔ གྲགས་ལྡན་ཕྱོགས་སྐྱོང་གནོན་སྦྱིན་སྐར་མདའ་གདོང༔ བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང༔ དྲི་མེད་གྲགས་པ་ལས་ཅན་རྒྱལ་པོ་ཛ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་ལ་སོགས་ཏེ༔ རིག་འཛིན་རིག་པ་བརྒྱུད་པ་ལ༴༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་༔ ཤྲཱི་སིངྷའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ རྫོགས་ཆེན་བརྒྱུད་པའི་བླ་མ་ལ༴༔ རྒྱལ་བ་ཆོས་ཀྱི་སྐུ་ཡི་དགོངས་པ་ཡིས༔ བདེ་གཤེགས་རིགས་ལྔ་རིགས་གསུམ་མགོན་པོ་དང་༔ སངས་རྒྱས་གསང་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ལ༴༔ འཇམ་དཔལ་ཡ་མཱནྟ་ཀའི་དགོངས་པ་ཡིས༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་༔ རོ་ལངས་བདེ་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ འཇམ་དཔལ་བརྒྱུད་པའི་བླ་མ་ལ༴༔ པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་ག་རྫུ་ན་དང་༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ༴༔ བཛྲ་ཧེ་རུ་ཀ་ཡི་དགོངས་པ་ཡིསཿ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་༔ ཧཱུཾ་ཆེན་ཀ་རའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ ཐུགས་ཀྱི་བརྒྱུད་པའི་བླ་མ་ལ༴༔ ཆེ་མཆོག་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སྤྲུལ་པའི་མཁའ་འགྲོ་རིག་འཛིན་མང་པོ་དང་༔ མི་འགྱུར་ནམ་མཁའི་རིག་འཛིན་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ ཡོན་ཏན་བརྒྱུད་པའི་བླ་མ་ལ༴༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་༔ རྡོ་རྗེ་ཐོད་འཕྲེང་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ འཕྲིན་ལས་བརྒྱུད་པའི་བླ་མ་ལ༴༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀཿ མ་བརྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མ་དང་༔དྷ་ན་སཾ་སྐྲྀའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ སྲིད་པ་མ་བརྒྱུད་ཀྱི་བླ་མ་ལ༴༔ བཅོམ་ལྡན་དྲེགས་པ་ཀུན་འདུས་དགོངས་པ་ཡིས༔ རཾ་བུ་གུ་ཧྱ་ཙནྡྲའི་ཐུགས་བརྒྱུད་ནས༔ ཤཱཀྱ་སེང་གེའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔མཆོད་བསྟོད་བརྒྱུད་པའི་བླ་མ་ལ༴༔ དཔལ་ཆེན་སྟོབས་ལྡན་ནག་པོའི་དགོངས་པ་ཡིས༔ སློབ་དཔོན་ཤིནྟཾ་གནྡྷའི་ཐུགས་བརྒྱུད་ནས༔ རྡོ་རྗེ་གྲོ་ལོད་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ དྲག་སྔགས་བརྒྱུད་པའི་བླ་མ་ལ༴༔ མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིསཿ ལྷ་མོ་ཙཎྜ་ལི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ལ༴༔ རྡོ་རྗེ་ཕག་མོ་ཐུགས་ཀྱི་དགོངས་པ་ཡིས༔ མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་བརྒྱུད་ནས༔ རྡོ་རྗེ་དྲག་པོ་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ གསང་སྔགས་མ་བརྒྱུད་ཀྱི་བླ་མ་ལ༴༔ རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་དགོངས་པ་ཡིས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་བརྒྱུད་ནས༔ འཛམ་གླིང་བོད་ཀྱི་ལས་ཅན་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ གསང་སྔགས་འདུས་བརྒྱུད་ཀྱི་བླ་མ་ལ༴༔ འདས་པའི་སངས་རྒྱས་རྣམས་ཀྱི་དགོངས་པ་ཡིསཿ སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་བརྒྱུད་ནས༔ བོ་དྷི་ས་ཏཱའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི༔ རྒྱུ་འབྲས་དོན་སྟོན་གྱི་བླ་མ་ལ༴༔ རིག་འཛིན་བྱང་ཆུབ་སེམས་དཔའི་དགོངས་པ་ཡིས༔ གང་ཟག་ལས་ཅན་རྣམས་ལ་བྱིན་བརླབས་ཏེ༔ དུས་ཚོད་འདི་ནས་ལྔ་བརྒྱའི་ཐ་མའི་བར༔ གསང་སྔགས་བཀའ་བཞིན་སྒྲུབ་པའི་དམ་ཚིག་ཅན༔ གང་ཟག་སྙན་ཁུངས་བརྒྱུད་པ་ལ༔ འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣང་བ་སྣོད་བཅུད་ཐམས་ཅད་ཀུན༔ སྣང་ཡང་བདེན་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་གྱི་བླ་མ་ལ༔ འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན༔ གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོགཿ གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང་༔ གྲགས་སྟོང་རྒྱལ་བའི་གསུང་ལ༔ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་༔ སྔོན་བསུ་རྗེས་དཔྱོད་བློ་ཡི་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་གྱི་བླ་མ་ལ༔ ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང་༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང་༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔
༈ ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ སིནྡྷ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ ཀླུ་རྒྱལ་འཇོག་པོ་གནས་པའི་ཁང་སྟེང་དུ༔ པདྨ་འབར་བའི་སྡོང་པོའི་རྩེ་ལས་འཁྲུངསཿ རང་བྱུང་ངོ་མཚར་ཅན་ལ་གསོལ་བ་འདེབས༔ ཕ་དང་མ་མེད་ཁྱེའུ་སྤྲུལ་པའི་སྐུ༔ རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་བྱོན༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ༴ ལས་ཅན་རྒྱལ་པོ་ཨིནྡྲ་བོ་དྷི་ཡིས༔ རྒྱ་མཚོ་ཆེན་པོའི་གླིང་ནས་རྙེད་དེ་བྱོན༔དད་པས་སྤྱན་དྲངས་རྒྱལ་པོར་མངའ་གསོལ་མཛད༔ རྒྱལ་སྲིད་ཆོས་ཀྱི་ཁྲིམས་ཀྱིས་བདེ་ལ་བཀོད༔ རྒྱལ་པོ་ཐོར་ཅོག་ཅན་ལ༴༔ ལྷོ་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ རྒྱལ་སྲིད་སྤངས་ནས་བརྟུལ་ཞུགས་སྤྱོད་པ་མཛད༔ ཏ་ན་ག་ནའི་སྦྱོར་སྒྲོལ་དགོངས་པ་ཡིས༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུསཿ ཤཱནྟ་རཀྵི་ཏ་ལ༴༔ ཕྱོགས་བཞིའི་དུར་ཁྲོད་ཀུན་ཏུ་སྤྱོད་པ་མཛད༔ ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས༔ རྡོ་རྗེ་ཕག་མོའི་ཞལ་མཐོང་དངོས་གྲུབ་ཐོབ༔ ནམ་མཁའི་གཟའ་ཆེན་ཐམས་ཅད་བྲན་དུ་བཀོལ༔ རྡོ་རྗེ་དྲག་པོ་རྩལ་ལ༴༔ བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ༔ སློབ་དཔོན་པྲ་བྷ་ཧ་སྟིའི་སྤྱན་སྔར་བྱོན༔ རྣལ་འབྱོར་ཡོ་གའི་ཆོས་ལ་སྦྱངས་པ་མཛད༔ ཡོ་གའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་པའི༔ ཤཱཀྱ་སེང་གེའི་སྐུ་ལ༴༔ རྒྱ་གར་ཡུལ་གྱི་ཕྱོགས་བཞིའི་གནས་ཆེན་དུ༔ རིག་འཛིན་གྲུབ་ཐོབ་མང་པོའི་སྤྱན་སྔར་བྱོན༔ ཡོ་ག་རྣམ་གསུམ་ཆོས་ལ་སྦྱངས་པ་མཛད༔ མཚན་ཉིད་རྒྱུ་ཡི་ཆོས་ཀྱི་སྒྲོ་འདོགས་བཅད༔ མཁས་པ་བློ་ལྡན་མཆོག་སྲེད་ལ༔ བྲག་ཕུག་མ་ར་ཏི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པའི་ཚེ༔ མགོན་པོ་ཚེ་དཔག་མེད་ཀྱི་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་གྱུར༔ འཆི་མེད་པདྨ་འབྱུང་གནས་ལ༴༔ ཟ་ཧོར་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔ མ་རིག་འཁྲུལ་པའི་སེམས་ཅན་ཆོས་ལ་བཙུད༔ ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་བསྟན༔ རྒྱལ་ཁམས་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔ པདྨ་སམ་བྷའི་སྐུ་ལ༴༔ཨུ་རྒྱན་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔ གཤེད་མས་མེ་ཡི་དབུས་སུ་བསྲེགས་པ་ཡི༔ མེ་དཔུང་མཚོ་རུ་བསྒྱུར་ཏེ་རྫུ་འཕྲུལ་བསྟན༔ ཨིནྡྲ་བོ་དྷི་བྱང་ཆུབ་ལམ་ལ་བཀོད༔ སྲས་མཆོག་པདྨ་རྒྱལ་པོ་ལ༴༔ འོག་མིན་གནས་དང་བདེ་ཆེན་དུར་ཁྲོད་དང་༔ ལྷུན་གྲུབ་བརྩེགས་དང་པདྨ་བརྩེགས་ལ་སོགས༔ རང་བྱུང་མཆོད་རྟེན་དྲུང་དུ་བཞུགས་པའི་ཚེ༔ མ་མོ་མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར༔ གུ་རུ་ཉི་མའི་འོད་ཟེར་ལ༴༔ ལྷོ་ཕྱོགས་རྒྱ་གར་འདུལ་དུ་གཤེགས་པའི་ཚེ༔ མཁའ་འགྲོ་བདུད་འདུལ་མ་ཡིས་བྱིན་གྱིས་བརླབས༔ མུ་སྟེགས་སྟོན་པ་ལྔ་བརྒྱའི་རྩོད་པ་ཟློགཿ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ༔ འཕགས་པ་སེང་གེ་སྒྲ་སྒྲོགས་ལ༴༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ རྡོ་རྗེ་ཐོད་འཕྲེང་རྩལ་ལ༴༔ བྱང་ཕྱོགས་རྒྱལ་པོའི་དོན་ལ་བྱོན་པའི་ཚེ༔ བོད་ཀྱི་གནོད་སྦྱིན་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་མངའ་གསོལ་རྒྱལ་པོའི་དགོངས་པ་བསྒྲུབས༔ བོད་ཡུལ་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ བསམ་ཡས་མཆིམས་ཕུའི་བྲག་མར་ཀེའུ་ཚང་དུ༔ སྒྲུབ་ཆེན་བཀའ་བརྒྱད་གསང་སྔགས་དཀྱིལ་འཁོར་དུ༔ ལས་ཅན་རྒྱལ་པོ་རྗེ་འབངས་སྨིན་པར་མཛད༔ གསང་སྔགས་འབྲས་བུའི་བསྟན་པ་རྒྱས་པར་མཛདཿ བཀའ་དྲིན་བསམ་ལས་འདས་ལ༴༔ སྟག་ཚང་སེངྒེ་བསམ་འགྲུབ་ཀེའུ་ཚང་དུ༔ གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ༔ གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས༔ མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས༔ རྡོ་རྗེ་གྲོ་ལོད་རྩལ་ལ༴༔ བོད་ཀྱི་གངས་ཆེན་བཞི་ལ་སྒྲུབ་ཁང་མཛད༔ བྲག་ཕུག་ཆེན་པོ་བརྒྱད་ལ་ཡང་དབེན་མཛད༔ ཕྱོགས་བཞིའི་བྲག་ལ་སྤྲུལ་སྐུའི་ཞབས་རྗེས་བཞགཿ གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག༔ འགྲོ་དྲུག་སྒྲིབ་སྦྱོང་མཛད་ལ༴༔ ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞགཿ སྐུ་ཚབ་གཏེར་ལྔ་བོད་ཀྱི་དོན་ལ་བཞགཿ སངས་རྒྱས་བསྟན་པ་མཐའ་རུ་རྒྱས་པར་མཛད༔ བོད་ཀྱི་ལྷ་གཅིག་འགྲོ་བ་ཡོངས་ཀྱི་དཔལ༔ ཐུགས་རྗེ་ཁྱད་པར་ཅན་ལ༴༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེར༔ རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར༔ ཤ་ཟ་སྲིན་པོ་ཐམས་ཅད་དམ་ལ་བཏགས༔ བོད་ལ་རྒྱུན་ཆད་མེད་པར་ཐུགས་རྗེས་གཟིགས༔ དྲིན་ཆེན་སྤྲུལ་པའི་སྐུ༴༔ ལྔ་བརྒྱའི་ཐ་མར་བོད་ཀྱི་སེམས་ཅན་ལཿ ལས་ངན་དབང་གིས་སྡུག་བསྔལ་རྒྱུན་ཆད་མེད༔ ཁྱེད་ཀྱི་རྣམ་ཐར་དྲན་ཞིང་གསོལ་འདེབས་ན༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ༔
༈ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་རྗེ་ཡིས༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་དགོངས༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས༔ དུས་གསུམ་བདེ་གཤེགས་རྣམས་ལ་གསོལ་བ་འདེབས༔སིནྡྷ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ མེ་ཏོག་པདྨ་འབར་བའི་སྡོང་པོ་ལ༔ ཕ་དང་མ་མེད་རང་བྱུང་ཤུགས་ལས་གྲུབ༔ རྒྱུ་མེད་རྐྱེན་མེད་འགྲོ་བའི་དོན་ལ་བྱོན༔ རང་བྱུང་ངོ་མཚར་ཅན་ལ༴༔ སངས་རྒྱས་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔ རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔ ཉི་མ་སྟོང་གི་འོད་ལས་གཟི་མདངས་ཆེ༔ ཁྱོད་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ཡ་མཚན་སྤྲུལ་པའི་སྐུ་ལ༴༔ སངས་རྒྱས་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔ མ་ཆགས་པདྨ་འབར་བའི་རྩེ་ལ་འཁྲུངས༔ འབྲུག་ཆེན་སྟོང་གི་སྒྲ་བས་གསུང་གདངས་ཆེ༔ འགྲོ་བའི་དོན་དུ་ཐེག་ཆེན་ཆོས་སྒྲ་སྒྲོགས༔ འབྲུག་ལྟར་སྒྲོགས་པའི་གསུང་ལ༴༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔ རྒྱུ་མཚོ་གཏིང་མཐའ་མེད་པའི་ཀློང་ལས་སྐྱེསཿ ནམ་མཁའི་གློག་བས་ཐུགས་རྗེའི་འཕྲིན་ལས་མྱུར༔ དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམཿ ཅི་ཡང་ས་ལེའི་ཐུགས་ལ༴༔ འགྲོ་བའི་དོན་དུ་ཡིད་བཞིན་ནོར་བུའི་སྐུཿ ཁྱོད་ཀྱི་མཚན་ཐོས་ཙམ་གྱིས་སྡུག་བསྔལ་སེལ༔ འཇའ་ཚོན་བཞིན་དུ་ཡོན་ཏན་སོ་སོར་གསལཿ སྐད་ཅིག་དྲན་པས་བྱང་ཆུབ་ལམ་ལ་འདྲེན༔ ཡོན་ཏན་ཀུན་འབྱུང་ཁྱེད་ལ༴༔ ཐུགས་རྗེ་འཕྲིན་ལས་དབང་གིས་དོན་མཛད་པའི༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་ཡིས༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལཿ ནམ་མཁའི་སྐར་ལྟར་འཕྲིན་ལས་བསམ་མི་ཁྱབ༔ འཕྲིན་ལས་རྒྱ་མཚོའི་རླབས་ལ་གསོལ་བ་འདེབས༔ སྟེང་འོག་ཕྱོགས་བཞིར་འགྲོ་བའི་དོན་མཛད་ཀྱང་༔ བོད་ཡུལ་ཁ་བ་ཅན་དུ་ཐུགས་རྗེས་གཟིགས༔ བོད་ཀྱི་མངའ་བདག་རྗེ་འབངས་ཐམས་ཅད་ལ༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་བསོལ༔
༈ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་རླབས་ཏེ༔ འཛམ་གླིང་བོད་ཀྱི་སེམས་ཅན་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་བརཿ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོབ་པའི་ཐུགས་རྗེ་ཅན༔ ཨུ་རྒྱན༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛདཿ ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནང་རེས་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་དུས་མདངས་ལ་འཆིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨུ་རྒྱན༴ བསམ་པ༴ ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་ཧྲགས༔ ཉོན་མོངས་བྱོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་པད་འབྱུང་ཐུགས་རྗེ་བསྐྱེད༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨུ་རྒྱན༴ བསམ་པ༴ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ པད་འབྱུང་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོརཿ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ བསམ་པ༴ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ ཡིད་གཉིས༔ པད་འབྱུང་སྨན་གྱི་ལྷ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨུ་རྒྱན༴ བསམ་པ༴ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པ་ཡིས༔ སེམས་ཅན་མུ་གེའི་ནད་ཀྱིས་གཟིར་བའི་ཚེ༔ ཡིད་གཉིས༴ པད་འབྱུང་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨུ་རྒྱན༴ བསམ་པ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོད་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས༔ པད་འབྱུང་ཡིད་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨུ་རྒྱན༔ བསམ་པ༴ སྦས་ཡུལ་ནགས་རོང་དབེན་ས་སྙོགས་པའི་ཚེ༔ ཁ་བ་བུ་ཡུག་འཚུབ་ཅིང་ལམ་འགགས་ན༔ ཡིད་གཉིས༴ པད་འབྱུང་གཞི་བདག་གཉན་པོའི་འཁོར་བཅས་ཀྱིས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ བསམ་པ༴ སྟག་གཟིག་དོམ་དྲེད་དུག་སྤྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས༴ པད་འབྱུང་དཔའ་བོའི་གིང་དང་བསྲུང་མར་བཅསཿ གདུག་པའི་སེམས་ཅན་སྐྱོད་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ བསམ་པ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་འཇིག་ཤིང་ཉེན་པའི་དུས་བྱུང་ན༔ ཡིད་གཉིས༴༔ པད་འབྱུང་འབྱུང་བཞིའི་ལྷ་མོར་བཅས་པ་ཡིས༔ འབྱུང་བར་རང་སར་ཞི་བར་ཐེ་ཚོམ་མེདཿ ཨུ་རྒྱན༴ བསམ་པ༴ ལམ་སང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས༔ པད་འབྱུང་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ རྩོར་མི་རྒོད་རྔམ་སེམས་རློག་པར་བྱེད༔ ཨུ་རྒྱན༴ བསམ་པ༴༔ གང་ཞིག་གཤེད་མའི་མི་ཡིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོ་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས༴ པད་འབྱུང་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་དྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨུ་རྒྱན༴ བསམ་པ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུངན༔ གནད་གཅོད་སྡུག་བསྔལ་འདུ་འཕྲོས་ཉེན་པ་ན༔ ཡིད་གཉིས༴ པད་འབྱུང་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨུ་རྒྱན༴ བསམ་པ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིད་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས༴ པད་འབྱུང་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་གྲོལ་སྟོན་པར་ཐེ་ཚོམ་མེད༔ ཨུ་རྒྱན༴ བསམ་པ༴གཞན་ཡང་ལས་དང་རྐྱེན་གྱིས་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་པས་སྡུག་བསྔལ་ན༔ ཡིད་གཉིས༴༔ པད་འབྱུང་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་སྣང་རྩད་ནས་བཤིག་པར་བྱེདཿ ཨུ་རྒྱན༴ བསམ་པ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་བས་གསོལ་འདེབས་ཀྱི༔ པད་འབྱུང་ཐུགས་རྗེ་འཕོ་འགྱུར་མེད་པར་གཟིགས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨུ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔