Jump to content

འབྲུག་བཞི་པའི་རྟོགས་བརྗོད།

Wikipedia ལས།

མི་དབང་འབྲུག་རྒྱལ་བཞི་པ་མཆོག་སྐུ་འཁྲུང་ཚུལ་དང་ རྒྱལ་ཁྲི་ཁར་མ་ཕེབས་པའི་གོང་གི་མཛད་རྣམ་བཤད་པ།

[ཞུན་དག]

༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སངས་རྒྱས་གཉིས་པ་ཨྱོན་གུ་རུ་རིན་པོ་མཆོག་སྐུ༌དངོས༌སྦེ༌བྱོན༌ཏེ༌ བྱིན་གྱིས་བརླབས༌ཡོདཔ༌མ༌ཚད༌ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག༌གིས༌ ཆོས༌ཁྲིམས་དར་གྱི་མདུད་ཕུད་དང་ རྒྱལ་ཁྲིམས་སེར་གྱི་གཉའ་ཤིང་གི་ གཞི་འགྱམ་སྒྲིང་སྒྲི་བཙུགས་པའི་ཤུལ་ལུ་ ལུང་བསྟན་གྱི་བཀོད་པའི་ཆོས་རྒྱལ་རིམ་བཞིན་བྱོན་ཏེ་ མི་སེར་ཚུ་ཡང་ དགའ་ཞིང་སྤྲོ་ཞིང་གི་སྒོ་ལས་གནས་ཡོདཔ་ཨིན། རྒྱ་ཚད་དང༌དཔལ༌འབྱོར་ལུ་བལྟ་བ་ཅིན་ གཞན་སྟོབས་ཅན་གྱི༌རྒྱལ༌ཁབ༌ཚུ་དང༌ དོ༌མཉམ༌ཚུགས་པའི་རང་དབང་མེད༌རུང་ དེ་ནང་གནས་མི་གང་ཟག་ཐ་ན་དུད་འགྲོ་ཅིག་ཨིན་རུང་ བྱམས་པ་དང་བརྩེ་བ་ཚད་མེད་ཐོག་ལས་སྐྱོངས་ཏེ་ཡོདཔ་ཨིན། ཆོས་རྒྱལ་རིམ་བཞིན་བྱོན་ཡོད་པའི་སླ་ལས་གཅིག་ ང་བཅས་རའི་མི་དབང་འབྲུག་རྒྱལ་བཞི་པ་དྲིན་ཅན་གྱི་ཕམ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ སྐུ་འཁྲུངས་ཚུལ་དང་ རྒྱལ་སྲིད་ཁར་མ་ཕེབས་པའི་གོང་གི་མཛད་རྣམ་ཚུའི་སྐོར་ ལོ་རྒྱུས་བཤད་ནི་ཨིན།

སྐལ་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས་ (༢༠༠༩) ཚུ་གིས་འབད་བ་ཅིན་ འབྲུག༌བརྒྱུད༌འཛིན༌གྱི༌རྒྱལ༌རབས༌བཞི༌པ༌ མི༌དབང༌མངའ༌བདག༌རིན༌པོ༌ཆེ༌ དཔལ༌མི༌དབང༌འཇིགས༌མེད༌སེངྒེ༌དབང༌ཕྱུག༌མཆོག༌ གཏེར་སྟོན༌འབྲུག་སྒྲ་རྡོ་རྗེ་དང༌ ལྷག་པར་དུ་ཨྱོན༌གུ༌རུ༌རིན༌པོ༌ཆེ༌མཆོག༌གིས༌ ཞལ༌གཟིགས༌གནང༌སྟེ༌གསུངས༌པའི༌ ལུང༌བསྟན༌དང༌འཁྲིལ༌ ཡབ༌འབྲུག༌རྒྱལ༌གསུམ༌པ༌ མངའ༌བདག༌འཇིགས༌མེད༌རྡོ༌རྗེ༌དབང༌ཕྱུག༌མཆོག༌དང༌ ཡུམ༌ཨ༌ཞེ༌ སྐལ༌བཟང༌ཆོས༌སྒྲོན༌དབང༌ཕྱུག༌གཉིས༌ཀྱི་སྲས༌ལུ༌ གདན༌ས༌རྟ༌མགོ༌ཆོས༌དབྱིངས༌ཕོ༌བྲང༌གི༌ཞོལ༌ བསྟན༌སྲུང༌དགེ༌བསྙེན༌ ཇག༌པ༌མེ༌ལེན༌གྱིས༌ སྲུང༌བའི༌གཡུས༌ཐིམ༌ཕུག༌བདེ༌ཆེན༌ཆོས༌གླིང༌གི༌ཕོ༌བྲང༌ནང༌ རབ༌བྱུང༌བཅུ༌དྲུག༌པའི༌ གནམ༌ལོ༌ཤིང༌ལུག༌ ཟླ༌ ༩ པའི༌ཚེས་ ༢༨ སྤྱི༌ལོ༌ ༡༩༥༥ ཟླཝ ༡༡ པའི༌ཚེས༌ ༡༡ གཟའ༌སྐར༌འཕྲོད༌སྦྱོར༌བཟང༌པོའི༌ཉིན༌མར༌ཞབས༌དྲུང༌ རིན༌པོ༌ཆེའི༌རྣམ༌སྤྲུལ༌དངོས༌སྦེ་ དཔལ་ལྡན་འབྲུག་པའི་རྒྱལཔོ་སྦེ་བྱོན་ནུག།

དེའི༌སྐབས༌སུ་བཀྲ༌ཤིས༌ཆོས༌རྫོང༌གི༌ཀུན༌རའི༌གདོང༌ཁར༌ རྟགས་མཚན་ཚུ་ཡང་ག་ཅི་དེ་ཕུན་སུམ་ཚོགས་པའི་སྒོ་ལས་ མེ༌ཏོག༌ བཙུགས༌སའི༌མཆོད༌རྟེན༌ནང༌ སངས༌རྒྱས༌རབས༌བདུན༌གྱིས་བྱིན༌གྱིས༌བརླབས༌པའི༌བརྡ༌མཚོན༌ལུ༌ སེར༌ཤོག༌མེ༌ཏོག༌ཕོད༌ ཁ༌བདུན༌བརྩེགས༌ཅན༌མ༌གཅིག༌ཁར༌ཤར། ནམ༌ཁ༌ལུ༌འཇའ༌དང༌འོད༌ཀྱིས༌སྤུབས་ གཡུ༌འབྲུག༌ལྡིར་མེ༌ཏོག༌གི༌ཆརཔ༌བབས༌ ལ༌སོགས༌པ་རྒྱལ༌ཁབ༌ནང༌ ནད༌མུག༌འཁྲུག༌རྩོད༌ཞི་ ལོ༌ཕྱུགས༌རྟག་ཏུ་ལེགས༌པའི༌ རྟགས་མཚན་དང༌རྟེན༌འབྲེལ༌བཟང༌པོའི༌སྙན༌གྲགས༌ཚུ་ཡང་ རྒྱལ༌ཡོངས༌ལུ༌ཁྱབ༌སྟེ་ ཕན༌བདེ༌འབྱུང༌གནས༌ཀྱི༌དབུ༌ཁྲིད༌ དབང༌ཕྱུག༌བརྒྱུད༌འཛིན༌ཀྱི༌རིང༌ལུགས་ ཆུ༌རྒྱུན༌བཟུམ་དུས་ཉིན་མཚན་མེད་པར་ རྒྱུན་མ༌ཆད༌པར༌བྱོན་མི༌ལུ་བརྟེན༌ཨིན། འབྲུག༌གི༌རྒྱལ༌བློན༌འབངས༌གསུམ༌རྣམས༌ སེམས་བདེ༌ཏོག་ཏོ་སྦེ་ ཉམས༌དགའ༌བའི༌དགའ་སྤྲོ་དང་ སེམས་ཁར་སྤྲོ་སྣང་ཚད༌མེད་བྱུང༌སྟེ༌ གྲྭ༌ཚང༌ཆོས༌ཕྱོགས༌དང༌ཞི༌དྲག༌དཔོན༌ཁག༌དང་ འབངས༌མི༌སེར༌ཡོངས༌ཀྱིས༌བཀྲ༌ཤིས༌བདེ༌ལེགས༌ཀྱི༌ སྨོན༌འདེབས༌ཧིང༌ཐག་པའི་གདིང་ལས་ སྒོ་གསུམ་གུས་པའི་སྒོ་ལས༌ཞུ༌ནུག། (དཔལ་འབྲུག་ཞིབ་འཇུག་ལྟེ་བ། ༢༠༡༠)

ཡབ༌ཡུམ༌གཉིས༌ཀྱི༌དབུ༌གཙོས༌པའི༌ སྐུ༌འཁོར༌ལྷན༌རྒྱས༌ཡོངས༌ཀྱིས༌ འཁྲུངས༌སྐར་དུས་སྟོན༌ག་ཅི་དེ་རྒྱས་ཤིང་རྒྱསཔ་སྦེ༌མཛད༌གནང༌ཡོདཔ༌མ༌ཚད༌ འབྲུག༌མི༌ཡོངས༌ཀྱིས༌དད༌པ༌མོས༌གུས༌བསྐྱེད་དེ་ རྒྱལ༌ཁབ༌ཞི༌བདེ༌དང༌དགའ༌སྐྱིད༌ལུ༌ གནས༌པའི༌རྟེན༌འབྲེལ༌བཟང༌པོ༌བྱུང༌ཡོདཔ༌ཨིན། མི༌དབང༌མཆོག༌སྐུ༌གཟུགས༌ལྷ༌ལས༌མཛེས༌པའི་གུར་ ཐུགས༌སེམས༌བལ༌ལས༌ འཇམ༌ནི་དེ་གིས་ ལཱ་དང་བྱ་བ་ག་བཟུམ་མཛད་རུང་ འབྲུག་མི་རེ་རེ་བཞིན་གྱི་མཐའ་དོན་ལུ་དམིགས་ཏེ་ མཛད་ཡོདཔ་མ་ཚད་རྒྱལ་ཁབ་དང་མི་སེར་གྱི་མཐའ་དོན་ལུ་ ཚེ་སྲོག་ལུ་ཡང་མ་ཕངས་པར་ བྱ་བ་ག་བཟུམ་ཅིག་ཨིན་རུང་ མཛད་ཚུགས་པའི་གང་ཟག་ཅིག་ཨིན། མི་དབང་མཆོག་གཞན་ཕན་ཅན་ཅིག་དང་ རིགས་བཟང་པོའི་རྒྱུད་པ་ཅིག་ཨིན། དེ་ཡང་ སྤྱི་ལོ་ ༡༤༥༠ དེ་ཅིག་ཁར་ བུམ་ཐང་སྟངས་ལུ་ཡབ་དོན་གྲུབ་བཟང་པོ་དང་ ཡུམ་པདྨ་སྒྲོལ་མ་གཉིས་ཀྱི་སྲས་ལུ་སྐུ་འཁྲུངས་མི་ གཏེར་ཆེན་པདྨ་གླིང་པའི་ སྐུ་གསུང་ཐུགས་ཀྱི་སྲས་ མཁས་གྲུབ་ཀུན་དགའ་དབང་པོ་དེ་གིས་ ཡབ་རྗེ་དམ་པའི་ལུང་བསྟན་དང་འཁྲིལ་ཏེ་ ཀུར་སྟོད་ཁའུ་ཅུང་དང་དུང་དཀར་གཉིས་ནང་བྱོན་ནུག། (Royal Education Council, 2020).

དེ་ལས་མཁས་གྲུབ་ཀུན་དགའ་དབང་པོའི་སྲས་ ཀུན་དགའ་རྒྱལ་མཚན་གྱི་ སྲས་ཆོས་རྗེ་རྟ་འཕེལ་གྱི་ སྲས་ཆུང་ཤོས་བསྟན་པའི་རྒྱལ་མཚན་ འབྲུག་དཀར་པོ་ནང་ ཆོས་རྗེ་རྟ་འཕེལ་གྱི་སྲས་བསྟན་པའི་ཉི་མ་དེའི་སྲས་ ཆོས་རྗེ་པདྨ་ཟེར་བཀོད་ཡོད་མི་དེའི་སྲས་ བསྟན་པའི་རྒྱལ་མཚན་གྱི་སྲས་ བསྟན་པའི་ཉི་མ་དང་དེའི་སྲས་ ཆོས་རྗེ་པདྨ་གིས་གསང་ཡུམ་ཨ་ཞེ་དགེ་ལེགས་དབང་འཛོམས་བསྟེན་པའི་ སྲས་སྦོམ་ཤོས་པཱ་ལ་དང་ ཆུང་ཤོས་པི་ལ་མགོན་པོ་དབང་རྒྱལ་ཟེར་གཉིས་ཡོད་པའི་གྲས་ལས་ དཔལ་་ལྡན་འབྲུག་པའི་རྒྱལ་རབས་ནང་ པི་ལ་མགོན་པོ་དབང་རྒྱལ་གྱིས་ ལྕམ་དང་ཤར་སྒང་སྟེང་སྤྲུལ་སྐུ་ཕྱོགས་ལས་རྣམ་རྒྱལ་གྱི་སྲིངམོ་ ལྷ་སྒྲོན་བསྟན་ཟེར་མི་དེ་ སྐུ་ཚེ་མ་ཟིན་པར་ ཀུར་སྟོད་བྱང་ས་ལས་ཨིན་མི་ བསོད་ནམས་སྒྲོལ་མ་ཟེར་མི་དེ་བཙུན་མོ་གཉིས་པ་སྦེ་བསྟེན་ནུག། དེ་ལས་སྲས་དང་པ་དུང་དཀར་རྒྱལ་མཚན་སྐུ་འཁྲུངས་བའི་ཤུལ་ལུ་ དཔོན་སློབ་ཨོ་རྒྱན་ཕུན་ཚོགས་ཀྱི་སྲས་མོ་ ཨ་ཞེ་པདྨ་ཆོས་སྐྱིད་དེ་བཙུནམོ་སྦེ་བཞེས་ཏེ་ རང་ལུག་འདས་ལོ་ ༢༡༡ སྤྱི་ལོ་ ༡༨༦༢ ཆུ་ཁྱི་ལོ་ལུ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་སྐུ་འཁྲུངས་པའི་ཤུལ་ལུ་ འབྲུག་ལུ་རྒྱལ་བརྒྱུད་རིམ་པ་བཞིན་དུ་བྱོན་ནུག། (དཔལ་འབྲུག་ཞིབ་འཇུག་ལྟེ་བ། ༢༠༢༠)

མི་དབང་མཆོག་སྐུ་ན་ཆུང་ཀུའི་བསྒང་ལས་ ཁོ་རིའི་ཕོ་བྲང་ནང་ལུ་སྦེ་སྐུ་ཡོན་སྦྱང་ནི་འགོ་བཙུགས་ཡོདཔ་མ་ཚད་ ཤུལ་ལས་རྒྱ་གར་དང་ཨིང་ལེནདྲ་རྒྱལ་ཁབ་ཚུ་ནང་ ལྟོ་ཐོབ་སློབ་གྲྭ་ནང་ལས་ཕར་ཡང་ སྐུ་ཡོན་ཚུ་ག་ཅི་དེ་ལེགས་ཤོམ་སྦེ་ ལྷབ་སྦྱང་འབད་ཡོདཔ་ཨིན། ཡབ་མི་དབང་འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་ ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་གཉིས་ཀྱིས་ ཁོང་རའི་སྲས་ལུ་འབྲུག་པའི་ཡོན་ཏན་དང་ གསོ་སྐྱོང་འབད་ནིའི་ རེ་བ་དང་འདོད་པ་སྦོམ་ཡོད་ནི་དེ་གིས་ སྤྱི་ལོ་ ༡༩༧༠ ལུ་ འབྲུག་ལུ་ལོག་བྱོན་ཏེ་ སྤ་རོ་ལུ་ཡོད་པའི་ ཨྱོན་དབང་ཕྱུག་ཤེས་ཡོན་གཙུག་སྡེ་ནང་ལུ་སྦེ་ སྐུ་ཡོན་འཕྲོ་མཐུད་སྦྱང་ནི་འགོ་བཙུགས་ནུག། ཤེས་ཡོན་གཙུག་སྡེ་དེ་ནང་ལུ་ ཕྱི་ནང་གཉིས་ཆ་རའི་ཕྱོགས་ལུ་ སློབ་སྟོན་པ་ཚུ་དང་གཞུང་ལུ་ཕྱག་ཞུ་མི་རྒན་ཤོས་ཚུ་ག་ཅི་དེ་ མཁས་པ་ཡོདཔ་ལས་བརྟེན་ དམིགས་བསལ་གྱི་ཆོས་ཚན་ཚུ་སྟོན་ཚུགས་ནི་དེ་གིས་ཨིན། (Sonam Kinga, 2009).
དེ་གིས་མ་དོ་བར་གཞན་ཡང་ གཞུང་ནང་ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་མཛད་ཡོདཔ་མ་ཚད་ གཞུང་དེ་ལས་མི་དམངས་དང་འབྲེལ་བའི་ལཱ་འགན་འབག་ནི་དང་ གཞུང་འབྲེལ་ཞལ་འཛོམས་ ལྷན་རྒྱས་གཞུང་ཚོགས་ལ་སོགས་པ་ཚུ་ནང་ཡང་བཅའ་མར་གཏོགས་ཡོདཔ་ཨིན། སྤྱི་ལོ་ ༡༩༧༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ གསར་བཙུགས་འབད་ཡོད་པའི་ འཆར་གཞི་ལྷན་ཚོགས་ཀྱི་ཁྲི་འཛིན་བཀལ་བའི་ཤུལ་ལུ་ ལོ་ངོ་གཅིག་གི་རྒྱབ་ལས་ སྤྱི་ལོ་ ༡༩༧༢ ལུ་ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་ཡང་གནང་སྟེ་ འབྲུག་རྒྱལ་ཁབ་ནང་སྔར་ལས་ལྷག་པའི་ ཡར་རྒྱས་དང་གོང་འཕེལ་འབག་འོང་ནི་དེ་གིས་ འབྲུག་མི་ཚུ་ཡང་ག་ཅི་དེ་སེམས་དགའ་སྟེ་སྡོད་ནུག། ལྷག་པར་དུ་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ ཡབ་རྒྱལ་པོ་མཆོག་ཚེ་ལས་འདས་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ རྒྱལཔོ་སྦེ་ དགུང་ལོ་ ༡༧ ལུ་ མཛད་གནང་ཡོདཔ་ཨིན་མས། (Karma Phuntsho, 2013).

འབྲུག་རྒྱལ་བཞི་པའི་གསེར་ཁྲི་མངའ་གསོལ།

[ཞུན་དག]

༉ ཡབ་འབྲུག་རྒྱལ་གསུམ་པ་མཆོག་དང་ ཡུམ་མི་དབང་ཨ་ཞེ་སྐལ་བཟང་ཆོས་སྒྲོན་གཉིས་ལུ་ ལྷག་པར་དུ་འབྲུག་མི་ཡོངས་ཀྱི་བསོད་ནམས་དང་ སྨོན་ལམ་ལས་བརྟེན་ ག་ནི་བ་རྟག་དང་རྟེན་འབྲེལ་བཟང་པོའི་ རྒྱལ་བརྒྱུད་འཛིན་མི་ཅིག་བྱོན་ཏེ་མི་ལོ་ ༡༧ དེ་ཅིག་གི་རྒྱབ་ལས་ ཡབ་འཇིགས་མེད་རྡེ་རྗེ་དབང་ཕྱུག་མཆོག་ སྐུ་ཚེ་ལས་འདས་པའི་ཤུལ་ལུ་ མི་དབང་མཆོག་སྐུ་ན་ཆུང་སྟེ་ར་འབད་རུང་ རྒྱལ་བརྒྱུད་འཛིན་མི་སྦེ་གསེར་ཁྲི་ཁར་བྱོན་དགོཔ་བྱུང་ནུག། ཡབ་མི་དབང་འབྲུག་རྒྱལ་གསུམ་པ་མཆོག་ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ཧང་ཏོ་མར་ཚེ་ལས་འདས་ཏེ་ འབྲུག་པའི་མི་སེར་ཡོངས་ མྱ་ངན་གྱིས་ནོན་ཏེ་སྡོད་པའི་དུས་ལུ་ ཚར་གཅིག་གུར་མུན་པའི་སྡུག་བསྔལ་གྱིས་སྤུབས་པའི་དུས་ལུ་ རྒྱལ་པོའི་གསེར་ཁྲི་འཛིན་ནིའི་འགན་ཁུར་ཧྲིལ་བུ་ རྒྱལ་སྲས་བཞི་པ་མཆོག་ལུ་ཕོག་ནུག། (Royal Education Council, 2020, P63).

ཡབ་འབྲུག་རྒྱལ་གསུམ་པ་མཆོག་གིས་ སྤྱི་ལོ་ ༡༩༧༠ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་་ཆེན་མོ་ཐེངས་ ༣༢ པའི་ནང་གྲོས་གཞི་བཙུགས་ཏེ་ གྲོས་ཆོད་དོན་ཚན་ ༧ པའི་ནང་ལུ་ རྒྱལ་སྲས་དགུང་ལོ་ ༢༡ མ་བཞེས་པའི་གོང་ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་དགོངས་པ་རྫོགས་སོ་པ་ཅིན་ རྒྱལ་ཚབ་ གྲྭ་ཚང་དང་མི་སེར་ སྐུ་འཁོར་དང་གཞུང་གི་དཔོན་ཁག་ཚུ་ལས་ འཐུས་མི་རེ་རེ་བཏོན་ཏེ་ རྒྱལ་སྲིད་སྐྱོང་དགོ་པའི་གྲོས་ཆོད་གྲུབ་ཡོད་རུང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ མི་སེར་གྱི་མཐའ་དོན་ལུ་ཐུགས་བཞེད་དང་ མཁྱེན་བརྩེའི་ཡེ་ཤེས་ལྡན་པའི་བྱམས་བརྩེ་ ལྷག་པར་དུ་རྒྱལཔོ་མཆོག་སྐུ་ན་ཆུང་རུང་ ལྕོགས་གྲུབ་ཅན་ཡོད་ལུགས་བལྟ་སྟེ་ འགན་ཁུར་ཅན་གྱི་མི་ངོ་ཚུ་ཡང་ ཧ་ཅང་གིས་ཡིད་ཆེས་པའི་ཤུགས་ཀྱིས་ རྒྱལ་སྲས་དཔོན་སློབ་དགུང་ལོ་ ༡༧ ལས་མ་བཞེས་རུང་ རྒྱལ་ཚབ་ཚོགས་པ་བཏོན་མ་དགོ་པར་ རྒྱལ་པོའི་འགན་ཁུར་ཧྲིལ་བུ་སྤྲོད་ནི་སྦེ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་ ༣༧ པའི་ནང་གྲོས་ཐག་བཅད་དེ་ མི་དབང་མཆོག་འཛམ་གླིང་ནང་ལུ་ རྒྱལཔོ་ལོ་ན་ཆུང་ཤོས་ཅིག་སྦེ་བཀོད་ནུག། (Sonam Kinga, 2009, P140).

དེ་གི་ཤུལ་ལས་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ བཀྲིས་མངའ་གསོལ་ཡང་ རྒྱས་ཞིང་རྒྱསཔ་སྦེ་མཛད་རིམ་དབྱེ་ཁག་བཞི་སྦེ་ བརྩི་སྲུང་ཞུ་ཡོད་པའི་ནང་ལས་ དང་པ་དེ་ཡང་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ སྤྱི་ལོ་ ༡༩༧༢ ཟླ་ ༧ པའི་ཚེས་ ༡༤ དྲོ་པ་ཆུ་ཚོད་ ༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཡོངས་ཀྱིས་མི་དབང་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལཔོ་བཞི་པ་སྦེ་ རྟེན་འབྲེལ་བརྩིས་གནང་ནུག། དེའི་ཤུལ་ལས་རྟེན་འབྲེལ་རིམ་པ་གཉིས་པའི་ནང་ ཡབ་རྒྱལཔོ་མཆོག་གི་སྤུར་སྦྱངས་ཀྱི་མཇུག་ལུ་ རང་ཟླ་ ༩ པའི་གནམ་གང་ལུ་ སྤུར་ཐལ་སྐུ་རྗེས་རྡོ་ཟམ་ལུ་སྦྱངས་ཏེ་ རང་ཟླ་ ༡༠ པའི་ཚེས་ ༡ ལུ་ མངའ་བདག་སྐུ་འཁོར་རྣམས་ བུམ་ཐང་ལས་ཐིམ་ཕུག་ལུ་བྱོན་ཞིནམ་ལས་ ལོག་སྟེ་ར་མི་དབང་འབྲུག་རྒྱལ་བཞི་པའི་ མངའ་གསོལ་རིམ་གཉིས་པ་དེ་ཡང་ མི་དབང་མཆོག་བྱི་ལོ་ཚར་བའི་ཤུལ་ལུ་གླང་ལོའི་ནང་བདུན་ཟུར་ཕོག་ནི་དེ་གིས་ གླང་ལོ་མ་ཚེས་པའི་ཧེ་མ་ལས་ ཟླ་ ༡༠ པའི་ཚེས་ ༥ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ དྲིན་ཅན་གྱི་བླམ་ཞབས་དྲུང་མཆོག་གི་སྐུ་མདུན་ལས་ བྱིན་རླབས་ཅན་གྱི་ལེགས་དར་སྣ་ལྔ་བཞེས་ཏེ་ གསེར་ཁྲི་གུར་ཕེབས་པའི་རྟེན་འབྲེལ་མཛད་མི་དེ་ ཐོག་མའི་མངའ་གསོལ་སྦེ་ཆ་བཞགཔ་ཨིན། (སྐལ་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩)

ལྷག་པར་དུ་ སྤྱི་ལོ་ ༡༩༧༤ ཟླ་ ༡ པའི་ ཚེས་ ༡ ལུ་ སྐྱབས་རྗེ་དིལ་མགོ་མཁྱེན་རྩེ་རིན་པོ་ཆེ་མཆོག་གིས་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ མི་དབང་མཆོག་གི་སྐུ་ཚེ་ལུ་བར་ཆད་མི་འབྱུང་ནིའི་ཐབས་ལུ་ ཚེའི་དབང་བསྐུར་གནང་བའི་སྐབས་སྐྱབས་རྗེ་ཁྲི་རབས་ ༦༣ པ་ སྤྲུལ་སྐུ་ཕྲིན་ལས་ལྷུན་གྲུབ་མཆོག་གི་ཞབས་ལས་ ལྷ་བསངས་གནང་མི་དང་འབྲེལ་ མི་དབང་མཆོག་བདེ་ཆེན་ཆོས་གླིང་ཕོ་བྲང་ལས་ ཆིབས་གྲལ་དང་བསུ་བ་ཚུ་ཡང་ རྒྱས་ཞིང་རྒྱསཔ་སྦེ་བསྒྲིགས་ཏེ་ བཀྲི་ཤིས་ཆོས་རྫོང་ཁ་ཐུག་ལུ་གདན་འདྲེན་ཞུ་ཡོདཔ་ཨིན། དེ་ཁར་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤུངས་ཐང་མ་ཆེན་སྐུ་མདུན་ལས་ཞུ་མི་ དར་སྣ་ལྔ་བཞེས་ཏེ་ ག་ནི་བ་རིན་ཐངས་ཆེ་བའི་ རྒྱལ་པོའི་གསེར་ཁྲི་ཁར་བཞུགས་ནུག། (དཔལ་འབྲུག་ཞིབ་འཇུག་ལྟེ་བ། (༢༠༢༠))

གསུམ་པ་མཐའ་མའི་རྟེན་འབྲེལ་དེ་ཡང་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་གསེར་ཁྲི་གུར་ འབྲུག་པའི་མི་སྡེ་ཡོངས་ཀྱིས་ བཀྲིས་པའི་དར་ཕུལ་ཏེ་མངའ་གསོལ་རྟེན་འབྲེལ་ཞུ་བའི་སྐབས་ རྒྱ་གར་གྱི་སྲིད་འཛིན་ བི་བི་གི་རི་སྐུ་ཟླ་གཉིས་པའི་ཨའི་ ཀེ་ གུ་ཇུ་རཱལ་ བང་ལ་དྷེཤ་ལས་སྲིད་འཛིན་ མི་ཧ་མ་དུ་ཧ་སྐུ་ཟླ་གཉིས་ ནེ་པཱལ་ལས་རྒྱལ་སྲས་ དྷི་རཱན་ངྷ་ར་ བིར་ བིཀ་རམ་ ཤཱཧ་ངྷེཝ་ སྲསམོ་ པི་རི་ཀ་ཤི་ཡ་ར་ཇཱ་ཡ་ ལག་ཆི་མི་ དྷེ་བི་ཤཱ འབྲས་ལྗོངས་ལས་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་དང་ གཞན་མི་འཛམ་གླིང་རྒྱལ་ཁབ་སོ་སོའི་སྐུ་ཚབ་ཡོངས་དང་ ལྷག་པར་དུ་འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་སོ་སོ་ལས་སྐུ་ཚབ་མང་རབས་ཅིག་བྱོན་ཡོདཔ་མ་ཚད་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༦ པ་ལ་སོགས་པའི་བླ་ཆེན་ཚུ་ཡང་ བྱོན་ཏེ་རྟེན་འབྲེལ་གྱི་གསེར་ཁྲི་མངའ་གསོལ་ཞུ་ནུག། (དཔལ་འབྲུག་ཞིབ་འཇུག་ལྟེ་བ། (༢༠༢༠))

བཞི་པ་ ཡབ་རྒྱལཔོ་མཆོག་ཚེ་ལས་འདས་ཏེ་ལོ་ངོ་གཉིས་དེ་ཅིག་གི་རྒྱབ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གུང་ལོ་ ༡༨ ལས་མ་བཞེས་རུང་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ རྒྱལ་བརྒྱུད་བཞི་པ་སྦེ་ ཅང་གླིང་མའི་ཐང་ནང་ཁྲི་སྟོན་བརྩི་སྲུང་དེ་ཡང་ སྤྱི་ལོ་ ༡༩༧༤ ཟླ་ ༦ པའི་ ཚེས་ ༣ ལུ་ མི་དམངས་ལུ་མཇལ་ཁ་གནང་བའི་ལས་རིམ་ཨིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཆིབས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ཞུ་སྟེ་ འབྲུག་རྒྱལ་དར་ག་ནི་བ་བྱིན་རླབས་ཅན་དེ་ གནམ་ཁའི་དབྱིངས་ལུ་འཕྱར་ནུག། དེའི་སྐབས་མི་དབང་མངའ་བདག་རྒྱལཔོ་མཆོག་གིས་ རྒྱལ་ཡོངས་ལུ་གསུང་བཤད་གནངམ་ད་ འབྲུག་པའི་མི་སེར་ཡོངས་ཀྱིས་ བློ་གཏད་ཧིང་གཏད་ཀྱི་སྒོ་ལས་ དཔལ་ལྡན་འབྲུག་པའི་རྒྱལཔོ་སྦེ་བཀལ་གནངམ་ལས་ རྒྱལ་ཁབ་དང་མི་སེར་གྱི་མཐའ་དོན་ལུ་ རང་སྲོག་ལས་ལྷག་སྟེ་ ཕྱག་ལཱ་མཛད་ནི་ཨིན་པའི་ བཀའ་རྒྱ་གནང་སྟེ་མངའ་འབངས་ཡོངས་ལུ་ དགའ་སྟོན་རྒྱས་པར་མཛད་དེ་གནང་ནུག། (Royal Education Council, 2020, P72).

ཡབ་འབྲུག་རྒྱལ་གསུམ་པ་མཆོག་ ཞིང་ལུ་ཕེབས་ཏེ་ལོ་གཉིས་ཀྱི་རྒྱབ་ལས་ འབྲུག་པའི་མི་སེར་ཚུ་ སྐལ་བ་བཟང་པོའི་སྤྱི་ལོ་ ༡༩༧༤ ཟླ་ ༦ པའི་ནང་ སྨན་ལྗོངས་འབྲུག་པའི་མི་སེར་ཡོངས་ཀྱི་ སྐྱེ་བ་ལྷ་ལས་ལྷག་པའི་ ཕྱིའི་ལྕགས་རི་དང་ནང་གི་ནོར་བུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་གསེར་ཁྲི་མངའ་གསོལ་མཛད་གནང་ཡོདཔ་ཨིན། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ རྒྱལ་རབས་བཞི་པ་མཆོག་ མི་སེར་ཡོངས་ཀྱི་སྤྱི་གཙུག་གྱི་རྒྱན་ཆ་དང་ རྒྱལ་ཁབ་ཀྱི་རྒྱལཔོ་སྦེ་བྱོན་གནང་པའི་ ཉིནམ་ལས་འགོ་བཙུགས་ཏེ་ འབྲུག་པའི་སྔར་སྲོལ་དང་ལམ་ལུགས་སྲོལ་ཚུ་ སྔར་ལས་ལྷག་སྟེ་དར་ཡོད་པའི་གུར་ འཛིན་སྐྱོང་དང་འབྲེལ་བའི་ལས་སྣ་ཚུ་ཡང་ ག་ཅི་དེ་ཕན་སུམ་ཚོགས་ཏོག་ཏོ་མཛད་ཡོདཔ་ཨིན་མས། ཡར་རྒྱས་དང་གོང་འཕེལ་ཚུ་ཡང་མིག་མཐོང་ལག་བཟུང་སྦེ་ དུས་རིམ་བཞིན་དུ་ཡར་ངོའི་ཟླ་ལྟར་འཕེལ་མི་ལུ་ འབྲུག་པའི་མི་སེར་ཚུ་ཡང་སེམས་ལུ་དགའ་བ་ཚད་མེདཔ་འབྱུང་སའི་ཡུལ་ཅིག་ལུ་གྱུར་ནུག། (ཀུན་གསལ་ལས་འཛིན ༢༠༡༡ ཤོག་གྲགས་ ༡༦-༡༧)

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྤྱི་ལོ་ ༡༩༧༢ ལས་འགོ་བཟུང་ སྤྱི་ལོ་ ༢༠༠༦ ཚུན་ མི་ལོ་ ༣༤ དེ་ཅིག་གི་རིང་ལུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ཉམས་དགའ་བའི་ལྷའི་ཞིང་ཁམས་དང་དབྱེ་བ་མེད་པར་ དགའ་བའི་བྲོ་འཁྲབ་སྐྱིད་པའི་གླུ་འཐེན་ཏེ་སྡོད་པའི་རང་དབང་བྱུང་ནུག། འབྲུག་ལུ་དཔལ་འབྱོར་ གཞུང་སྐྱོང་དང་རང་བཞིན་གནས་སྟངས་ག་ཅི་ར་འབད་རུང་ རང་དབང་གི་འགན་ཁུར་མི་སེར་དང་གཞུང་ དེ་ལས་རྒྱལཔོ་ཁོ་ར་གིས་ འདྲ་མཉམ་འབག་སྟེ་ རྒྱལ་ཁབ་ནང་ཡང་ གཞུང་སྐྱོང་ལེགས་ལྡན་ དབང་ཚད་ཕྱིར་སྤེལ་དང་ དམངས་གཙོའི་རིང་ལུགས་ལ་སོགས་པ་ཚུ་གི་ སྲོལ་ཡང་མི་དབང་མཆོག་གིས་བཙུགས་མི་ཚུ་ ད་ལྟོའི་བར་ན་ཡང་སྟབས་བདེ་ཏོག་ཏོ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། མི་དབང་མཆོག་རྒྱལ་པོའི་གསེར་ཁྲི་གུ་ལས་ བབས་ཏེ་རྒྱལ་པོའི་འགན་ཁུར་དེ་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་ལུ་སྤྲོད་པའི་སྐབས་ དགུང་ལོ་ ༥༡ ལས་མ་བཞེས་རུང་ གཞན་རྒྱལ་ཁབ་ནང་བཟུམ་ རྒྱལ་པོའི་ཁྲི་གི་དོན་ལུ་ དམག་འཁྲུག་ལ་སོགས་པ་ཚུ་ག་ནི་ཡང་མ་ཐོན་པར་ བྱང་ཆུབ་སེམས་དཔའ་དང་དབྱེ་བ་མེད་པའི་གང་ཟག་ ཁྱད་པར་ཅན་ཅིག་ཨིན་ནོ། (Karma Phuntsho, P594-597).

མི༌སྡེ༌དཔལ༌འབྱོར༌གོང༌འཕེལ།

[ཞུན་དག]

༉ འབྲུག༌ཆོས༌དང༌ལྡན༌པའི༌རྒྱལ༌ཁབ༌ནང༌ བྱང༌སེམས༌ཅན༌གྱི༌མི༌དབང༌རིམ༌པར༌བྱོན༌ ལྷག༌པར༌དུ༌མི༌ལུས༌རིན༌པོ༌ཆེ༌ཁྱད༌པར༌དུ༌ འཕགས༌པའི༌གང༌ཟག༌ མི༌དབང༌འབྲུག༌རྒྱལ༌བཞི༌པ༌མཆོག༌བྱོན༌ཏེ༌ འབྲུག༌པའི༌མི༌སེར༌དགའ༌སྐྱིད༌ཕུན༌སུམ༌ཚོགས༌ནིའི༌དོན༌ལུ༌ རྒྱལ༌ཡོངས༌དགའ༌སྐྱིད༌དཔལ༌འཛོམས༌དེ༌ གཞི༌བཙུགས༌མཛད༌གནང༌ཡོདཔ༌ཨིན། མི༌སྡེ༌དཔལ༌འབྱོར༌གོང༌འཕེལ༌གཏང༌ནི༌དེ༌ ཡང༌ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་སྒྲུབ་ཐབས་ཀྱི་ ཀ་ཆེན་བཞི་ཡོད་པའི་གྲས་ལས་གཅིག་ཨིན། མི་དབང་མཆོག་གིས་མངའ་འོག་ལུ་ དཔལ་འབྱོར་གྱི་ཐད་ཁར་འབད་རུང་ རྒྱལ་ཁབ་ནང་ཁག་ཆེ་བའི་བཟོ་གྲྭ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན། གོང༌འཕེལ༌གྱི༌རིམ༌ལུགས༌ཚུ༌ཡང༌ དབྱེ༌ཁག༌མ༌འདྲཝ༌སྦེ༌བརྩམས༌གནང༌མི༌ཚུ༌ཡང༌ གསོ༌བ༌ ཤེས༌རིག༌ རང༌བཞིན༌སླར༌འབྱུང༌ཐོན༌སྐྱེད༌ ས༌གཏེར༌དང༌ནུས༌ཤུགས༌སྒེར༌སྡེ་༌གོང༌འཕེལ༌ ལཱ༌གཡོག༌ བཟོ༌གྲྭ༌འཕྲུལ༌ཁང༌ བརྡ༌དོན༌ བརྒྱུད༌འབྲེལ༌གྱི༌བརྡ༌བརྒྱུད༌ ཁྲོམ༌དང༌ཁྱིམ༌བཟོ༌གོང༌འཕེལ༌དང༌ མི༌སྡེའི༌ལས༌ཚོགས༌ ལ༌སོགས༌པ༌ཚུ༌གཞི༌བཙུགས༌ དང༌ གོང༌འཕེལ༌མཛད༌གནང༌ཡོདཔ༌ཨིན། (ཀུན༌བཟང༌ཆོས༌འཕེལ། རྣམ༌རྒྱལ༌ཕུན༌ཚོགས། ༢༠༠༩) ནང༌བཀོད༌དེ༌འདུག།

མི༌དབང༌མཆོག༌གིས༌མཛད༌པ༌ལེ༌ཤ༌ཡོད༌པའི༌གྲས༌ལས༌ སྤྱིར༌བཏང༌འཛམ༌གླིང༌འདི༌ནང༌ འགྲོ༌བ༌མི༌དང༌རྒྱལ༌ཁབ༌གཉིས༌ཆ༌རའི༌ དོན༌ལུ༌ རྒྱུ༌ནོར༌གྱི༌བདོག༌གཏད༌ ག༌ཅི༌ལས༌གལ༌ཆེཝ༌དེ༌ ཤེས༌རིག༌ཡོན༌ཏན༌ཨིནམ༌ལས༌བརྟེན༌ མི༌དབང༌མཆོག༌གིས༌ ལོ༌བསྟར༌འཆར༌དངུལ༌མང༌ཤོས༌ ཤེས༌རིག༌གི༌དོན༌ལས༌བཞག༌གནང༌ཡོདཔ༌མ༌ཚད༌ མི༌སེར༌ཚུ༌མི༌ཚེའི་རིང༌ ཤེས༌ཡོན༌དང༌ ལྕོགས་གྲུབ་ཅན་གྱི་ མི་སྡེ་གཅིག་ལུ་བཟོ་ནིའི་དོན་ལས་ སྤྱི་ལོ་ ༡༩༧༢ ལུ་ཤེས་རིག་གི་གཞི་རྟེན་ སློབ་གྲྭ་ཆེ་ཆུང་བསྡོམས་ ༩༨ དང་ སློབ་ཕྲུག་བསྡོམས་ ༡༡༦༡༠ ཡོད་མི་དེ་ སྤྱི་ལོ་ ༢༠༠༦ ཚུན་ལུ་ ཡར་སེང་འབད་དེ་ ཤེས་རིག་གི་མཐུན་རྐྱེན་དར་ཁྱབ་གནང་སྟེ་ གཞི་རིམ་ཤེས་ཡོན་དང་ སློབ་ཕྲུག་རང་སོའི་རིག་རྩལ་གྱི་ ལྕོགས་གྲུབ་དང་འཁྲིལ་ མཐོ་རིམ་ཤེས་ཚད་ཚུན་ལུ་ ཕྱི་ནང་གཉིས་ཀྱི་ཡོན་ཏན་ རིན་མེདཔ་སྦེ་གསོལ་རས་གནང་ འབྲི་ལྷག་ཡོན་ཏན་ལྷབ་ནི་གི་གོ་སྐབས་ མ་ཐོབ་པར་ལུས་མི་རྒན་གཞོན་ ག་རའི་དོན་ལུ་ སྤྱི་ལོ་ ༡༩༩༢ ལས་ གཞི་རྟེན་ཤེས་ཡོན་གྱི་ལས་རིམ་འགོ་བཙུགས་ ན་གཞོན་སློབ་ཕྲུག་ཚུ་གི་ ལུས་སྦྱོང་ རྩེད་རིགས་ ནང་གི་བསམ་པ་ ཕྱིའི་བྱ་བ་སྤྱོད་ལམ་ཚུ་ ཡར་དྲག་བཟོ་ནིའི་དོན་ལས་ སློབ་གྲྭ་ཆ་མཉམ་ནང་ལུ་ བརྩི་མཐོང་དང་ཀུན་ཚང་ཤེས་ཡོན་ལས་རིམ་བཙུགས་གནང་ནུག། (Karma Phuntsho, 2013).

ན་ཚ་ཤི་ཆད་ཀྱི་སྡུག་བསྔལ་བསལ་ནིའི་དོན་ལས་ སྤྱི་ལོ་ ༡༩༧༢ ལུ་ གསོ་བའི་གཞི་རྟེན་སྨན་ཁང་ ཆེ་འབྲིང་ཆུང་གསུམ་བསྡོམས་ ༤༠ ཙམ་ཡོད་མི་དེ་ སྤྱི་ལོ་ ༢༠༠༦ ཚུན་ལུ་ ༧༡༥ ཙམ་ལུ་ཡར་སེང་དང་ གསོ་བའི་སྤུས་ཚད་ལེགས་བཅོས་ ཉེན་ཁ་མེད་པའི་འཐུང་ཆུ་ ཉེ་བར་མཁོ་བའི་གཙང་སྦྲ་འཕྲོད་བསྟེན་ ཨམ་སྲུ་ཚུ་ལུ་ཨ་ལུའི་སྐྱེ་ནད་ ཨ་ལུ་ཆ་ཁྱབ་ལུ་ ནད་རིགས་དྲུག་ལས་ བཀག་ཚུགས་པའི་སྨན་ཁབ་ ཨའི་ཡོ་དྲིན་གྱི་ཟས་བཅུད་མ་ཚང་བའི་ ནད་རིགས་རྩ་མེད་གཏང་ནིའི་དོན་ལུ་ འཛམ་གླིང་གསོ་བའི་ལས་སྡེའི་ དམིགས་དོན་ཚུ་བསྒྲུབས་ཏེ་གནང་། འབྲུག་རྒྱལ་ཁབ་འདི་ ས་རྒྱ་ཆུང་ཀུ་ཅིག་ཨིནམ་ལས་ མི་མང་པ་ཅིན་རོ་མང་ མི་ཉུང་པ་ཅིན་ཁ་འཚོ་ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ མ་འོངས་པར་མི་རློབས་དང་འབྲེལ་བའི་ དཀའ་ངལ་འཐོན་ནི་ཨིནམ་མཁྱེན་ཏེ་ སྤྱི་ལོ་ ༡༩༨༠ ལུ་ མི་དབང་མཆོག་གིས་ བཟའ་ཚང་འཆར་གཞིའི་ལས་རིམ་ འགོ་བཙུགས་གནངམ་ལས། བདེ་སྐྱིད་ལོངས་སྤྱོད་དང་ལྡན་པའི་ བཟའ་ཚང་གི་མི་རློབས་འཕར་ཚད་དེ་ བརྒྱ་ཆ་ ༢ ལྷག་ཙམ་ཅིག་ལུ་གནས་ཏེ་ཡོད། སྤྱིར་བཏང་གསོ་བའི་སྨན་བཅོས་ཀྱི་རིགས་ རྒྱལ་ཁབ་མཐའ་དབུས་མེད་པར་ཁྱབ་སྟེ་གནང་ནུག། (ཀུན༌བཟང༌ཆོས༌འཕེལ། རྣམ༌རྒྱལ༌ཕུན༌ཚོགས། ༢༠༠༩) ནང༌བཀོད༌ནུག།

མི་དབང་མཆོག་གིས་ ཐུགས་རྒྱུད་ག་ནི་བ་མཁས་ནི་དེ་གིས་ སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་གཉིས་ཀྱི་བར་ན་ཚུད་ཡོད་མི་ དཔལ་ལྡན་འབྲུག་རྒྱལ་ཁབ་འདི་ནང་ལུ་ གོང་འཕེལ་གྱི་རྩ་བ་ངོ་མ་གཅིག་ བརྡ་དོན་བརྒྱུད་འབྲེལ་གྱི་བརྡ་བརྒྱུད་དེ་ དགོས་མཁོ་ཆེཝ་ཨིནམ་མཁྱེན་ནི་དེ་གིས་ སྤྱི་ལོ་ ༡༩༧༣ ཟླ་ ༡༡ པའི་ཚེས་ ༡༡ ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འགོ་དང་པ་རྒྱལ་ཡོངས་ ན་གཞོན་ཚོགས་སྡེ་སྦེ་བཙུགས་ཏེ་གནང་ཡོདཔ་ཨིན། (Lily Wangchuk, 2017). སྤྱི་ལོ་ ༡༩༧༢ ལུ་ ཀི་ལོ་མི་ཊར་ ༨༠༠ ལས་ ཉུངམ་སྦེ་སྡོད་མི་ སྣུམ་འཁོར་ལམ་དེ་ སྤྱི་ལོ་ ༢༠༠༦ ལུ་ ཀི་ལོ་མི་ཊར་ ༤༥༥༤.༧༣ དེ་ཅིག་ལུ་ཡར་སེང་འབད་དེ་ འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁག་ ཉི་ཤུ་གེ་རའི་ནང་ ཁྱབ་ཚུགས་ནུག། (Royal Education Council, 2020).

སྤྱི་ལོ་ ༡༩༨༣ ཟླ་ ༡༡ པའི་ཚེས་ ༢ ལུ་ འབྲུག་མཁའ་འགྲུལ་ཡང་གཞི་བཙུགས་འབད་ཡོདཔ་མ་ཚད་ སྤྱི་ལོ་ ༡༩༧༢ ལུ་ ཟམ་པ་ ༤༠ དེ་ཅིག་ཡོད་མི་དེ་ སྤྱི་ལོ་ ༢༠༠༦ ཚུན་གི་ ནང་འཁོད་ལུ་ ཟམ་པ་ ༦༥༨ ལྷག་ཙམ་བཟོ་སྐྲུན་མཛད་དེ་ སྔོན་མ་བ་ལྷག་སྟེ་ཡར་སེང་མཛད་གནང་ནུག། སྤྱི་ལོ་ ༡༩༨༨ ལུ་ སྒེར་གྱི་གློག་བརྙན་བཟོ་སྐྲུན་ཁང་ ཨེ་བཱི་ཚོང་སྡེ་གིས་ འབྲུག་ལུ་གློག་བརྙན་མགར་ས་བླ་མའི་སེང་གེ་ཟེར་མི་ འགོ་ཐོག་བཟོ་སྐྲུན་འབད་བའི་ཤུལ་ ད་རེས་ནངས་པའི་དུས་ལུ་ འབྲུག་གློག་བརྙན་ཚོགས་པ་ཟེར་ གནམ་མེད་ས་མེད་ཡོངས་གྲགས་སོང་ཡོདཔ་ཨིན། (Phuntsho Rabten, n.d, P176). འབྲུག་ལུ་ཡོངས་འབྲེལ་གྱི་ཞབས་ཏོག་དེ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ རྒྱང་མཐོང་གི་རིམ་ལུགས་འགོ་བཙུགས་པའི་སྐབས་ གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་མཆོག་གིས་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ རྒྱལ་ཁབ་ནང་འགོ་ཐོག་ འབྲུག་བརྒྱུད་འཕྲིན་ཚད་གཞི་བཙུགས་འབད་དེ་ སྤྱི་ལོ་ ༢༠༠༦ ལུ་ བཀྲ་ཤིས་འགྲུལ་འཕྲིན་ཚོང་སྡེ་གིས་ཡང་ འགོ་དང་པ་སྒེར་གི་ བརྒྱུད་འཕྲིན་ལས་སྡེ་ཅིག་ཡང་འགོ་བཙུགས་ཡོདཔ་ཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ། ༢༠༡༠) ནང་བཀོད་དེ་འདུག།

འབྲུག་ལུ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མི་དབང་མཆོག་གིས་གཞན་ཡང་ ཁག་ཆེ་བའི་ལས་སྣ་ལེ་ཤ་མཛད་ཡོད་པའི་གྲལ་ལས་ ཆུ་བརྟེན་གློག་མེ་ལས་འཛིན་ལེ་ཤ་སྦེ་ གཞི་བཙུགས་འབད་ཡོད་ས་ལས་ སྦོམ་ཤོས་ཅིག་ཏ་ལ་གློག་མེ་ལས་འཛིན་ ཤུགས་ཚད་ཝཊ ༡༠༢༠ ཆུ་ཁ་ལུ་གློག་གི་ཤུགས་ཚད་ ཝཊ་ ༣༣༦ བ་སོ་ཆུ་གློག་མེ་ལས་འཛིན་ ཝཊ ༦༤ དང་ ཀུ་རི་ཆུ་གློག་མེ་ལས་འཛིན་ལུ་ གློག་ཤུགས་ཝཊ་ ༦༠ དེ་ཅིག་ སྤྱི་ལོ་ ༢༠༠༧ ལས་ ཧྲིལ་བུ་འགོ་བཙུགས་ཚུགས་ཏེ འབྲུག་ལུ་རྐྱངམ་གཅིག་མེན་པར་ ཁྱིམ་ཚང་རྒྱ་གར་རྒྱལ་ཁབ་ཚུ་ནང་ཡང་ ཕྱི་འབྲེལ་འཐབ་ནི་འགོ་བཙུགས་ནུག། དེ་མ་ཚད་པའི་གཞན་ཡང་ སོ་ནམ་ཐོན་དངོས་ཚུ་ མ་མདོ་བར་ རྩི་ས་ ཞུན་རྫས་དང་ ཕཱི་རོ་སི་ལི་ཀཱོན་ ལ་སོགས་པ་ཚུ་ཡང་རྒྱལ་ཁབ་ནང་ འོང་འབབ་འཐོབ་ནིའི་དོན་ལུ་དམིགས་ཏེ་ ཕྱི་འབྲེལ་འཐབ་ནི་འགོ་བཙུགས་ཡོདཔ་ཨིན། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩) ནང་ལུ་བཀོད་དེ་འདུག།

གོང་ལུ་བཀོད་མི་རྩོམ་པ་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་རྒྱུ་དངོས་ཚུ་ཁྱིམ་ཚང་རྒྱལ་ཁབ་ནང་རྐྱངམ་གཅིག་མེན་པར་ སྤྱི་ལོ་ ༡༩༨༣ ལས་ འགོ་བཙུགས་ཏེ་ གཞན་རྒྱལ་སྤྱིའི་གནས་ཚད་ནང་ཡང་ ཕྱི་འབྲེལ་འཐབ་ནིའི་ལམ་ལུགས་གཞི་བཙུགས་འབདཝ་ལས་བརྟེན་ རྒྱལ་ཁབ་ཀྱི་ལོ་བསྟར་འོང་འབབ་དེ་ཡང་ སྤྱི་ལོ་ ༡༩༧༢ ལུ་ དངུལ་བཀྲམ་ ས་ཡ་ ༤༡ ལས་ སྤྱི་ལོ་ ༢༠༠༦ ལུ་ དངུལ་ཀྲམ་ཐེར་འབུམ་ ༣༦.༩ ལུ་ ཡར་སེང་སོང་ཡོདཔ་ཨིན། ལྷག་པར་དུ་མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ གཞན་ཡང་སྒེར་གྱི་ལས་སྡེ་ཚུ་ གཞི་བཙུགས་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་ཨིན།

རང་བཞིན་མཐའ་འཁོར་གནས་སྟངས་ཉམས་སྲུང་།

[ཞུན་དག]

༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ ཕྱི་གངས་རི་མཛེས་པའི་རྒྱན་ཆ་གིས་སྤུབས་ ནང་ཉམས་དགའ་བའི་སྤང་དང་ནགས་ཚལ་གིས་སྐོར་ཡོད་པའི་ནང་ མི་སེར་ཚུ་ཡང་ དགའ་བའི་གླུ་འཐེན་ སྐྱིད་པའི་གར་འཆམས་ཏེ་ ག་ཅི་དེ་མཛེས་ཏོག་ཏོ་སྦེ་ཡོད་མི་ས་ཆ་འདི་ནང་ དཔལ་འབྱོར་གྱི་ཐད་ཁར་ ཡར་རྒྱས་དང་གོང་འཕེལ་ག་དེམ་ཅིག་ལེགས་ཤོམ་འགྱོ་རུང་ རང་བཞིན་གཡིས་མཛེས་པའི་ མཐའ་འཁོར་གནས་སྟངས་ལུ་གནོད་པ་བྱུང་སྟེ་ཉམས་སོ་པ་ཅིན་ རྒྱལ་ཁབ་ལུ་གྱོང་རྒུད་སྦོམ་ཕོག་ནི་ཨིན། འབྲུག་ལུ་ནགས་ཚལ་དང་སྲོག་ཆགས་སེམས་ཅན་ལུ་གནོད་སྐྱོན་འབྱུང་བཅུག་ནི་དང་ ལྷག་པར་དུ་ འབྱུང་བ་བཞི་ལུ་བཙོག་པ་ཞུགས་ཏེ་ཉམས་བཅུག་པ་ཅིན་ རྒྱལ་ཁབ་ནང་ལུ་འཁྱམས་མི་ གང་ཟག་དང་དངོས་པོ་ལ་སོགས་པ་ཚུ་ལུ་ འབྱུང་བ་བཞི་ལས་བརྟེན་པའི་ སྡུག་བསྔལ་དང་བཀའ་ངལ་ཚད་མེདཔ་མྱོང་དགོཔ་ཨིན། དེ་འབདཝ་ལས་བརྟེན་ རང་བཞིན་མཐའ་སྐོར་གནས་སྟངས་ལུ་ སེམས་ཀྱི་གདིང་ལས་བརྩེ་བ་བསྐྱེད་དེ་ བདག་འཛིན་ག་དེ་དྲག་དྲག་འཐབ་ནི་དང་ མི་རེ་རེ་བཞིན་དུ་གིས་ མནོ་བསམ་གཅིག་ཁར་བཏང་སྟེ་ མནོ་ཤེས་བསམ་ཤེས་ཀྱི་སྒོ་ལས་ འགན་ཁུར་འབག་ཚུགས་པ་ཅིན་ མཐའ་འཁོར་གནས་སྟངས་ལས་བརྟེན་པའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འཐོབ་ཚུགསཔ་ཨིན། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩ ཤོག་གྲངས་ ༤༡) ནང་བཀོད་ནུག།

མི་དབང་མཆོག་གི་མངའ་འོག་ལུ་ འབྲུག་ལུ་ནགས་ཚལ་གྱི་ཁྱབ་ཚད་ཡང་ རྒྱ་ཆ་ ༦༧.༥ དེ་ཅིག་ཡོདཔ་མ་ཚད་ རྒྱལ་ཁབ་ཆུང་ཀུ་ཅིག་འབད་རུང་ རང་བཞིན་གནས་སྟངས་ལས་བརྟེན་པའི་འོང་འབབ་བཟོ་ནི་ལས་ རང་བཞིན་གནས་སྟངས་དང་ སྐྱེ་ལྡན་གནས༌སྟངས༌ཉམས༌སྲུང༌འབད༌ནི༌དེ༌ལུ༌ ཡིད༌ཆེས༌སྐྱེད༌དོ༌ཡོདཔ༌ཨིན། སྤྱི༌ལོ༌ ༡༩༩༥ ལུ༌སྲིད༌བྱུས༌དེ༌ལས༌བརྟེན༌ཏེ༌ འབྲུག༌རྒྱལ༌ཁབ༌ནང༌ སྒེར༌གྱི༌ཉེན༌ལེན༌ཚོང༌ལཱ༌འབད༌མི༌ སྦྱར༌ལེབ༌ཀྱི༌བཟོ༌སྐྲུན་ཁང༌གཅིག༌ཡང༌སྒོ༌བསྡམ༌དགོཔ༌ཐོན༌ནུག། ལྷག༌པར༌དུ༌ མི༌དབང༌མཆོག༌གིས༌ དུས༌ནམ༌ར༌འབད༌རུང༌ རང༌བཞིན༌གནས༌སྟངས༌ཉམས༌སྲུང༌གི༌ ལས༌སྣ༌ཚུ༌ མཛད༌པ༌ལས༌བརྟེན༌ སྤྱི༌ལོ༌ ༢༠༠༥ ལུ༌ འཛམ༌གླིང༌སྤྱི་ཚོགས་མཐའ༌སྐོར༌གནས༌སྟངས༌ལྷན་ཚོགས་ཀྱིས་ མི་དབང་མཆོག་ལུ་ རང༌བཞིན༌གནས༌སྟངས༌ ཉམས༌སྲུང༌འབད༌ནིའི༌དོན༌ལུ༌ དབུ༌ཁྲིད༌བཟང༌པོ༌བཛད༌པའི༌ ཡིད་ཆེས་ངལ་རངས་ཀྱི་ གཟེངས་བསྟོད་རྟགས༌མ༌ཚུ༌ཡང༌ ཕུལ་ཡོདཔ༌ཨིན༌མས། ལྷག༌པར༌དུ༌ མི༌དབང༌མཆོག༌ལུ་ གཞན༌ཁག༌ཆེ༌བའི༌ རྟགས༌མ༌ཚུ༌ཡང༌ སྤྱི༌ལོ༌ ༢༠༠༦ སྤྱི༌ཟླ༌ ༡༠ པའི༌ཚེས༌ ༡༧ ལུ༌ འཛམ༌གླིང༌རི༌དྭགས༌སྲུང་སྐྱོབ་ཚོགས་སྡེ༌ལས༌ཡང༌ སྲིད་སྐྱོང་གི་དབུ་ཁྲིད་དྲགོས་ཀྱི་ གསོལ་རས་ ཇེ་པའུལ་གི་ཊི་ རྟགས་མ་ཚུ་ཡང་ཕུལ་ཡོདཔ་ཨིན། (Royal Education Council, 2020).

མི་དབང་མཆོག་གིས་མ་འོངས་པའི་གནས་སྟངས་ཚུ་ ཧ་གོ་བ་ལས་བརྟེན་ ཁོ་རའི་མི་སེར་དང་རྒྱབ་ཁབ་ཀྱི་དོན་ལུ་ ཉིན་ནུབ་མེད་པར་ རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་ཕྱག་ལཱ་མཛད་ཡོདཔ་མ་ཚད་ སྤྱི་ལོ་ ༡༩༨༥ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ མི་དབང་མཆོག་གི་ གསེར་ཁྲི་མངའ་གསོལ་ཀྱི་ཉིནམ་དང་འབྲེལ་ རྒྱལ་ཡོངས་མི་སྡེ་ནགས་ཚལ་གྱི་ ཉིནམ་སྦེ་བརྩི་སྲུང་ཞུ་སྲོལ་ཅིག༌ཡང༌འགོ༌བཙུགས༌ཡོདཔ༌ཨིན། འཛམ༌གླིང༌ཚན༌རིག༌མཁས༌མཆོག༌ཚུ༌གིས༌བཤད༌དོ༌བཟུམ༌འབད༌བ༌ཅིན༌ འབྲུག༌ རྒྱལ༌ཁབ༌ཀྱི༌ས༌གནས༌འདི༌ རང༌བཞིན༌ལས༌བརྟེན༌པའི༌འཇིགས༌པ༌འབྱུང༌པ༌ཅིན༌ སྒྲིང༌ཁྱིམ༌སྦོམ༌ཚུ༌གི༌འོག༌ལུ༌ཚུད༌ནིའི༌ ཉེན༌ཁ༌ མེད༌རུང༌ རི༌དང༌བྲག༌ལ༌སོགས༌པ༌ཚུ༌གི༌ འོག༌ལུ༌ཚུད༌ནིའི༌ཉེན༌ཁ༌ གནམ༌མེད༌ས༌མེད༌སྦོམ༌ཡོད༌པའི༌སྐོར༌ལས༌ཡང༌བཤད༌ དེ༌འདུག། (ཀུན༌བཟང༌ཆོས༌འཕེལ། རྣམ༌རྒྱལ༌ཕུན༌ཚོགས། ༢༠༠༩) ནང༌བཀོད༌ནུག། ཨིན་རུང་ ད་རེས་ནངས་པའི་དུས་ལུ་ འབྱུང་བ་བཞིའི་འཇིགས་པ་དེ་བཟུམ་མ་བྱུང་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་དང་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་ལ་སོགས་པ་ཚུ་གེ་ར་ འབྱུང་བ་བཞི་ལས་རང་དབང་ཐོབ་ཡོད་པའི་ གང་ཟག་ཁྱད་པར་ཅན་ཅིན་ཨིནམ་ལས་བརྟེན་ རྒྱལ་ཁབ་བྱིན་གྱིས་བརླབས་གནང་ཡོདཔ་མ་ཚད་ སྲུང་ཐབས་མང་རབས་ཅིག་མཛད་པའི་ བཀའ་དྲིན་ལུ་བརྟེན་ཏེ་ཨིན་ཟེར་ ཆོས་མཛད་མི་ཚུ་གིས་གསུངསམ་ཨིན་མས། ཨིན་རུང་དེང་སང་གི་དུས་ལུ་ མི་མང་ཤོས་རང་རྙིགས་མ་ལྔ་བདོ་བའི་དབང་གིས་ ཆོས་ལུ་ཡིད་ཆེས་འབད་མི་ རིམ་གྱིས་ཉམས་འགྱོ་དོ་ཡོདཔ་མ་ཚད་ སྲུང་ཐབས་མཛད་པའི་ ལྷ་ཁང་དང་མཆོད་རྟེན་བྱིན་བརླབས་ཅན་ཚུ་ཡང་ གཟུངས་བཞུགས་བཏོན་ཏེ་བྱིན་བརླབས་ཉམསའགྱོ་དོ་ཡོདཔ་ཨིན། བཟློག་རིམ་མནན་པ་མཛད་མི་ཚུ་ ས་རིམ་པ་དགུ་གི་འོག་ལས་ཕྱི་ཁར་བཏོན་ཏེ་ དམ་སྲི་དང་འབྱུང་པོ་ཁ་དར་བཅུག་དོ་ཡོདཔ་མ་ཚད་ ད་རེས་ཀྱི་དུས་ལུ་ མི་མང་ཆེ་ཤོས་ར་ ཏམ་ཁུ་དང་སྨྱོ་རྫས་ལ་སོགས་པའི་སྡུག་རྫས་ལག་ལེན་འཐབ་སྟེ་ འབྱུང་བ་བཞི་ལུ་གནོདཔ་བཀལ་ནི་དེ་གིས་ རྒྱལ་ཁབ་ནང་ལུ་ཡང་ འབྱུང་བཞིའི་འཇིགས་པ་ཐོན་པའི་ཉེན་ཁ་སྦོམ་ཡོད་ཟེར་ ལུང་བསྟན་ཚུ་ནང་བཀོད་དེ་ཡོདཔ་ཨིན། (Karma Phuntsho, 2013).

རང༌བཞིན༌གནས༌སྟངས༌ཟེར༌བའི༌སྐབས༌ མང༌ཤོས༌རི༌དང༌ནགས༌ཚལ༌ ཆུ༌དང༌བྲག༌རྐྱང༌པ༌ཅིག༌ལུ་རང༌བཞིན༌གནས༌སྟངས༌ཀྱི༌ གྲལ༌ཚུད༌དོ༌བཟུམ༌མཐོང༌རུང༌ དེ༌སྦེ༌མེན་པར༌ཕྱིའི༌འཇིག༌རྟེན༌དང༌ ནང༌གི༌སེམས༌ཅན༌གཉིས༌ཆ༌ར༌ལུ༌བརྩི༌དོ༌ཡོདཔ༌ལས༌ དཔེ་འབད༌བ༌ཅིན༌སྲོག༌ཆགས༌དང༌འདབ༌ཆགས༌ གཅན༌གཟན༌ཚུན༌ཚོད་ཅིག༌འབྲེལ༌བ༌ཡོད༌ནི༌དེ༌གིས༌ གཅིག༌མེད༌པ༌ཅིན༌ དེའི༌རྐྱེན༌གྱིས༌གཞན༌ཅིག༌ལུ༌ གནོད༌པ༌འབྱུང༌ནི༌དེ༌ཆོས༌ཉིད༌ཨིན༌ཟེར༌ རིག༌གསར༌ཤེས༌བྱ༌མཁན༌ཚུ༌གིས༌ཡང༌ བཤད༌དོ༌ཡོདཔ༌ཨིན། རྒྱུ༌མཚན༌དེ༌འབདཝ༌ལས༌བརྟེན༌ མི༌དབང༌འབྲུག༌རྒྱལ༌བཞི༌པ༌མཆོག༌གི༌ཞབས༌ལས༌ རང༌བཞིན༌གནས༌སྟངས༌ ཉེན༌སྲུང༌མཛད༌ནི༌ལུ༌ དམིགས༌བསལ༌གྱིས༌ སེམས༌ཤུགས༌མཛད༌དོ༌ཡོདཔ༌ཨིན།

སྤྱི༌ལོ༌ ༡༩༨༠ ལོའི༌ནང༌ བསྟན༌རྒྱས༌ལྷན༌ཁག༌གིས༌ འགོ༌འདྲེན༌ཐོག༌ལས༌ རྡོ༌ཀ༌མ༌རུ༌པའི༌བཟོ༌གྲྭ༌ཁང༌དེ༌ནང༌ མི༌དབང༌ མངའ༌བདག༌རིན༌པོ༌ཆེ༌ཞབས༌ལས༌ གཟིགས༌ཞིབ༌གནང༌པའི༌ཤུལ༌ལུ་ བཟོ༌གྲྭ༌འདི༌ཁེ༌ཕན༌ཅན༌ཨིན༌རུང༌ སྒོ༌བསྡམས༌ དགོཔ༌བྱུང༌མི༌འདི༌ མི༌ལོ༌ ༥༠ དེ༌ཅིག༌གི༌ཤུལ༌མ༌ མཐའ༌འཁོར༌གནས༌སྟངས༌ལུ༌ གནོད༌སྐྱོན་གྱི༌ཤུགས༌ཚད༌དེ༌ བཟོ༌གྲྭ༌ཁང༌དེ༌ལས༌ཐོབ༌པའི༌འོང༌འབབ༌ལས༌ རྒྱལ༌ཁབ༌ནང༌གྱོང༌རྒུད༌སྦོམ༌ནིའི༌ཉེན༌ཁ༌གཟིགས༌ཏེ༌ བཟོ༌གྲྭ༌ཁང༌འདི༌མཚམས༌འཇོག༌སྦེ་འབད༌བཞག༌ནིའི༌ བཀའ༌རྒྱ༌གནང༌ཡོདཔ༌ཨིན༌མས། བྱ༌བ༌དེ༌བཟུམ༌ལུ༌བལྟ༌སྟེ༌ མི༌དབང༌མཆོག༌གིས༌ རྒྱལ༌ཁབ༌ཀྱི༌རང༌བཞིན༌མཐའ༌འཁོར༌གནས༌སྟངས༌ལུ༌ ག༌དེ༌ཅིག༌ ཐུགས༌ཀྱི༌བརྩེ༌བ༌ཡོདཔ༌ཨིན༌ན༌ཤེས༌ཚུགས༌པས། དེ༌ལས༌མ༌ཡིན༌པའི༌བྱ༌བ༌ སྤྱི༌ལོ༌ ༡༩༩༣ ལུ༌ འབྲུག༌པའི༌ས༌གནས༌མ༌འདྲཝ༌ཚུ༌ནང༌ རི༌དྭགས༌སྲུང༌སྐྱོབ༌ཀྱི༌གླིང༌གསྦེ་ཡང༌ ངོས༌འཛིན༌མཛད༌ཡོདཔ༌ཨིན༌མས། དེ༌ཡང༌ལྷོ༌ཕྱོགས༌ཁ་ཐུག༌ཏུར༌སའི༌ནགས༌ཚལ༌ དབུས༌ཕྱོགས༌སུ༌ཇོ༌བོ༌དུར༌ཞིང༌དང༌ ཕྲུམ་སེང༌ལ༌ ཤར༌ཁ༌ཐུག༌ལུ༌ སྲག༌སྟེང༌ དང༌ འབུམ༌སྡེ༌གླིང༌ངོས༌འཛིན༌འབད༌ཡོདཔ༌ཨིན༌མས། (འབྲུག༌ཞིབ༌འཇུག༌ལྟེ༌བ༌ ༢༠༡༠ ཤོག༌གྲངས༌ ༡༧༦-༡༧༧) ནང༌ བཀོད༌དེ༌འདུག།

དེ༌བཟུམ༌སྦེ༌ དཔལ༌ལྡན༌འབྲུག༌པའི༌རྒྱལ༌ཁབ༌ནང༌ གཞུང༌གི༌ཁ༌ཐུག༌ལས༌འབད༌རུང༌ རང༌བཞིན༌གནས༌སྟངས༌ལུ༌ ཕན༌ཐབས༌ལུ༌དམིགས༌ཏེ༌ རྒྱལ༌ཡོངས༌ཚོགས༌འདུ༌ཆེན༌མོ༌ཐེངས༌ ༦༨ ནང༌ ནགས༌ཚལ༌ལས༌ཁུངས༌ཀྱིས༌ སྙན༌ཞུ༌ཕུལ༌མི༌ ནང༌ཡང༌ འཆར༌གཞི༌ལྔ༌པའི༌ནང༌གཞུང༌ས༌སྟོངམ༌དང༌ མི༌སེར༌གྱི༌ཁྲམནང༌ཚུད༌མི༌བསྡོམས༌ཏེ༌ ས༌ཞིང༌ཨེ་ཀར་ ༢༩༨༦ ནང་ཤིང་གི་ལྕངམ་འབུམ་ ༦༢༠༠ ལྷགཔ་ཅིག་བཙུགས་ཡོད་པའི་ གྲོས་ཆོད་དོན་ཚན་ ༡༦ པའི་ནང་བཀོད་ཡོདཔ་ཨིན། (འབྲུག༌ཞིབ༌འཇུག༌ ལྟེ༌བ༌ ༢༠༡༠ ཤོག༌གྲངས༌ ༡༧༦-༡༧༧) ནང༌བཀོད༌དེ༌འདུག། དེ་དང་འབྲེལ་བའི་ཐབས་ཤེས་གཞན་ཡང་ ཆུ་རུད་བཀག་ཐབས་ཀྱི་ལས་རིམ་དང་ རི་དྭགས་སྲུང་སྐྱོབ་ཀྱི་ལས་རིམ་ རྒྱལ་ཡོངས་གླིང་ག་བཟོ་ནིའི་ལས་རིམ་ལ་སོགས་པ་ཚུ་ འགོ་འདྲེན་ཐོག་ལས་ རི་དྭགས་སེམས་ཅན་དང་ རང་བཞིན་གནས་སྟངས་ལུ་ གནོད་པ་བཀལ་མ་བཅུག་པར་བཞག་སྟེ་ མི་དབང་མཆོག་གི་ཐུགས་ཀྱི་དགོངས་བཞེད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ འགྲུབ་ཚུགསཔ་འབད་ནིའི་དོན་ལུ་ཨིན།

འཛམ་གླིང་རྒྱལ་ཡོངས་དང་མཐུན་འབྲེལ།

[ཞུན་དག]

༉ དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ང་བཅས་དཔལ་དང་ལྡན་པའི་འབྲུག་རྒྱལ་ཁབ་ནང་ལུ་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་གཞན་དང་ མཐུན་ལམ་ག་ཅི་དེ་སྒྲིང་སྒྲི་བཟོ་གནང་བའི་ མཛད་བྱ་བཟང་པོ་ལེ་ཤ་ཡོད་མི་ལས་ སྤྱི་ལོ་ ༡༩༧༡ ལུ་ མི་དབང་མཆོག་གི་ཡབ་རྒྱལཔོ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ ཕྱག་ཞུ་སྟེ་རྒྱ་གར་རྒྱལ་ཁབ་ནང་བྱོན་པའི་ཉིནམ་ལུ་ རྒྱ་གར་རྒྱལ་ཁབ་ཀྱི་འགོ་ཁྲིདཔ་མ་འདྲཝ་ཚུ་དང་ མཐུན་ལམ་ག་ཅི་དེ་སྒྲིང་སྒྲི་བཟོ་ནིའི་ལས་སྣ་ཚུ་ཡང་ དེ་ཁར་ལས་འགོ་བཙུགས་ཡོདཔ་ཨིན། མི་དབང་མཆོག་གིས་ གསེར་ཁྲི་མངའ་གསོལ་མཛད་པའི་ཉིནམ་ལུ་ཡང་ རྒྱ་གར་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ཡང་བྱོན་གནང་ཡོདཔ་མ་ཚད་ གཞན་རིམ་བྱུང་གི་སྲིད་འཛིན་ཚུ་གིས་ཡང་ འབྲུག་ལུ་བྱོན་གནང་ཡོདཔ་ཨིན་པའི་ཁར་ མི་དབང་མཆོག་གིས་ཡང་ རྒྱ་གར་རྒྱལ་ཁབ་ནང་ལུ་ འཕྲལ་འཕྲལ་ར་བྱོན་གནང་ཡོདཔ་ཨིན། ལྷག་པར་དུ་ རྒྱ་གར་རྒྱལ་ཁབ་ཀྱི་འབྲུག་ལུ་ སྤྱི་ལོ་ ༡༩༧༢ ལོའི་ནང་ གོང་འཕེལ་ལས་སྣ་མཛད་ནའི་དོན་ལུ་ ཕན་ཚུན་གཉིས་འབྲེལ་གྱི་ཐོག་ལས་ དངུལ་ཀྲམ་ ས་ཡ་ ༤༣༧.༢ གནང་ཡོདཔ་མ་ཚད་ སྤྱི་ལོ་ ༡༩༩༧ ལུ་ དངུལ་ཀྲམ་ ཐེར་འབུམ་ ༩ དེ་ཅིག་གནང་པའི་ཤུལ་ལུ་ འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་འབྲེལ་བ་ཡང་ག་ཅི་དེ་ ཡར་དྲག་སོང་ཡོདཔ་ཨིན། (Royal Education Council, 2020).

སྤྱི་ལོ་ ༡༩༨༣ ལུ་ འབྲུག་དང་རྒྱ་གར་གྱི་བར་ན་ ཚོང་འབྲེལ་དང་སྐྱེལ་འདྲེན་གྱི་ཐོག་ཁར་གཞི་བཞག་སྟེ་ ཆིངས་ཡིག་ (ཨིན་དྲོ་བུ་ཊན་མཐུན་འབྲེལ་ཆིངས་ཡིག་ ༡༩༨༣ ཅན་མ་) ཡང་བཟོ་བའི་ཤུལ་ལུ་ འབྲུག་དང་རྒྱ་གར་རྒྱལ་ཁབ་ཀྱི་བར་ན་ སྔོན་ལས་ལྷག་པའི་བློ་གཏད་དང་ཡིད་ཆེས་འབྱུང་ཚུགས་ཡོདཔ་ཨིན། ལྷག་པར་དུ་ ལོ་དེ་ནང་ར་ རྒྱ་གར་རྒྱལ་ཁབ་ཀྱི་ འབྲུག་པའི་མི་སེར་ཚུ་གི་དོན་ལས་ གནམ་གྲུའི་རྒྱུན་ལམ་དང་ གློག་ཐག་བརྒྱུད་འཕྲིན་ཚུ་ཡང་ གཞི་བཙུགས་མཛད་དེ་ འབྲུག་དང་རྒྱ་གར་གྱི་བར་ན་ འབྲེལ་བ་འཐབ་ནི་ལུ་ ག་ཅི་དེ་འཇམ་ཏོང་ཏོ་བཟོ་གནང་ཡོདཔ་ཨིན། སྤྱི་ལོ་ ༢༠༠༦ ཟླ་ ༨ པའི་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ནིའུ་དྷི་ལི་ལུ་བྱོན་གནང་སྟེ་ རྒྱ་འབྲུག་རྒྱལ་ཁབ་གཉིས་བར་ན་ཡོད་པའི་ཆིངས་ཡིག་ སྤྱི་ལོ་ ༡༩༤༧ ཅན་མའི་ དོན་ཚན་གཉིས་པའི་ནང་ འབྲུག་རྒྱལ་ཁབ་ཀྱི་རང་དབང་བཙན་ཐབས་ལུ་ བྱ་སྟབས་མ་བདེ་བའི་ཚིག་དོན་ཆུང་ཀུ་ཅིག་ ཚུད་དེ་ཡོད་མི་དེ་ བསལ་ནི་གི་དོན་ལས་ ཆིངས་ཡིག་འདི་བསྐྱར་གསོ་ཡང་མཛད་ནི་གི་ གསུང་གྲོས་མཐར་ཕྱིན་གནང་ཡོདཔ་ཨིན། (Royal Education Council, 2020).

དེ་མ་ཚད་པའི་གཞན་ཡང་ སྤྱི་ལོ་ ༢༠༠༧ ཟླ་ ༢ པའི་ཚེས་ ༨ ལུ་ བསྐྱར་གསོ་མཛད་པའི་ཆིངས་ཡིག་གུར་ མི་དབང་འཇིགས་མེད་གེ་སེར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ མཚན་རྟགས་བཀོད་དེ་གནང་ཡོད་པའི་ཁར་ རྒྱ་འབྲུག་མཐུན་འབྲེལ་ཆིངས་ཡིག་ དོན་ཚན་ ༡༠ ཡོད་པའི་ནང་ལས་ རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་ལུ་འགྱུར་བ་མེད་པར་ དུས་ནམ་ར་འབད་རུང་བར་ན་གནས་ཏེ་ ཚོང་འབྲེལ་ དྲང་ཁྲིམས་ ཤེས་རིག་ འཕྲོད་བསྟེན་ རྩེད་རིགས་ འཕྲུལ་རིག་ དཔལ་འབྱོར་མཉམ་འབྲེལ་ ཕན་ཚུན་གཅིག་གིས་གཅིག་ལུ་ བློ་གཏད་ཡིད་ཆེས་ རྒྱལ་ཁབ་རང་དབང་རང་བཙན་ཧྲིལ་བུའི་བདེ་སྲུང་ དགའ་སྐྱིད་དང་གཞི་བདེ་ལུ་ ཡུན་བརྟན་གནས་ཚུགསཔ་སྦེ་བཟོ་གནང་སྟེ་ འབྲུག་རྒྱལ་ཁབ་དེ་ ག་ཅི་དེ་ཉམས་དགའ་ཏོག་ཏོ་ཅིག་སྦེ་ བཟོ་གནང་ཡོདཔ་ཨིན། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩ ཤོག་གྲངས་ ༧༠-༧༡) ནང་ལུ་བཀོད་དེ་ཡོདཔ་ཨིན།

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་ཀྱི་གནས་སྟངས་ཚུ་ མ་འོངས་མངོན་པར་གཟིགས་ཏེ་ འཛམ་བུ་གླིང་གི་རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ཡང་ མཐུན་ལམ་ག་དེ་དྲག་དྲག་ཡར་རྒྱས་གཏང་ནི་དང་ རྒྱུན་སྐྱོང་འཐབ་ནི་ལུ་ བརྩོན་ཤུགས་བསྐྱེད་གནང་ཡོདཔ་ཨིན། སྤྱི་ལོ་ ༢༠༠༦ ཚུན་ འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༢༢ དང་གཅིག་ཁར་ གཞུང་ཚབ་བཙུགས་ལེན་གྱི་མཐུན་ལམ་བཟོ་སྟེ་གནང་ཡོདཔ་མ་ཚད་ རྒྱལ་ཁབ་སྟོབས་ཅན་གཞན་ ཨ་མི་རི་ཀ་དང་ རྒྱ་ནག་རྒྱལ་ཁབ་གཉིས་དང་ཡང་ མཐུན་ལམ་བཟོ་གནང་ཡོདཔ་ཨིན། ལྷག་པར་དུ་ རྒྱལ་སྤྱིའི་ཚོགས་པ་མ་འདྲཝ་ལེ་ཤ་ཚུ་དང་ཡང་ མཐུན་ལམ་བཟོ་གནང་ཡོད་པའི་ནང་ལས་ ཡུ་ཨེན་དྲི་པི་ ཡུ་ནི་སེཕ་ ཡུ་ནིསི་ཀོ་ དྲབ་ལུ་ཨེཆ་ཨོ་ ཨེཕ་ཨེ་ཨོ་ དྲབ་ལུ་ཨེཕ་པི་ དྲབ་ལུ་དྲབ་ལུ་ཨེཕ་ཚུ་དང་ རྒྱལ་སྤྱིའི་མི་སྡེའི་ལས་ཚོགས་ ཨསི་ཀྲི་ཡན་ ཀེ་ན་དྲི་ཡན་ ཧེལ་བི་ཀྲསི་ ཇའི་ཀ་ ཇེ་ཨོ་སི་བི་ དྲེན་མཱག་ ཇི་ཀྲི་ཛེཀྲ་ ཨེས་ཨེན་བཱི་ པི་ཨར་ཨོ་ སེཕ་ད་ཅིལ་དྲེན་ ནིའུ་ཟི་ལེནདྲི་ ཐའི་ལེནདྲི་གི་ཡིག་ཚང་ཚུ་ཡང་ གཞི་བཙུགས་འབད་དེ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་དོན་གཅོད་ཡིག་ཚང་ཡང་ ནིའུ་དྷི་ལི་ ནིའུ་ཡོག་ ཇི་ནི་བཱ་ ཀུ་ཝེཀྲ་ དྲ་ཀ་ བཱེང་ཀོག་ཚུ་ནང་བཙུགས་ཏེ་ཡོདཔ་ལས་ འཛམ་གླིང་ནང་ འབྲུག་འདི་མིང་གཏམ་ཅན་གྱི་རྒྱལ་ཁབ་ཅིག་སྦེ་བཟོ་གནང་སྟེ་ ཕྱིའི་རྒྱལ་ཁབ་ཚུ་དང་གཅིག་ཁར་ ཐབས་ཤེས་གནས་སྐབས་ མཁས་མཆོག་ཅན་གྱི་ཕྱག་ལཱ་མཛད་དེ་གནང་ཡོདཔ་ཨིན། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩ ཤོག་གྲངས་ ༧༣-༧༤) ནང་ལུ་བཀོད་དེ་ཡོདཔ་ཨིན།

སྤྱི་ལོ་ ༡༩༨༡ ལུ་ འབྲུག་རྒྱལ་ཁབ་དེ་ རྒྱལ་སྤྱིའི་དངུལ་འབྲེལ་མ་དངུལ་དང་ རྒྱལ་སྤྱིའི་དངུལ་ཁང་གཉིས་ཀྱི་ འཐུས་མི་སྦེ་འཛུལ་ཡོད་པའི་ཁར་ གཞན་ཡང་སྤྱི་ལོ་ ༡༩༨༢ ལུ་ དྲབ་ལུ་ཨེཆ་ཨོ་དང་ ཡུ་ནིསི་ཀོ་གིས་འཐུས་མི་སྦེ་འཛུལ་ ལྷག་པར་དུ་ སྤྱི་ལོ་ ༡༩༨༥ ལས་འགོ་བཟུང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ནང་ ག་ཅི་དེ་ལེགས་ཤོམ་སྦེ་བཅའ་མར་གཏོགས་ཡོདཔ་ཨིན། དེ་མ་ཚད་འབྲུག་རྒྱལ་ཁབ་དེ་ ཆུང་ཀུ་ཡོད་པའི་ཁར་སྟོབས་ཆུང་གི་རྒྱལ་ཁབ་ཅིག་འབདཝ་ལས་ ཟུང་ཕྱོགས་མཐུན་འབྲེལ་ནང་ལུ་ རྒྱ་ཆེ་དྲགས་སྦེ་གཞུང་ཚབ་ཡིག་ཚང་བཙུགས་མ་ཚུགསཔ་ལས་ སྤྱི་ལོ་ ༡༩༧༡ ལུ་ རྒྱ་གར་དང་བངྒ་ལ་དེཤ་རྒྱལ་ཁབ་གཉིས་ནང་རྐྱངམ་གཅིག་བཙུགས་ཡོདཔ་ཨིན། གཞན་ཡང་མཐུན་ཏོག་ཏོ་ཡོད་པའི་ རྒྱལ་ཁབ་ཚུ་ནང་ གཞུང་ཚབ་ ༢༦ རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་ས་ནིཝ་དེ་ལི་ ཡང་ན་ དྲཱ་ཀ་ལུ་གཞི་བཙུགས་འབད་དེ་སྡོད་ནུག། (Royal Education Council, 2020).

གོང་ལུ་བཀོད་དོ་བཟུམ་སྦེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་ཁར་ཕེབས་པའི་ཉིནམ་ལས་འགོ་བཙུགས་ དུས་ཡུན་ཐུང་ཀུ་ཅིག་ཡང་ མ་བཞུགས་པར་ཉིན་མཚན་རྟག་ཏུ་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ཕྱག་ལཱ་ཚུ་མཛད་ཡོད་པའི་ནང་ལས་ཁག་ཆེ་ཤོས་ཅིག་ སྟོབས་ཆུང་གི་རྒྱལ་ཁབ་ཆུང་ཀུ་དེ་ གཞན་གོང་འཕེལ་འགྱོ་ཚར་བའི་རྒྱལ་ཁབ་ཚུ་དང་ མཐུན་ལམ་བཟོ་ཡོད་མི་དེ་ འབྲུག་མི་རེ་རེ་བཞིན་དུ་གིས་ སེམས་ལས་ནམ་ཡང་བརྗེད་པར་ཕངས་པའི་ མཛད་བྱ་ཅིག་ཨིན། དེ་བཟུམ་གྱི་མཛད་བྱ་བཟང་པོ་ཚུ་ཡང༌ དང༌པ༌རྒྱ༌གར༌རྒྱལ༌ཁབ༌དང༌ དཔལ༌ལྡན༌འབྲུག༌པའི༌རྒྱལ༌ཁབ༌གཉིས༌ཀྱི༌བར༌ན༌ མཐུན༌ལམ༌གོང༌འཕེལ༌མཛད༌གནང༌ཡོདཔ༌དང༌ གཉིས༌པར༌ ལྷོ༌ཨེ༌ཤིཡ༌ལུང༌ཕྱོགས༌མཐུན༌འབྲེལ༌ཚོགས༌པ༌དང༌ གཅིག༌ཁར༌ཡང༌མཐུན༌འབྲེལ༌ག༌དེ༌དྲག༌དྲག༌ སྒྲིང༌སྒྲི༌བཟོ༌ཡོད༌པའི༌གུར༌ འཛམ༌གླིང༌སྤྱི༌ཚོགས༌དང༌འབྲེལ༌བའི༌མཐུན༌ལམ༌ཅན༌གྱི༌ རྒྱལ༌ཁབ༌གཞན༌དང༌ཡང༌ བའི༌ལེ༌ཀྲར༌ ཟེར༌ཕྱོགས༌གཉིས༌ཀྱི༌མཐུན༌འབྲེལ༌ ལྷག༌པར༌དུ༌ མཱལ༌ཀྲི༌ལེ༌ཀྲར༌ཟེར༌བའི༌ རྒྱལ༌ཁབ༌ལེ་ཤ་དང་འབྲེལ༌བའི༌མཐུན༌འབྲེལ༌ཡང༌ ག༌ཅི༌དེ༌ལེགས༌ཤོམ༌བཟོ༌གནང༌ཡོདཔ༌མ༌ཚད༌ གཞན༌ཡང༌ འཛམ༌གླིང༌གཞན༌གྱི༌སྤྱི༌ཚོགས༌འཐུས༌མིའི༌གྱལ༌ཁར༌འཛུལ༌བའི༌ མཐུན༌འབྲེལ༌ག༌ནི༌བ༌ སྒྲིང༌སྒྲི༌བཟོ༌གནང༌ཡོདཔ༌ཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ་ ༢༠༡༠) ནང་བཀོད་དེ་འདུག།

དྲང་ཁྲིམས་ལྷན་སྡེ།

[ཞུན་དག]

༉ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གསེར་ཁྲི་གུར་ མ་བྱོན་པའི་གོང་ལས་ར་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ སྤྱི་ལོ་ ༡༩༥༣ ལུ་ རྒྱལ་ཡོངས་ཚོགས་འདུ་དེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ མངོན་པར་མཐོ་བའི་ཁྲིམས་བཟོའི་འདུས་ཚོགས་ཅིག་སྦེ་ འགོ་བཙུགས་སྟེ་བཞག་ཡོད་མི་དེ་ དགོས་འདོད་དང་བསྟུན་ཏེ་ལཱ་འགན་དང་འགན་ཁུར་ཚུ་ བསྒྱུར་བཅོས་མཛད་གནང་ཡོདཔ་ཨིན། དེའི་ནང་ལུ་ འཐུས་མི་བཙག་འཐུ་འབད་ནིའི་དོན་ལུ་ གསང་བའི་ཚོགས་རྒྱན་བཙུགས་ནིའི་ ལམ་ལུགས་ཅིག་ཡང་གཞི་བཙུགས་འབད་ཡོདཔ་ཨིན། ལྷག་པར་དུ་ མི་དབང་མཆོག་གིས་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ཁག་ཆེ་བའི་ལཱ་འགན་མ་འདྲཝ་ལེ་ཤ་འབག་ནི་དང་ ལྷག་པར་དུ་ ཁྲིམས་ལུགས་གསར་བཟོ་འབད་ནི་ དེ་གིས་མ་ཚད་པར་ དེ་གིས་འགན་ཁུར་ཧེང་སྐལ་སྦོམ་བཟོ་སྟེ་ འབྲུག་གཞུང་ལུ་ལོ་ལྔའི་འཆར་གཞི་དང་ རྒྱལ་ཡོངས་འཆར་དངུལ་ལ་སོགས་པ་ཚུ་ ངོས་ལེན་འབད་ནི་ཚུ་ཡང་ཨིན། (Royal Education Council, 2020).

མི༌དབང༌འབྲུག༌རྒྱལ༌བཞི༌པ༌མཆོག༌གིས༌ རྒྱལ༌ཁབ༌ནང༌དཔལ༌འབྱོལ༌གོང༌འཕེལ༌གྱི༌ གོམ༌པ་གདོང༌ཁར༌སྤོ༌བའི༌དུས༌ཚོད༌ཁར༌ དེ༌ཁར༌གནས༌ཡོད༌པའི༌ མནོ༌ཅན༌གྱི༌གང༌ཟག༌ཚུ༌གི༌ སེམས༌ལུ༌ཡང༌འགྱུར༌འགྱོ༌ནི༌དེ༌གིས༌ ཁྲིམས༌ཀྱི༌འདུན༌ས༌ ཞི༌རྩོད༌དང༌ ཉེས༌རྩོད༌ཀྱི༌རྩོད༌གཞི༌ཁག༌མ༌འདྲཝ༌ ལེ༌ཤ༌འཐོན༌ནི༌གི༌ ཉེན༌ཁ༌སྦོམ༌སྦེ༌ཡོདཔ༌ ཐུགས༌རྒྱུད༌བཟང༌བའི༌ མི༌དབང༌འབྲུག༌རྒྱལ༌ བཞི༌པ༌མཆོག༌གིས༌མཁྱེན་ཡོདཔ༌ཨིན། དེ༌འབདཝ༌ལས༌བརྟེན༌ དྲང་ཁྲིམས་ལག་ལེན་འཐབ་མི་ཚུ་གིས་འབད༌བ༌ཅིན༌ འཁོར་བ་ལུ་གཅེསཔ་རང་སྲོག་ རྒྱལཔོ་ལུ་གཅེསཔ་འབངས་མི༌སེར༌དང༌རྒྱལ༌ཁབ༌ འབངས་ཀྱི་རེ་བ་བདེ་སྐྱིད་དང༌ ཞི་བདེའི་རྩ་བ་ཁྲིམས་ཀྱི་འོག་ལུ་ དྲག་ཞན་གོ་སའི་མཐོ་དམའ་ ཕྱུགཔོ་དང་སྤྱང་ཀའི་ཁྱད་པར་དང༌ ཉེ༌རིང༌ལ༌སོགས༌པ༌ག་ནི་ཡང་མེད་པར༌ དྲང་བདེན་གྱི་ཁྲིམས་འདྲ་མཉམ་སྦེ་ འཐོབ་ཚུགས་ནིའི༌དོན༌ལུ༌ སྤྱི་ལོ་ ༡༩༧༣ ལས་ ཆེ་མཐོའི་ཁྲིམས་ཀྱི་འདུན་ས་ལུ་ ཁྲིམས་དཔོན་གྱི་གྲས་ལས་ གཙོ་འཛིན་གཅིག་ ཁྲིམས་སྤྱིའི་ལམ་སྲོལ་བཙུགས༌ དེ༌མ༌ཚད༌སྤྱི་ལོ་དེ་ནང་ར་དྲུང་ཁག་ཁྲིམས་འདུན་ ༣ ཡང་གཞི་བཙུགས་མཛད་དེ་གནང་ཡོདཔ་ཨིན། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩ ཤོག་གྲངས་ ༦༤) ནང་བཀོད་དེ་ཡོདཔ་ཨིན།

སྤྱི་ལོ་ ༡༩༧༤ ལོའི་ནང་ལུ་ མི་དབང་མངའ་བདག་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་མངའ་གསོལ་ཞུ་བའི་སྐབས་ལུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ཁྲིམས་ཁང་གོང་མ་ མ་བརྩིས་བར་རྫོང་ཁག་ཁྲིམས་ཁང་ ༩ དང་ དྲུང་ཁག་བཞི་ནང་ཁྲིམས་རྩོད་འབད་བའི་ལམ་སྲོལ་སྡོད་ནུག། དེ་ལས་སྤྱི་ལོ་ ༡༩༧༨ ལུ་ ཁྲིམས་དོན་ཚོགས་ཆུང་ཅིག་ལོགས་སུ་བཙུགས་ཡོད་པའི་ཁར་ འཛིན་སྐྱོང་དང་ཁྲིམས་བཟོའི་ལཱ་འགན་ཚུ་ཡང་ ཁ་གསལ་སྦེ་ལོགས་སུ་དབྱེ་སྟེ་གནང་ ད་རེས་ང་བཅས་རའི་གཞུང་སྐྱོང་ནང་ལྷན་སྡེ་གསུམ་གྱི་གྲས་ཁར་ དྲང་ཁྲིམས་ལྷན་སྡེ་ཟེར་བསྒྱུར་བཅོས་མཛད་དེ་ གཞུང་ལས་ཟད་འགྲོ་ཕངས་མེད་གནང་ཐོག་ལས་དྲང་ཁྲིམས་གོང་འཕེལ་གཏང་དགོ་པའི་རྒྱུ་མཚན་གཙོ་བོ་ མི་སྡེ་ལུ་གཡོ་སྒྱུ་དང་ཕྱོགས་ལྷུང་ བཙན་གནོན་ལ་སོགས་པ་མེད་པར་ དྲང་པོ་གནམ་ཐིགས་བཟུམ་ཉེས་པ་ལུ་ཉེས་ཁྲིམས་དང་ བདེན་པ་ལུ་རྒྱབ་སྐྱོར་ཚུ་ཚུལ་བཞིན་ཐོབ་སྟེ་ མི་སྡེ་བདེ་སྐྱིད་དང་ལྡན་པར་གནས་ཐུབ་པའི་དོན་ལུ་བཙུགས་གནང་ཡོདཔ་ཨིན། ལྷག་པར་དུ་ སྤྱི་ལོ་ ༡༩༩༧ ཟླཝ་ ༧ པ་ལས་འགོ་བཟུང་ ཁྲིམས་ཁང་གོང་མའི་ཁྲིམས་དཔོན་ཚུ་ལུ་ཡང་ རང་སོའི་ཟླ་རིམ་བཞིན་གྱི་ དངུལ་ཕོགས་ཡང་རྒྱ་ཆ་ ༢༠ ཁང་གླའི་འཐུས་སྦེ་གནང་གྲུབ་པའི་བཀའ་ཐམ་ཡོདཔ་ལས་ ཟླ་ ༥ པའི་ཚེས་ ༡ ལུ་ གནང་བ་གྲུབ་ཡོདཔ་ཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ ༢༠༡༠ ཤོག་གྲངས་ ༡༧༣-༡༧༥) ནང་བཀོད་དེ་འདུག།

ཁྲིམས་ལག་ལེན་འཐབ་པའི་སྐབས་ལུ་ཡང་ བདག་སྐྱོང་གི་ལཱ་ལས་བརྟེན་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ བསལ་ནིའི་དོན་ལུ་ སྤྱི་ལོ་ ༡༩༧༦ ལས་ ཁྲིམས་དཔོན་ལྷན་ཚོགས་ཀྱི་ཞལ་འཛོམས་ འགོ་དང་པ་གཞི་བཙུགས་མཛད་དེ་ སྤྱི་ལོ་ ༡༩༨༦ ལས་ འབྲུག་གི་ཁྲིམས་སྤྱི་བློན་པོ་ཡང་ བཀལ་གནང་ཡོདཔ་མ་ཚད་ ཁྲིམས་ཀྱི་གཞི་རྟེན་ཚུ་ རྒྱལ་པོའི་བཀའ་དོན་ལས་འགོ་བཙུགས་ བཅའ་ཁྲིམས་ཁག་མ་འདྲཝ་ ༡༢༠ ལྷགཔ་ཅིག་ གསར་བརྩམས་མཛད་ཡོདཔ་མ་ཚད་ ལེགས་བཅོས་ཡང་མཛད་གནང་ཡོདཔ་ཨིན། ཁྲིམས་དཔོན་གྱི་མིང་དེ་ཡང་ དྲང་དཔོན་དང་ ཁྲིམས་ཁང་ལུ་ ཁྲིམས་ཀྱི་འདུན་ས་ལུ་ བསྒྱུར་བཅོས་མཛད་གནང་ཡོདཔ་ཨིན། ཁྲིམས་འདུན་ལུ་གཞིའི་རིགས་ ལག་ལེན་འཐབ་པའི་སྐབས་ བྱ་སྟབས་བདེ་ཏོག་ཏོ་ དྲང་བདེན་གྱི་སྒོ་ལས་ཐག་གཅད་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༧༩ པའི་ནང་ ཞི་རྩོད་དང་ཉེས་རྩོད་ བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ སྤྱི་ལོ་ ༢༠༠༡ ཅན་མ་ཆ་འཇོག་མཛད་དེ་གནང་ནུག། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩ ཤོག་གྲངས་ ༦༤) ནང་བཀོད་དེ་ཡོདཔ་ཨིན།

ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩ ལྟར་དུ་འབད་བ་ཅིན་ སྤྱི་ལོ་ ༢༠༠༣ ཟླ་ ༨ པའི་ཚེས་ ༣༠ ལུ་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་གཞི་བཙུགས་གནང་སྟེ་ ཆེ་མཐོ་ རྫོང་ཁག་ ཁྲིམས་ཀྱི་འདུན་སའི་དྲང་དཔོན་ཚུ་བཀལ་ནི་ ལཱ་གི་ཞིབ་དཔྱད་འབད་ནི་ ཆ་མེད་དགོངས་ཞུ་གཏང་ནིའི་ལམ་ལུགས་ཚུ་ ཁྱད་རིག་དྭངས་གསལ་ཅན་བཟོ་ཞིནམ་ལས་ དྲང་ཁྲིམས་ལྷན་སྡེ་དེ་གིས་ གཡོ་སྒྱུའི་ངན་ལྷད་མེད་པར་ མི་སེར་ཚུ་ལུ་ཁྲིམས་ཀྱི་ཞབས་ཏོག་ བསྒྲུབ་ཚུགསཔ་ཅིག་འབད་དགོ། འབྲུག་གི་མངའ་བདག་རྒྱལཔོ་ སྐུ་ཉག་གཅིག་མ་གཏོགས་ གཞན་འབྲུག་མི་གེ་ར་ཁྲིམས་ཀྱི་འོག་ལུ་ དབྱེ་བ་མེད་པར་འདྲ་མཉམ་སྦེ་ བཞག་དགོ་པའི་ཁར་ ཁྲིམས་འདུན་ལས་ཉེས་པ་ཡོད་མི་ཚུ་ལུ་ ཉེས་བྱ་ ཉེས་ཆད་ ཉེས་ཁྲིམས་རེ་བཀལ་དགོཔ་ཐོནམ་ད་ ཁྲིམས་ཁག་སོ་སོར་སྦེ་ བྱ་སྟབས་མ་བདེཝ་ཡོད་མི་དེ་ ནཱ་ལས་ཕར་ ཞི་རྩོད་དང་ཉེས་རྩོད་ཀྱི་རྩོད་གཞི་ལས་བརྟེན་ ཉེས་པ་མེད་མི་ཚུ་ལུ་ དཀའ་སྡུག་ཕོག་ནི་མེདཔ་ ཉེས་པ་ཡོད་མི་ཚུ་ལུ་ ཉེས་ཁྲིམས་ཡངས་ཆག་མེད་པར་བཀལ་ནི་གི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༨༢ པའི་ནང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ སྤྱི་ལོ་ ༢༠༠༤ ཅན་མ་ཆ་འཇོག་མཛད་གནང་ཡོདཔ་ཨིན།

ཁྲིམས་སྡེའི་ལཱ་གཡོགཔ་གེ་ར་ ཕྱི་ནང་གཉིས་ཀྱི་ཁྲིམས་ཀྱི་ཤེས་ཚད་ཅན་གྱི་ མི་སྟོབས་གོང་འཕེལ་གཏང་ནི་དང་ ཁྲིམས་ཀྱི་འདུན་སར་ཕུལ་བའི་རྩོད་གཞི་ཚུ་ གནད་དོན་ཆེ་ཆུང་ག་དེ་སྦེ་ཨིན་རུང་ མི་སེར་ཚུ་ལུ་ལཱ་ཐོ་བཅག་སྟེ་ ཡུན་རིངམ་སྦེ་མ་བཞག་པར་ འཕྲལ་མགྱོགས་འཁྲུན་ཆོད་གནང་ནིའི་དོན་ལུ་ཨིན། འཁྲུན་ཆོད་དེ་ ཆགས་སྡང་ཕྱོགས་རིས་མེད་པར་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ ཁྲིམས་གཞི་དེ་ལུ་ འཛམ་གླིང་རྒྱལ་ཁབ་ཀུན་གྱི་མི་ཚུ་ཡང་ ཡིད་ཆེས་ངལ་རངས་བསྐྱེད་དེ་ཡོད་པའི་ཁར་ འབྲུག་མི་ཚུ་ཡང་ གུས་ཞབས་དང་དཔའ་ཉམས་ཐོབ་པའི་ ཁྲིམས་ཀྱི་དགོངས་དོན་ཚུ་ལས་ སྤུ་ཙམ་ཡང་འགལ་བ་མེད་པར་ དྲང་བདེན་གྱི་སྒོ་ལས་འབད་དགོ་པའི་ བཀའ་རྒྱ་ཡང་ལས་ཡང་དུ་གནང་ཡོདཔ་ཨིན། (Royal Education Council, 2020).

དཔལ་ལྡན་འབྲུག་པའི་ཁྲིམས་གཞུང་ནང་ ཉེས་ཚབས་ཆེ་བའི་ཁྲིམས་འགལ་འབད་མིའི་ ནག་ཅན་ཚུ་ ཉེས་ཁྲིམས་སྲོག་ཐོག་བཀལ་དགོ་པའི་ དོན་ཚན་ཚུད་དེ་ཡོད་རུང་ མི་དབང་མཆོག་གིས་ཁྲི་ལོ་ ༣༤ འི་རིང་ ཉེས་པ་ནག་ཅན་ཕུད་རྡོག་གཅིག་ར་ སྲོག་ཐོག་གི་ཉེས་ཁྲིམས་མ་བཀལ་བའི་ཁར་ ནཱ་ལས་ཕར་ཡང་འབྲུག་འདི་ནང་པ་སངས་རྒྱས་པའི་ཆོས་ལྡན་གྱི་ རྒྱལ་ཁབ་ཨིནམ་ལས་བརྟེན་ ཉེས་ཁྲིམས་སྲོག་ཐོག་ལུ་བཀལ་ནི་འདི་ དམ་པའི་ཆོས་དང་ཡང་མ་མཐུནམ་ འགྲོ་བ་མིའི་ཚེ་སྲོག་ལུ་བྱམས་པའི་ཐུགས་ཀྱི་ གཅེས་པར་འཛིན་པའི་དགོངས་བཞེད་གནང་སྟེ་ དོན་ཚན་ཡོད་མི་ཚུ་ཆ་མཉམ་ ཆ་མེད་མཛད་པའི་བཀའ་ཐམ་ སྤྱི་ལོ་ ༢༠༠༤ ཟླ་ ༣ པའི་ཚེས་ ༣ ལུ་ འབྲུག་གི་ཁྲིམས་སྤྱི་བློན་པོ་ལུ་གནང་ཡོདཔ་ཨིན། རྩ་ཁྲིམས་ཆེན་མོའི་བདག་འཛིན་ གོ་དོན་འགྲེལ་བཤད་ མཐོ་གཏུགས་ཀྱི་མཐར་ཐུག་ས་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ གསརཔ་གཞི་བཙུགས་འབད་དགོཔ། རང་ལུགས་བཟོ་བཀོད་ཀྱི་མཛེས་ཆ་དང་ལྡན་པའི་ཁར་ དེང་སང་གི་མཐུན་རྐྱེན་ཡོད་པའི་ཁྲིམས་ཀྱི་འདུན་ས་ མང་རབས་ཅིག་གསརཔ་རྐྱབ་ རྙིངམ་ཚུ་རྒྱ་སྐྱེད་མཛད་དེ་ དཔལ་ལྡན་འབྲུག་པའི་དྲང་ཁྲིམས་ལྷན་སྡེ་དེ་ རང་དབང་ཅན་གྱི་གཙུག་སྡེ་ཅིག་སྦེ་ གཞི་བཙུགས་མཛད་དེ་གནང་། གཡོ་མེད་དྲང་བདེན་ཁྲིམས་ཀྱི་ལམ་ལུགས་ཚུ་ གསར་རྩོམ་དང་ལེགས་བཅོས་གནང་སྟེ་ གཤིན་རྗེ་ཆོས་ཀྱི་རྒྱལཔོ་དང་འདྲ་བའི་ ཕྱག་ལཱ་མཛད་དེ་གནང་ཡོདཔ་ཨིན། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩ ཤོག་གྲངས་ ༦༤) ནང་བཀོད་དེ་ཡོདཔ་ཨིན།

མི༌དབང༌མཆོག༌གི༌ཁྲི༌ཐོག༌ཁར༌འཕེབས༌པའི༌ཉིནམ༌ལས༌འགོ༌བཟུང༌ དཔལ༌ལྡན༌འབྲུག༌པའི༌རྒྱལ༌ཁབ༌ཀྱི༌དོན༌ལས༌ འབྲུག༌གི༌ ཞི༌རྩོད༌དང༌ཉེས༌རྩོད༌བྱ༌བའི༌གནད༌སྤྱོད༌ཀྱི༌ཁྲིམས༌དེབ༌དང༌ འབྲུག༌ཉེས༌འགེལ༌བཅའ༌ཁྲིམས༌ལ༌སོགས༌པའི༌ ཞབས༌ཏོག༌ཚུ༌ ག༌ཅི༌དེ༌ལེགས༌ཤོམ༌བཟོ༌སྟེ༌ འབྲུག༌མི༌ཆེ༌ཆུང༌གེ༌ར༌གིས༌ འདྲ༌མཉམ༌ཐོག༌ལས༌ཞབས༌ཏོག༌ལེན༌ཚུགསཔ༌བཟོ༌གནང༌ཡོདཔ༌ཨིན། ལྷག༌པར༌དུ༌ སྤྱི༌ལོ༌ ༡༩༩༡ ལུ༌ ཁྲིམས༌དང༌འབྲེལ༌བའི༌ཞབས༌ཏོག༌འདྲ༌མཉམ༌ འཐོབ༌མ༌ཚུགས༌མི༌ཚུ༌ལུ༌ཡང༌ དྲང༌ཁྲིམས༌ལྷན་སྡེ༌གིས༌འགོ༌འདྲེན༌ཐོག༌ མི༌མཉམ༌ཆུང༌རྩོད༌གཞི༌རྒྱབ༌ལུས༌ཏེ་བསྣར༌བཞག༌མི༌ཚུ༌ དྭངས༌གསལ༌ཐོག༌ལས༌ མཇུག༌བསྡུ༌ནའི༌ཆ༌རོགས༌མཛད༌གནང༌ནུག། (དཔལ་འབྲུག་ཞིབ་འཇུག་ལྟེ་བ ༢༠༡༠ ཤོག་གྲངས་ ༡༧༣-༡༧༥) ནང་བཀོད་དེ་འདུག།

ལས་མི་དང་འོང་འབབ་ལེགས་བཅོས།

[ཞུན་དག]

༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ སྔོན་ལས་དར་ཏེ་ཡོད་པའི་ལམ་སྲོལ་བསྟར་དང་འཁྲིལ་བ་ཅིན་ ཁྱིམ་གུང་རེ་རེ་ལས་མི་ངོ་རེ་ཐོན་ཏེ་ གུང་གྲངས་འུར་ལཱ་ཟེར་ རྒྱལ་ཁབ་ཀྱི་གོང་འཕེལ་ལས་སྣ་ག་བཟུམ་ཐོན་རུང་ འབྲུག་པའི་མི་སེར་ཚུ་ལུ་ ཁྲལ་སྦེ་བཀལ་བའི་སྲོལ་ཡོདཔ་ཨིན། མི་དབང་འབྲུག་རྒྱལ་གཉིས་པ་དང་གསུམ་པ་མཆོག་ རྒྱལ་བརྒྱུད་འཛིན་ཏེ་བཞུགས་པའི་སྐབས་ལུ་ ལམ་སྲོལ་དེ་གུར་ དགོས་མཁོ་དང་བསྟུན་པའི་ལེགས་བཅོས་མཛད་ཡོདཔ་ཨིན་རུང་ སྤྱི་ལོ་ ༡༩༨༠ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ མི་སེར་ཚུ་ལུ་ཁྲལ་སྦེ་བཀལ་ནི་མེན་པར་ རྒྱལ་ཁབ་ཀྱི་དོན་ལུ་ གྲལ་གཏོགས་འབད་བཅུག་ནི་གུར་གཞི་བཞག་སྟེ་ ཧེ་མ་བ་ལྷག་པའི་ལེགས་བཅོས་མཛད་གནང་ནུག། དེ་བཟུམ་མའི་ལམ་སྲོལ་ ལེགས་བཅོས་མཛད་པའི་སྐབས་ འབྲུག་པའི་མི་སེར་གྱིས་ངོས་ལེན་ཕུལ་ཡོདཔ་ལས་ འབྲུག་རྒྱལ་ཁབ་འདི་ གཞན་སྟོབས་ཅན་གྱི་རྒྱལ་ཁབ་ལུ་ བརྟེན་ཏེ་སྡོད་ནི་དེ་ མར་ཕབ་འགྱོ་ནི་ལུ་ཕན་ཐོགས་ཏེ་ཡོད་རུང་ མཐའ་ཟུར་གྱི་ས་གནས་ཚུ་ནང་ལས་ ཁྲོམ་ཁར་གཞིས་སྤོ་འགྱོ་ནིའི་ལམ་སྲོལ་དེ་ ཡར་སེང་འགྱོ་བའི་ཤུལ་ལུ་ སོ་ནམ་ཞིང་ལཱ་འབད་མི་ ཉུང་སུ་ཅིག་ལས་བརྒལ་མ་ལུས་ནི་དེ་གིས་ སོ་ནམ་ཐོན་ཤུགས་མར་ཕབ་སོང་ཡོདཔ་ཨིན། (Royal Education Council, 2020).

རྒྱལ་ཁབ་ནང་ཡོད་པའི་མི་སེར་མང་ཤོས་ཅིག་ ཁྲོམ་ཁར་གཞིས་སྤོ་འགྱོ་མི་དེ་གིས་ གྲོང་གསེབ་ནང་ལས་ཕར་སྡོད་མི་ཚུ་ སོ་ནམ་ཞིང་ལཱ་འབད་ནིའི་དོན་ལུ་ ལས་མི་མ་ལངས་པའི་དཀའ་ངལ་དང་ཚ་གྱང་སྦོམ་ལང་དགོ་པའི་གནད་དོན་ཅིག་ལུ་གྱུར་ཡོདཔ་ཨིན་མས། རྒྱུ་མཚན་དེ་ལུ་བརྟེན་ཏེ་ འབྲུག་རྒྱལ་ཁབ་ནང་ རྒྱལ་པོའི་གསེར་ཁྲི་ཁར་བཞུགས་མི་ བྱང་སེམས་ཅན་གྱི་མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༩༥ ཟླཝ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་དང་འབྲེལ་ གུང་གྲངས་འུར་ལཱའི་ཁྲལ་དེ་ ཆ་མེད་བཏང་ཡོདཔ་ཨིན། དེ་མ་ཚད་ གཞན་ཡང་ ཞབས་ཏོག་ལས་མི་གི་སྲོལ་དེ་ཡང་ དབང་ཚད་ཕྱིར་སྤེལ་ཐོག་ལས་ སེམས་ཀྱི་གདིང་ལས་ར་ རྒྱལ་ཁབ་ཀྱི་དོན་ལུ་ མི་སེར་ཚུ་གྱིས་གྲལ་གཏོགས་འབད་ནི་ཡོད་མེད་གཟིགས་ནིའི་དོན་ལུ་ ལཱ་འགན་དེ་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ལུ་སྤྲོད་གནང་ནུག། རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་དང་འབྲེལ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་ནང་ལས་མི་ལངམ་བཟོ་ཡོདཔ་མ་ཚད་ ལས་མི་ཨིན་པའི་བརྩི་མཐོང་བསྐྱེད་དགོ་པའི་སྐོར་ལས་གསུངས་གནང་ནུག། (Royal Education Council, 2020).

འབྲུག་ལུ་མི་སྡེ་ཞབས་ཏོག་ཡར་སེང་འབད་ཐོག་ལས་ ཞབས་ཏོག་གི་ཁྲལ་གསར་ལུ་བརྟེན་པའི་འོང་འབབ་ཚུ་ཡར་སེང་གནང་མི་དེ་ཡང་ མི་སྡེ་ནང་ ཧེ་མ་ལས་མེད་པའི་མཐུན་རྐྱེན་གསརཔ་བཙུགས་ཡོད་པའི་དཔེ་དེ་ཡང་ ཧེ་མ་དུས་ཡུན་མང་རབས་ཅིག་ ལམ་འགྱོ་དགོ་པའི་ས་ཁར་ ཤུལ་ལས་སྣུམ་འཁོར་ལམ་ལ་སོགས་པ་བཏོན་ཏེ་ སྐྱེལ་འདྲེན་དང་གླ་འཁོར་གྱི་ཁྲལ། དོས་འཁོར་ཁྲལ། སྤུས་ཚད་ཁྲལ། ཁྲོམ་ཁར་སྣུམ་འཁོར་བཞག་སའི་ཁྲལ་ལ་སོགས་པ་ལུ་བརྟེན་ཏེ་ གཞུང་གི་འོང་འབབ་ལུ་ཡང་ཕན་ཐོགས་ཡོདཔ་ཨིན། དེ་མ་ཚད་ གྲོང་གསེབ་གཡུས་སྒོ་ནང་ལས་ཕར་སྡོད་མི་ཚུ་ལུ་ཡང་ འགྱུར་བ་དང་གོང་འཕེལ་གྱི་ལས་སྣ་མ་འདྲཝ་ལེ་ཤ་ཅིག་ གཞི་བཙུགས་འབད་ཡོདཔ་ལས་ གཡུས་སྒོ་ལས་ཁྲོམ་ཁར་ གཞིས་སྤོ་འགྱོ་ནིའི་ལམ་སྲོལ་དེ་ མར་ཕབ་འགྱོ་ཡོདཔ་ལས་ ལས་མི་མ་ལངས་པའི་དཀའ་ངལ་བསལ་ནི་ལུ་ཕན་ཐོགས་བྱུང་ཡོདཔ་ཨིན། (ཀུན་བཟང་ཆོགས་འཕེལ། རྣམ་རྒྱལ་ཕུན་ཚོགས། (༢༠༠༩) ནང་བཀོད་དེ་འདུག།)

འབྲུག་པའི་མི་སེར་མང་ཤོས་ཅིག་ སོ་ནམ་ཞིང་ལཱ་ལུ་བརྟེན་ཏེ་འཚོ་བ་སྐྱོང་སྡོད་མི་འབད་ནི་དེ་གིས་ ཟ་སྤྱོད་འབད་བཏུབ་པའི་ས་ཞིང་ཨེ་ཀར་འབུམ་ ༩ དང་ནགས་ཚལ་བརྒྱ་ཆ་ ༧༠ ། དེ་ལས་ སྒོ་ནོར་གྱི་གྱངས་ཁ་འབུམ་ ༥ དེ་ཅིག་ཡོདཔ་སྦེ་བཏོན་ནུག། (དཔལ་འབྲུག་ཞིབ་འཇུག་ལྟེ་བ་ (༢༠༡༠) ནང་བཀོད་དེ་འདུག།) མི་དབང་འབྲུག་རྒྱལ་བཞི་པའི་དགོངས་བཞེད་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འགྲུབ་ཐབས་ལུ་བརྩོན་དགོཔ་ཨིནམ་ལས་བརྟེན་ རྒྱལ་ཁབ་ནང་ལུ་སྡོད་མི་མི་སེར་ཚུ་ དགའ་སྐྱིད་དང་ལྡན་དགོ་པ་ཅིན་ དགོས་མཁོ་ཆེ་བའི་མཐུན་རྐྱེན་ཚུ་སྤྲོད་ནི་དང་། ཁྲལ་གྱི་རིགས་མ་འདྲཝ་ དཔེར་ན། ལས་མི་གི་ཁྲལ། སོ་ནམ་ཐོན་སྐྱེད་གྱི་ཁྲལ། དགེ་སློང་གི་ཁྲལ་ལ་སོགས་པ་ཚུ་བཀལ་ནི་མེན་པར་ ལས་མི་ཚུ་གི་ཐོབ་དབང་དང་བསྟུན་པའི་གླ་ཆ་སྤྲོད་ནི་དང་ ཁྲལ་གྱི་རིགས་གཞན་ཚུ་ཆ་མེད་གཏང་ནི་དེ་ཨིན་མས། ཞབས་ཏོག་ལས་མི་ གྲ་སྒྲིག་དང་འཚོལ་སྒྲུབ་འབད་ནིའི་འགན་ཁུར་ཚུ་ རྒེད་འོག་གི་གནས་ཚད་ནང་ལུ་སྤྲོད་ཡོད་མི་དེ་ འབྲུག་རྒྱལ་ཁབ་ཀྱི་གྲོང་གསེབ་གཡུས་སྒོ་ནང་ལས་ཕར་ གོ་སྐབས་འདྲ་མཉམ་སྤྲོད་པའི་བརྡ་མཚན་དང་ ལྷག་པར་དུ་ མི་སེར་གྱི་ཁ་ཐུག་ལས་ ངོས་ལེན་དང་ཁས་བླངས་ག་དེ་སྦེ་འབདཝ་མས་ག་བལྟ་ནིའི་དོན་ལུ་ཨིན། (Royal Education Council, 2020). འབྲུག་རྒྱལ་ཁབ་ནང་ དང་ཕུ་ཡིག་ཚང་ནང་འགྱོ་སྟེ་ལཱ་འབད་མི་དང་ ཞིང་ལཱ་འབད་སྡོད་མི་ཚུ་གི་བར་ན་ ཁྱད་པར་སྦོམ་ཞུགས་མི་དེ་ཡང་ མི་དབང་མཆོག་གི་ཐུགས་ཀྱི་དགོངས་བཞེད་སྣ་ཚོགས་ལུ་བརྟེན་ གོང་འཕེལ་གྱི་ལས་སྣ་མ་འདྲཝ་བརྩམས་པའི་འབྲས་བུ་ཨིནམ་ལས་ ད་རེས་ཀྱི་དུས་ལུ་ དབྱེ་བ་དང་ཉེ་རིང་མེདཔ་གྱུར་ཏེ་ཡོདཔ་ཨིན། ལྷག་པར་དུ་ སོ་ནམ་ཞིང་ལཱ་འབད་སྡོད་མི་ཚུ་ལུ་ ལས་མི་ཨིན་པའི་བརྩི་མཐོང་བསྐྱེད་དེ་ རྒྱལ་ཡོངས་ལས་མིའི་དཀའ་ངལ་ མི་འབྱུང་ནིའི་སྐོར་ལས་ཡང་ མི་དབང་མཆོག་གིས་གསུངས་གནང་ཡོདཔ་ཨིན།

དཔལ་ལྡན་འབྲུག་པའི་རྒྱལ་ཁབ་དེ་ རང་དབང་རང་བཙན་དང་ གཞན་ལུ་རེ་མ་དགོ་པར་ རང་མགོ་རང་འདྲོང་སྦེ་གནས་དགོ་པ་ཅིན་ དང་པ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཀ་ཆེན་བཞི་དེ་ བདག་འཛིན་དང་གུས་ཞབས་འབད་དགོཔ་དང་ གཞན་སོ་ནམ་མཐུན་རྐྱེན་ཚུ་ རྒྱལ་ཁབ་གཞན་ལས་ ནང་འདྲེན་འབད་མ་དགོ་པར་ རང་གི་རང་ལངསམ་སྦེ་བཟོ་ནི་དེ་ཨིན། དམིགས་གཏད་དེ་ཚུ་འགྲུབ་ནིའི་དོན་ལུ་ གཙོ་བོ་ར་དགོས་མཁོ་དང་བསྟུན་ ལས་མི་དགོ་ནི་དེ་གིས་ གྲོང་གསེབ་ཀྱི་གཡུས་སྒོ་ཚུ་ནང་ལས་ཕར་ གོང་འཕེལ་གྱི་ལས་སྣ་མ་འདྲཝ་བརྩམ་ནི། དེང་སང་གི་འཕྲུལ་རིགས་གཞི་བཙུགས་འབད་ནི། ལཱ་འབད་བའི་སྐབས་ལུ་ སྟབས་བདེ་ཏོག་ཏོ་བཟོ་བྱིན་ནིའི་ཞབས་ཏོག་ཚུ་སྤྲོད་དགོཔ་ཁག་ཆེཝ་ཨིན།

གྲོང་གསེབ་གོང་འཕེལ་དང་སོ་ནམ།

[ཞུན་དག]

༉ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གོང་འཕེལ་གྱི་ལས་སྣ་ལེ་ཤ་མཛད་ཡོད་པའི་སླ་ལས་ ཁག་ཆེ་ཤོས་ཅིག་ གྲོང་གསེབ་གོང་འཕེལ་གཏང་ནིའི་དོན་ལུ་དམིགས་ཏེ་ སོ་ནམ་ཞིང་ལཱ་ཁ་ཐུག་ལུ་ ག་དེ་དྲག་དྲག་འགྱུར་བ་མཛད་ཡོདཔ་མ་ཚད་ གཞན་ཡང་ དེང་སང་གི་འཕྲུལ་རིགས་མ་འདྲཝ་ཚུ་ཡང་ གཞི་བཙུགས་མཛད་ཡོདཔ་ཨིན། འབྲུག་པའི་མི་རླབས་བརྒྱ་ཆ་ལས་ ༨༠ དེ་ཅིག་ རྒྱལ་ཁབ་ཀྱི་གྲོང་གསེབ་ཀྱི་གཡུས་སྒོ་ནང་ལས་ཕར་ འཚོ་བ་སོ་ནམ་ལུ་བརྟེན་ཏེ་ཡོད་ནི་དེ་གིས་ མི་དབང་མཆོག་གིས་ ཐུགས་ཀྱི་བརྩེ་བ་ཚད་མེདཔ་ཅིག་གཟིགས་ཏེ་ གོང་འཕེལ་གྱི་ལས་སྣ་མ་འདྲཝ་ཚུ་བརྩམས་ཡོདཔ་ཨིན། མི་དབང་མཆོག་གིས་ གྲོང་གསེབ་ནང་ལས་ཕར་སྡོད་མི་མི་སེར་ཚུ་ལུ་ འགྱུར་བ་འབག་ནིའི་དོན་ལུ་ གོང་འཕེལ་གྱི་ལས་སྣ་གཙོ་ཆེ་ཤོས་ཅིག་ སོ་ནམ་གྱི་ཁ་ཐུག་ལུ་འགྱུར་བ་འགྱོ་ནིའི་དགོངས་དོན་གྲུབ་ཡོདཔ་ཨིན། (Royal Education Council, 2020).

འབྲུག་ལུ་མི་རློབས་འབུམ་ ༧ མ་ལངསམ་ཅིག་ཡོད་པའི་གྲས་ལས་ སྟོང་ཕྲག་ ༣༠ ཁྲོམ་ཁར་སྡོད་མི་ཨིནམ་སྦེ་བཀོད་དེ་འདུག། འབྲུག་པའི་མི་སེར་མང་ཤོས་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་ཏེ་སྡོད་ནི་དེ་གིས་ ཟ་སྤྱོད་འབད་བཏུབ་པའི་ ས་ཞིང་ཨེ་ཀར་འབུམ་ ༩ དང་ ནགས་ཚལ་བརྒྱ་ཆ་ ༧༠ ། དེ་ལས་ སྒོ་ནོར་སེམས་ཅན་གྱངས་ཁ་འབུམ་ ༥ དེ་ཅིག་སྡོད་ནུག། གྲོང་གསེབ་ཡར་དྲག་གཏང་ནིའི་དོན་ལུ་ ཐིམ་ཕུག་དང་ཕུན་ཚོགས་གླིང་གི་བར་ན་ འཁོར་ལམ་ཀི་ལོ་མི་ཊར་ ༡༠༠༠ བསལ་ཚར་ནུག། ཤར་བཀྲ་ཤིས་སྒང་དང་ནུབ་ཧཱ་གི་བར་ན་ ཀི་ལོ་མི་ཊར་ ༥༢༠ སེལ་བའི་བསྒང་ཡོདཔ་དང་ མི་དམངས་སྐྱེལ་འདྲེན་གྱི་དོན་ལུ་ འགྲུལ་འཁོར་ ༦༢། དེ་ལས་ བརྡ་དོན་སྤྲོད་ལེན་འབད་ནིའི་དོན་ལུ་ འགྲེམས་ཁང་ ༢༨ དང་ ཡན་ལག་འགྲེམས་ཁང་ ༥ ། བརྒྱུད་འཕྲིན་ ༧ ། ལྕགས་འཕྲིན་གྱི་ཞབས་ཏོག་དེ་ ཐིམ་ཕུག་དང་ རྒྱ་ཤི་ལི་གུ་རི་གཉིས་ཀྱི་བར་ན་ ལཱ་འབད་བཏུབ་ཅིག་སྡོད་ནུག། གཞན་ཡང་ ཐིམ་ཕུག་དང་སྤ་རོ་ དབང་འདུས་ཕོ་བྲང་ ༣ ནང་ལས་ཕར་ གློག་ཤུགས་ཨམ་བཙུགས་ཡོད་པའི་ཁར་ གསར་སྤང་དང་དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ གློག་མེ་རྒྱ་གར་ལས་ཉོ་སྟེ་བཀྲམ་སྤེལ་འབད་སྡོད་ནུག། (དཔལ་འབྲུག་ཞིབ་འཇུག་ལྟེ་བ་ ༢༠༡༠ ཤོག་གྲངས་ ༧༢ ནང་བཀོད་དེ་འདུག།)

སོ་ནམ་ཞིང་ལཱ་འབད་ནི་འཇམ་ཏོང་ཏོ་བཟོ་ཐབས་ལུ་དམིགས་ཏེ་ སོ་ནམ་རྒྱ་སྐྱེད་ལྟེ་བ་ ༡༥ དང་ དཔེ་སྟོན་དང་སོན་སྤུས་ཚད་བཟོ་ས་ ༩ ། སོ་ནམ་ཞིབ་འཚོལ་ལྟེ་བ་ ༣ གཞི་བཙུགས་འབད་ཡོད་པའི་ཁར་ སྒོ་ནོར་ལྟེ་བ་ ༥ ཡང་སྡོད་ནུག། གཞན་ཡང་ ཞིང་ཆུའི་གཡུར་བ་བསལ་ནི། སྤུས་ཚད་ལེགས་ཤོམ་ཡོད་པའི་སོན་ཚུ་གཞི་བཙུགས་འབད་དེ་བཀྲམ་སྤེལ་འབད་ནི། གཞན་ཡང་ སོ་ནམ་ཐོན་སྐྱེད་ཡར་འཕེལ་གཏང་ནིའི་དོན་ལུ་ ཞིང་ལཱ་འབད་ནིའི་ཐབས་ལམ་ལེགས་ཤོམ་ལག་ལེན་འཐབ་ནི་ལ་སོགས་པ་ཚུ་ གཞི་བཙུགས་མཛད་གནང་ཡོདཔ་ཨིན། དེ་མ་ཚད་ སྒོ་ནོར་སེམས་ཅན་གྱི་ཐད་ཁར་འབད་རུང་ རིགས་ལེགས་ཤོམ་གསོ་ནི་དང་ སྒོ་ནོར་གསོ་སྐྱོང་འབད་བའི་སྐབས་ཡང་ དེང་སང་གི་སྒོ་ནོར་འཛིན་སྐྱོང་རིམ་ལུགས་དེ་ ལག་ལེན་འཐབ་ནི་ཡང་འགོ་བཙུགས་ཡོདཔ་ཨིན། འབྲུག་གཞུང་གི་གྲོགས་རམ་ཐོག་ལས་ དངུལ་ཐོག་ཐོན་སྐྱེད་ཀྱི་རིམ་ལུགས་ཡང་ གཞི་བཙུགས་འབད་དེ་ ཚོང་འབྲེལ་འཐབ་ནི་ལུ་ཡང་ གྲོགས་རམ་ལེགས་ཤོམ་འབད་དེ་ མི་སེར་སོ་ནམ་ཚུ་ལུ་འོང་འབབ་བཟོ་ནི་ལུ་ གནམ་མེད་ས་མེད་ཕན་ཐོགས་ཡོདཔ་ཨིན། (Royal Education Council, 2020).

ལྷག་པར་དུ་ ཐོན་སྐྱེད་མཐོ་བའི་ཀེ་བ་གི་སོན་དང་ ཤིང་འབྲས་ཨེ་པཱལ་དང་ཚལ་ལུ་ཚུ་གི་སོན་གྱི་རིགས་ སྤུས་ཚད་ལེགས་ཤོམ་ཚུ་བཀྲམ་སྤེལ་འབད་ནི་དེ་གིས་ རྒྱལ་ཁབ་གཞན་ཚུ་ནང་ཡང་ཕྱིར་ཚོང་འཐབ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་མི་དབང་མཆོག་གིས་ ས་གཞིས་མེད་མི་ མི་སེར་མཉམ་ཆུང་ཚུ་ལུ་ སའི་སྐྱིད་སྡུག་གནང་ནིའི་ལམ་སྲོལ་དེ་ཡང་ སྔར་ག་ཨིནམ་སྦེ་བཞག་ཡོདཔ་ལས་བརྟེན་ཏེ་ འབྲུག་པའི་མི་སེར་ཚུ་ གྲོང་གསེབ་ནང་ལས་ཕར་སྡོད་དེ་འབད་རུང་ མི་དབང་མཆོག་གིས་ ཁྲོམ་ཁར་སྡོད་མི་བ་ལྷགཔ་སྦེ་ སྐྱིད་སྡུག་དང་གོང་འཕེལ་ཚུ་བཏང་གནང་ནུག། གོང་འཕེལ་གྱི་ལས་སྣ་གཞན་ཡང་ ཤེས་རིག། གསོ་བ། སྐྱེལ་འདྲེན་དང་གཞན་འཕྲུལ་རིགས་མ་འདྲཝ་ཚུ་དང་ འཐུང་ཆུའི་ཞབས་ཏོག། སྡོད་སའི་ཁྱིམ། གཞན་ཡང་ གཙང་སྦྲ་དང་ལྡན་པའི་མི་ཚེ་འཚོ་སྐྱོང་གི་རིམ་ལུགས་ཚུ་ཡང་ གཞི་བཙུགས་མཛད་གནང་ཡོདཔ་ཨིན། གྲོང་གསེབ་ནང་ལུ་ འགྱུར་བ་ལེ་ཤ་གཞི་བཙུགས་མཛད་ཡོད་པའི་གྲས་ལས་ སྤྱི་ལོ་ ༡༩༩༠ གི་སྔ་གོང་ལུ་ གློག་མེ་བཙུགས་ནིའི་རིམ་ལུགས་གཞི་བཙུགས་ཏེ་ སྤྱི་ལོ་ ༢༠༠༦ ལུ་ གུང་པ་ ༡༣༡༨ དེ་ཅིག་ལུ་ གློག་མེ་ཁྱབ་ཚུགས་ཡོདཔ་ཨིན། (Sonam Kinga, 2020).

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་ནང་ འགྱུར་བ་མང་རབས་ཅིག་མཛད་ཡོད་པའི་སླ་ལས་ གྲོང་གསེབ་ནང་གོང་འཕེལ་གཏང་ནིའི་དོན་ལུ་ ཤེས་རིག་གི་མཐུན་རྐྱེན་གཞི་བཙུགས་མཛད་ཡོད་ས་ལས་ མི་དམངས་སློབ་གྲྭ་ ༢ ། སློབ་གྲྭ་ཆེ་བ་ ༤ ། སློབ་གྲྭ་འའབྲིང་མ་ ༡༥ བརྩིས་ཏེ་ སློབ་གྲྭ་བསྡོམས་ ༡༠༢ ནང་ སློབ་ཕྲུག་ ༣༠༠༠ ལས་ ༩༠༠༠ གི་བར་ན་སྡོད་ནུག། བསམ་རྩེ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་ཅིག་ནང་ སློབ་དཔོན་ ༤༠ རེ་སྦྱང་བ་སྤྲོད་དེ་ ཕྱིའི་རྒྱལ་ཁབ་ནང་ལས་ སློབ་དཔོན་ལེ་ཤ་ལེན་མ་དགོ་པར་ ཕན་ཐོགས་བྱུང་ཡོདཔ་ཨིན། དེ་མ་ཚད་ བཟོ་རིག་སློབ་གྲྭ་ཅིག་བཙུགས་ཏེ་ རིག་གསར་བཟོ་སྐྲུན་ཞབས་ཏོག་ལུ་ཕན་ཐབས་བྱུང་ནུག། གཞན་ཡང་ གསོ་བའི་ཞབས་ཏོག་གི་དོན་ལུ་ སྨན་ཁང་ཆེ་བ་ ༦ ། སྨན་སྤྲོད་ཁང་ ༣༤ ། དེ་ལས་ ནདཔ་དང་དེའི་ཉལ་ཁྲི་ ༡༦༦ ལས་བརྒལ་མེད་རུང་ འཆར་གཞི་ ༣ པའི་ནང་ ཉལ་ཁྲི་ ༣༤༣ ལུ་ཡར་སེང་མཛད་གནང་ནུག། ལྷག་པར་དུ་ ལུང་ཕྱོགས་ ༩ ལུ་ཁྱབ་པའི་འཐུང་ཆུ་བཀྲམ་སྤེལ་གྱི་ལས་སྣ་ཚུ་ཡང་མཛད་ཡོདཔ་མ་ཚད་ ནགས་ཚལ་གོང་འཕེལ་གྱི་དོན་ལུ་ སྤུས་ཚད་ལྡན་པའི་ཤིང་གི་ལྕངམ་ ས་ཞིང་ཨེ་ཀར་ ༨༠༠༠ དེ་ཅིག་ནང་བཙུགས་ཡོདཔ་ཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ་ ༢༠༡༠ ཤོག་གྲངས་ ༧༣-༧༤ ནང་བཀོད་དེ་འདུག།)

མཇུག་ར་ གོང་ལུ་བཀོད་མི་ཚུ་ལུ་བལྟ་བ་ཅིན་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ དང་པ་དཀོན་མཆོག་གསུམ་གྱི་བཀའ་དྲིན་དང་ གཉིས་པ་དྲིན་ཅན་ཕམ་ མི་དབང་རིམ་བྱོན་ཚུ། ལྷག་པར་དུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གྲོང་གསེབ་ཀྱི་གཡུས་སྒོ་ཚུ་དང་ ཁྲོམ་གྱི་བར་ན་དབྱེ་བ་མེད་པར་ འདྲ་མཉམ་སྦེ་གོང་འཕེལ་གྱི་ལས་སྣ་ཚུ་བརྩམས་ཏེ་ དངོས་སུ་མཛད་ཡོདཔ་ཨིན། དེང་སང་གི་དུས་ལུ་ཡང་ འབྲུག་རྒྱལ་ཁབ་ནང་ ཡར་རྒྱས་གོང་འཕེལ་གྱི་ལས་འཆར་ག་ཅི་ར་འབད་རུང་ གྲོང་གསེབ་ཡར་རྒྱས་གཏང་ནིའི་དོན་ལུ་དང་ སོ་ནམ་ཐོན་ཤུགས་ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ གཞན་རྒྱལ་ཁབ་ལས་ནང་འདྲེན་འབད་མ་དགོ་པར་ རང་མགོ་རང་འདྲོང་སྦེ་སྡོད་ཐབས་ལུ་དམིགས་པ་བསྐྱེད་དེ་འབདཝ་ཨིན།

བདག་སྐྱོང་ལེགས་སྒྱུར།

[ཞུན་དག]

༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དུས་རྟག་ཏུ་རྒྱལ་ཁབ་དང་ མི་སེར་ལུ་ག་ཅི་དེ་ཁག་ཆེ་བའི་ཕན་བདེ་བསྒྲུབ་ནིའི་དོན་ལུ་ མི་དབང་མཆོག་གི་ཐུགས་ཀྱི་དགོངས་བཞེད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་ཡོད་པའི་ནང་ལས་ཁག་ཆེ་ཤོས་ར་ གཞུང་སྐྱོང་ལེགས་ལྡན་དེ་ཨིན། གཞུང་སྐྱོང་ལེགས་ལྡན་ཟེར་བའི་སྐབས་ གཞུང་དེ་ཕྱི་ལས་བལྟ་བའི་ངོ་བོ་ལུ་ ཆུང་ཀུ་དང་ཁྱད་ནུས་ཆེ་ཏོག་ཏོ་ ལྷག་པར་དུ་ མི་སེར་གྱི་ཚོར་སྣང་ཤེས་རྟོགས་འབད་དེ་ མཐའ་དོན་བསྒྲུབ་ནིའི་བྱ་བ་ཅིག་ཨིན་པ་ཅིན་ ངོས་ལེན་འབད་དགོཔ་ཁག་ཆེཝ་ལས་བརྟེན་ཨིན། དེ་འབདཝ་ལས་བརྟེན་ འཛིན་སྐྱོང་ལྷན་སྡེ་ འཐུས་མི་བཅུ་ཐམ་འབད་མི་ རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ ལ་སོགས་པ་ཚུ་ གསར་བཙུགས་མཛད་གནང་ཡོདཔཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ་ ༢༠༡༠) ནང་བཀོད་དེ་འདུག།

སྤྱི་ལོ་ ༡༩༩༠ ལས་འགོ་བཟུང་སྟེ་ འཐུས་མི་བཅུ་ཐམ་འབད་མི་ རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་ཟེར་ འགོ་བཙུགས་ཡོད་མི་ནང་ལུ་ཁྲི་འཛིན་ཡང་ མི་དབང་མཆོག་གི་ངོ་ཚབ་སྦེ་ གདམ་འཐུ་འབད་སྲོལ་ཡོད་རུང་ ཤུལ་ལས་འཐུས་མི་ཚུ་སྐོར་རྒྱབ་སྦེ་ཁྲི་འཛིན་གྱི་ འགན་ཁུར་འབག་སྲོལ་ཅིག་འགོ་བཙུགས་ནུག། ལྷག་པར་དུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ གཞི་བཙུགས་འབད་ཡོད་པའི་ བློ་གྲོས་ཚོགས་སྡེ་དེ་ཡང་ སྔར་ལས་ལྷག་སྟེ་སྒྲིང་སྒྲི་བཟོ་སྟེ་ གཞུང་སྐྱོང་གིས་སྲིད་བྱུས་དེ་ཡང་ ག་ཅི་དེ་ལེགས་ཤོམ་བཟོ་ཡོདཔ་ཨིན། ཚོགས་སྡེ་དེ་གིས་འགན་ཁུར་ངོ་མ་དེ་ མི་དབང་མཆོག་ལུ་ བསླབ་བྱ་བྱིན་ནི་དང་ཞི་གཡོགཔ་ཚུ་བལྟ་ནི་དེ་ཨིན་རུང་ ཤུལ་ལས་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འགན་ཁུར་དང་བསྟུན་པའི་དབང་ཚད་སྤྲོད་ནིའི་དོན་ལུ་ མི་དབང་མཆོག་གིས་ སྤྱི་ལོ་ ༡༩༨༤ ལུ་ བསྐྱར་བཟོ་འབད་ཡོད་པའི་ བཅའ་ཡིག་དང་སྒྲིག་གཞི་ལ་སོགས་པ་ཚུ་ གྲོས་འཆར་བརྩམས་ཏེ་ཕུལ་ཡོདཔ་ལས་ ག་ཅི་དེ་ཕུན་སུམ་ཚོགས་ཏོག་ཏོ་འགྱོ་ཡོདཔ་ཨིན། བཅའ་ཡིག་དེ་ནང་ལུ་ཡང་ འབྲུག་པའི་མི་ངོ་ རྒྱལཔོ་ལས་འགོ་བཟུང་ གཞན་མི་ངོ་ག་འབད་རུང་ཅིག་གིས་ རྒྱལ་ཁབ་དང་མི་སེར་ལུ་གནོད་པ་བཀལ་ནིའི་ལཱ་འབད་བ་ཅིན་ བློ་གྲོས་ཚོགས་སྡེ་གིས་ བཀག་བཞག་ནི་མེན་པར་ མི་དབང་རྒྱལཔོ་དང་ གཞན་དགོས་མཁོ་དང་བསྟུན་ཏེ་ ལྷན་རྒྱས་གཞུང་ཚོགས་དང་རྒྱལ་ཡོངས་ཚོགས་འདུ་ ལ་སོགས་པ་ཚུ་ལུ་སྙན་ཞུ་ཕུལ་ཆོག་པའི་ སྐོར་ལས་ཡང་བཀོད་དེ་ཡོདཔ་ཨིན། (Royal Education Council, 2020).

ལྷག་པར་དུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འཛིན་སྐྱོང་གོང་འཕེལ་གྱི་ལས་སྣ་ལེ་ཤ་མཛད་ཡོད་པའི་ནང་ལས་ ཁག་ཆེ་ཤོས་ཅིག་ རྒྱལ་ཁབ་ཀྱི་འཕྲལ་ཕུགས་ཀྱི་དོན་ལུ་དམིགས་ཏེ་ མི་སེར་ཚུ་ལུ་ཡིད་ཆེས་སྦོམ་གནང་སྟེ་ འཛིན་སྐྱོང་དང་དངུལ་འབྲེལ་གྱི་དབང་ཆ་འདི་ འགན་ཁུར་ཕྱིར་སྤེལ་གྱི་ཐོག་ལས་ རྒྱལ་ཁབ་ཀྱི་གནད་དོན་ཁག་ཆེ་ཆུང་ག་བཟུམ་ཅིག་འབད་རུང་ ཐག་གཅད་ནིའི་ལམ་ལུགས་ནང་ལུ་ གསརཔ་ཅིག་མི་སེར་ཚུ་གིས་ སེམས་ཤུགས་བསྐྱེད་དེ་ བཅའ་མར་གཏོགས་བཅུག་ནི་འདི་ཨིན། དེ་འབདཝ་ལས་བརྟེན་ མི་དབང་མཆོག་གིས་ སྤྱིར་བཏང་མི་སེར་གྱི་གནས་རིམ་ནང་ གོ་སྐབས་འདྲ་མཉམ་སྤྲོད་ནིའི་དོན་ལུ་ སྤྱི་ལོ་ ༡༩༨༡ ལུ་ འཆར་གཞི་ལྔ་པ་དང་བསྟུན་ རྫོང་ཁག་ཡར་རྒྱས་ཚོགས་ཆུང་དང་ སྤྱི་ལོ་ ༡༩༩༡ ཟླ་ ༧ པའི་ཚེས་ ༡༥ ལུ་ འཆར་གཞི་བདུན་པ་དང་བསྟུན་ རྒེད་འོག་ ༡༩༧ ཡོད་མི་ནང་ཡར་རྒྱས་ཚོགས་ཆུང་ཅིག་ཡང་ གཞི་བཙུགས་མཛད་གནང་ཡོདཔ་ཨིན། དེ་ལས་བརྟེན་ མི་སྡེ་ནང་དཔལ་འབྱོར་གོང་འཕེལ་གྱི་ལས་རིམ་ བརྩམ་ནི་དང་ལག་ལེན་འཐབ་ནི་ཚུ་ཡང་ འབྲུག་པའི་མི་སེར་ཚུ་གིས་ འགན་ཁག་འབག་ཚུགསཔ་བཟོ་གནང་སྟེ་ཡོདཔ་ཨིན། (Royal Education Council, 2020).

དེ་མ་ཚད་ མི་དབང་རྒྱལཔོ་མཆོག་གིས་ སྤྱི་ལོ་ ༡༩༩༨ ཟླ་ ༦ པའི་ཚེས་ ༡༠ ལུ་ འཆར་གཞི་བརྒྱད་པ་དང་བསྟུན་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་ ༧༦ པའི་ནང་ཚོགས་དཔོན་ལུ་ དཔྱད་རིག་རྣམ་རྟོག་མེད་སི་སི་སྦེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ མི་སེར་གྱི་རེ་བ་དང་བསྟུན་པའི་གཞུང་ ལྷག་པར་དུ་ དེ་དང་བསྟུན་པའི་ འཛིན་སྐྱོང་འཐབ་ནི་གི་ལམ་ལུགས་ བརྟན་ཏོག་ཏོ་ཅིག་དགོ་པའི་ཁར་ ལམ་ལུགས་དེ་གིས་ རྒྱལ་ཁབ་དང་མི་སེར་གྱི་མཐའ་དོན་ལུ་ དུས་དང་བསྟུན་པའི་ ཚད་མཉམ་འབད་ཚུགས་པའི་ཐབས་ལམ་ཅིག་ ཐད་རི་བ་རི་དགོཔ་ཁག་ཆེ་བའི་སྐོར་ལས་ བཀའ་ཐམ་ཡང་གནང་ཡོདཔ་ཨིན། རྒྱལ་ཡོངས་ཚོགས་འདུ་ཆེན་མོ་གིས་ འབྲུག་མངའ་བདག་རྒྱལཔོ་ལུ་ ཡིད་ཆེས་ཚོགས་རྒྱན་གྱི་ གནས་ཐོ་བཀོད་སྲོལ་ཅིག་ ལག་ལེན་འཐབ་ནི་སྦེ་ཐག་བཅད་དགོཔ་དེ་ཡང་ མངའ་བདག་རྒྱལ་པོའི་ཞབས་ལས་ འཐུས་མི་ཚུ་ལུ་དེ་བཟུམ་མཛད་དགོ་པའི་བཀའ༌རྒྱ༌གནང༌ནི༌དེ༌གིས༌ཨིན། (ཀུན༌བཟང༌ཆོས༌འཕེལ། རྣམ༌རྒྱལ༌ཕུན༌ཚོགས༌། ༢༠༠༩ ཤོགས༌གྲངས༌ ༥༧-༥༩) ནང༌བཀོད༌དེ༌འདུག།

དེ༌ལུ༌བརྟེན༌ཏེ༌འབྲུག༌ལུ༌གོང༌འོག༌དབྱེ༌བ༌མེད༌པར༌ འདྲ༌མཉམ༌གྱི༌ཐོག༌ཁར༌ བྱ༌བ༌ག༌ཅི༌བཟུམ༌ཨིན༌རུང༌ ལེགས༌ཤོམ༌འགྱོ༌སྟེ་ཡོདཔ༌ཨིན། ལྷག༌པར༌དུ༌ མི༌དབང༌མཆོག༌གིས༌ ཚོགས༌འདུ༌ཆེན༌མོ༌གིས༌ ཡིད༌ཆེས༌མེད༌པའི༌ཚོགས༌རྒྱན༌ གསུམ༌དཔྱ༌གཉིས༌ཕུལ༌ཏེ༌ཡོད༌པ༌ཅིན༌ འབྲུག༌གི༌མངའ༌བདག༌རྒྱལཔོ༌མཆོག༌ རྒྱལ༌ཁྲི༌ལས༌དགོངས༌ཞུ༌མཛད༌དེ༌ བརྒྱུད༌འཛིན༌རྒྱལ༌སྲས༌ཡང༌ན༌ བརྒྱུད༌འཛིན༌ཤུལ༌མམ༌དེ༌ལུ༌ གསེར༌ཁྲི༌མངའ༌གསོལ༌མཛད༌དགོ༌པའི༌ བཀའ༌ཐམ༌དང༌བཀའ༌རྒྱ༌ཡང༌གནང༌ཡོདཔ༌ཨིན། མི༌དབང༌མཆོག༌ལུ༌ མི༌སེར༌གྱིས༌ག༌དེམ༌ཅིག༌ཞུ༌བ༌ཕུལ༌རུང༌ ཕྱག༌ལཱ༌ག༌ཅི༌མཛད༌རུང༌ རྒྱལཔོ༌གི༌དོན༌ལུ༌མེན༌པར༌ རྒྱལ༌ཁབ༌དང༌མི༌སེར༌གྱི༌དོན༌ལུ༌མཛད༌དགོ༌ པའི༌སྐོར༌ལས༌ཡང༌གསུངས༌ཡོདཔ༌ཨིན། དེ༌འབདཝ༌ལས༌བརྟེན༌ རྒྱལ༌ཁབ༌ནང༌སྲིད༌བྱུས༌ཁག༌ཆེ༌ཏོག༌ཏོ༌ཚུ༌ འགྲུབ༌ནིའི༌དོན༌ལས༌ འཛིན༌སྐྱོང༌གི༌དབང༌ཚད༌དང༌ མངའ༌བདག༌རྒྱལཔོ༌ལུ༌ ཡིད༌ཆེས༌ཀྱི༌ཚོགས༌རྒྱན༌ཕུལ༌དགོ༌པའི༌གནད༌དོན༌དེ༌ ཚོགས༌ཐེངས༌དེ༌ནང༌ལས༌ ཐག༌གཅད༌དགོཔ༌ གལ༌ཆེ༌བའི༌བཀའ༌རྒྱ༌ཡང༌གནང༌ཡོདཔ༌ཨིན། (ཀུན༌བཟང༌ཆོས༌འཕེལ། རྣམ༌རྒྱལ༌ཕུན༌ཚོགས། ༢༠༠༩ ཤོགས༌གྲངས༌ ༥༤-༥༥) ནང༌བཀོད༌དེ༌ཡོདཔ༌ཨིན།

སྤྱི༌ལོ༌ ༡༩༩༧ ཟླ༌ ༧ པའི༌ཚེས༌ ༢༠ ལས༌ གཞུང༌འཛིན༌སྐྱོང༌གི༌དབང༌ཚད༌ཆ༌མཉམ༌ བཙག༌འཐུ༌ལས༌གྲུབ༌པའི༌བློན༌པོའི༌ ལྷན༌ཚོགས༌ལུ༌ རྩིས༌སྤྲོད༌གནང༌ཡོདཔ༌ཨིན། ལྷན༌ཁག༌ ལས༌ཁུངས༌ ལས༌འཛིན༌ ལས༌སྡེ༌ ལེ༌ཤ༌ཅིག༌གསརཔ༌གཞི༌བཙུགས༌ མཛད༌གནང༌ཡོད༌པའི༌ཁར༌ རྫོང༌ཁག༌ཡར༌རྒྱས༌ཚོགས༌འདུ༌ཐེངས༌ ༨༠ པའི༌ནང༌ འཆར༌གཞི༌དགུ༌པ༌དང༌བསྟུན༌ རྫོང༌ཁག༌དང༌ རྒེད༌འོག༌ཡར༌རྒྱས༌ཚོགས༌ཆུང༌གི༌ བཅའ༌ཁྲིམས༌བསྒྱུར༌བཅོས༌གནང༌སྟེ༌ བཙག༌འཐུ༌ལས༌གྲུབ༌པའི༌ མི༌སྡེའི༌འགོ༌ཁྲིདཔ༌ཚུ༌གི༌གྲས༌ལས༌ རྫོང༌ཁག༌ཚོགས༌འདུ༌དང༌ རྒེད༌འོག༌ཚོགས༌ཆུང༌ལུ༌ དངུལ༌འབྲེལ༌དང༌ འཆར༌གཞི༌བརྩམ༌ནིའི༌འགན༌ཁག༌དང༌ དབང༌ཚད༌ཡང༌གནང༌ཡོདཔ༌ཨིན། སྤྱི༌ལོ༌ ༢༠༠༣ ཟླ༌ ༥ པའི༌ཚེས༌ ༢ ལས༌ རྫོང༌ཁག༌ཚོགས༌འདུ༌དང༌ རྒེད༌འོག༌ ཚོགས༌སྡེའི༌ཁྲི༌འཛིན༌དང༌ གཞུང༌གི༌ཆེ༌མཐོའི༌འགོ༌དཔོན༌ཚུ༌ གཅིག༌ཁར༌འཛོམས༌ཏེ༌ ས༌གནས༌གཞུང༌ལུ༌ བྱ༌སྟབས༌མ༌བདེཝ༌ཡོད༌མི༌ཚུ༌ བསལ་༌ནིའི༌དོན༌ལུ༌ རྒྱལ༌ས༌ལྟེ༌བ༌ལུ༌ལོ༌བསྟར༌ཞལ༌འཛོམས༌འཚོག༌ནིའི༌སྲོལ༌ཅིག༌ཡང༌ འགོ༌བཙུགས༌གནང༌ཡོདཔ༌ཨིན། (Royal Education Council, 2020).

དཔལ༌ལྡན༌འབྲུག༌པའི༌རྒྱལ༌ཁབ༌ནང༌ལུ༌ ཞི༌གཡོགཔ༌ཚུ༌གཞུང༌ལུ༌ཐ༌དམ༌ཚིག༌དང༌ ལས༌རྒྱུ༌འབྲས༌ཐོག༌ལས༌ཞི༌གཡོག༌གི༌བཅའ༌ཁྲིམས༌ བཅའ༌ཡིག༌ སྒྲིག༌གཞི༌ཚུ༌ལས༌འགལ༌བ༌མེདཔ༌སྦེ་ སྲིད༌དོན༌ཚོགས༌པའི༌དབང༌ལུ༌མ༌ཤོར༌བར༌ སྤྱིར༌བཏང༌གི༌འགན༌ཁག༌འབག༌སྟེ༌ གཡོ༌སྒྱུ༌ངན༌ལྷད༌མེད༌པར༌ ཕྱག༌ཞུ༌ནི༌དང༌ དྭངས༌གསལ༌ འགན༌འཁྲི༌ ཁྱད༌རིག༌ འཇོན༌ཐངས༌ཅན༌སྦེ༌ ཡར༌དྲག༌གཏང༌ནིའི༌དོན༌ལུ༌ སྤྱི༌ལོ༌ ༡༩༨༢ ཟླ༌ ༦ པའི༌ནང༌ རྒྱལ༌གཞུང༌ཞི༌གཡོག༌ལྷན༌ཚོགས༌དེ༌ རྩ༌ཁྲིམས༌ཅན༌གྱི༌རང༌སྐྱོང༌ཡིག༌ཚང༌སྦེ༌ བཟོ༌གནང༌ཡོདཔ༌ཨིན། དེ༌མ༌ཚད༌འབྲུག༌པའི༌རྒྱལ༌ཁབ༌དང༌མི༌སེར༌གྱི༌དོན༌ལུ༌ རྒྱུན༌སྐྱོང༌ཟད༌གྲོའི༌མ༌དངུལ༌ཚུ༌ འདྲ༌མཉམ༌དང༌ཚད༌འཛིན༌ཐོག༌ལས༌ བདག༌འཛིན༌འཐབ༌སྟེ༌ དངུལ༌རྩིས༌ཀྱི༌ཁྲིམས༌དང༌ལམ༌ལུགས༌ཚུ༌ལས༌ འགལ༌བ༌མེདཔ༌ སྤྱོད༌དགོ༌ནི༌དེ༌གིས༌ ཕྱོགས༌རིས༌མེད༌པར༌ དྲང༌བདེན༌གྱི༌ལག༌ལེན༌འཐབ༌སྟེ༌ རྒྱལ༌ཁབ༌ཀྱི༌འོང༌འབབ༌དང༌ མི༌དམངས༌ཀྱི༌སྤྱི༌དངུལ༌ཚུ༌ ཆུད༌ཟོས༌མེདཔ༌སྦེ༌ ལག༌ལེན༌འཐབ༌ཚུགས༌ནིའི༌དོན༌ལས༌ རྒྱལ༌གཞུང༌རྩིས༌ཞིབ༌དབང༌འཛིན༌དེ༌ཡང༌ རྩ༌ཁྲིམས༌ཅན༌གྱི༌དབང༌འཛིན༌ཡིག༌ ཚང༌སྦེ༌ གཞི༌བཙུགས༌འབད༌གནང༌སྟེ༌ཡོདཔ༌ཨིན། ལྷག༌པར༌དུ༌ཁྲིམས༌དང༌འབྲེལ༌བའི༌ འགན་ཁུར༌འབག༌ནིའི༌དོན༌ལུ༌ སྤྱི༌ལོ༌ ༢༠༠༠ ཟླ༌ ༤ པའི༌ཚེས༌ ༡༤ ལུ༌ ཁྲིམས༌དོན༌ལས༌ཁུངས༌ཀྱི༌ཡིག༌ཚང༌གཞི༌བཙུགས༌འབད༌གནང༌མི༌དེ༌ སྤྱི༌ལོ༌ ༢༠༠༦ ཟླ༌ ༩ པའི༌ཚེས༌ ༢༤ ལུ༌ རྩོད༌དཔོན༌ཡོངས༌ཁྱབ༌ཡིག༌ཚང༌རང༌སྐྱོང༌སྦེ༌བཟོ༌སྟེ༌གནང༌ཡོདཔ༌ཨིན། (ཀུན༌བཟང༌ཆོས༌འཕེལ། རྣམ༌རྒྱལ༌ཕུན༌ཚོགས༌། ༢༠༠༩ ཤོགས༌གྲངས༌ ༥༧-༥༩) ནང༌བཀོད༌དེ༌འདུག།

ཆོས་དང་ལམ་སྲོལ།

[ཞུན་དག]

༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་དང་མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་ གཞི་བཙུགས་འབད་བའི་ཤུལ་ལུ་ ཀ་ཆེན་བཞི་སྦེ་བཀོད་ཡོད་པའི་ནང་ལས་ ཆོས་དང་ལམ་སྲོལ་བདག་འཛིན་འབད་དགོཔ་དེ་ ག་ནི་བ་ཁག་ཆེ་བའི་ ཀ་ཆེན་གསུམ་པའི་ནང་ཚུདཔ་ཨིན། དེ་སྦེ་ཚུད་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ཕྱིའི་དཔལ་འབྱོར་གོང་འཕེལ་ ག་དེམ་ཅིག་འགྱོ་རུང་ དེ་ནང་གནས་མི་འགྲོ་བ་ཚུ་གིས་ མནོ་བསམ་གཏང་ཐངས་དང་ བྱ་བ་སྤྱོད་ལམ་ཚུ་ ག་ཅི་དེ་ཁག་ཆེཝ་ལས་བརྟེན་ ཨིན། ཆོས་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ མནོ་བསམ་གཅིག་ཁར་བཏང་སྟེ་ ཆོས་དང་མཐུནམ་སྦེ་འབད་བ་ཅིན་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ ལེགས་ཤོམ་འགྱོཝ་ཨིན། (Royal Education Council, 2020).

འབྲུག་རྒྱལ་ཁབ་ནང་སྐྱེ་སྟེ་ འབྲུགཔ་ཨིན་པའི་ངོ་རྟགས་ལུ་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ ཐ་དམ་ཚིག་དང་ལས་རྒྱུ་འབྲས། ཆོས་དང་ལམ་སྲོལ་བཟང་པོ་ཚུ་ སེམས་ཁར་བཞག་སྟེ་ རང་དང་གཞན་ཟེར་དབྱེ་བ་མ་ཕྱེ་བར་འབད་དགོཔ་ཨིན། དུས་འགྱུར་བའི་གནས་སྟངས་ད་རེས་བཟུམ་ཅིག་ནང་ལུ་ འབྲུག་པའི་ན་གཞོན་ཚུ་གིས་འབད་རུང་ སྔོན་བྱོན་རྒྱལ་བ་གོང་མ་ཚུ་གིས་ མཛད་བྱ་བཟང་པོ་མར་ཉམས་མ་བཅུག་པར་ ག་ཅི་དེ་སེམས་ལུ་སྤྲོ་སྣང་ཆེ་བའི་སྒོ་ལས་ བདག་འཛིན་འཐབ་དགོཔ་ཨིན། དེ་བཟུམ་མའི་བྱ་བ་ལུ་བརྩོན་ཚུགས་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གྲུབ་མ་ཚུགས་པའི་དཔེ་མི་སྲིད་ནི་ཨིན། (ཀུན་བཟང་ཆོས་འཕེལ་དང་ རྣམ་རྒྱལ་ཕུན་ཚོགས་ ༢༠༠༩ ཤོག་གྲངས་ ༤༥) ནང་བཀོད་དེ་འདུག།

མི་དབང་མཆོག་གིས་ཐུགས་ཀྱི་དགོངས་བཞེད་གཙོ་བོ་ར་ འབྲུག་པའི་ཆོས་དང་ལམ་སྲོལ་གཉིས་ བདག་འཛིན་དང་ཉམས་སྲུང་འབད་ནི་དེ་ཨིན་མི་དེ་ཡང་ འབྲུག་པའི་རང་དབང་རང་བཙན་གྱི་ ངོ་རྟགས་གཙོ་བོ་ དེ་གཉིས་ཀྱིས་སྟོན་ནི་དེ་གིས་ཨིན། འབྲུག་པའི་ལམ་སྲོལ་ཚུ་དམིགས་བསལ་གྱིས་མ་འདྲཝ་སྦེ་ཡོད་མི་དེ་ཡང་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་དང་ ལམ་སྲོལ་བཟང་པོ་ འབྲུག་པའི་གྱོན་ཆས་གོ་དང་དཀྱི་ར་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ ཁ་སྐད་མ་འདྲཝ་ལ་སོགས་པ་ཚུ་ཡོདཔ་ལས་བརྟེན་ཨིན། རྒྱལ་ཁབ་ཆུང་ཀུ་གཅིགཔོ་དེ་ སྟོབས་དང་མི་རློབས་ཀྱི་ཐད་ཁར་ གཞན་དང་དོ་འགྲན་འབད་ཚུགས་པའི་ནུས་པ་མེད་རུང་ རང་གི་རྒྱལ་ཁབ་ནང་ཡོད་པའི་སྔར་སྲོལ་ལམ་ལུགས་ ཆོས་དང་ལམ་སྲོལ་ཚུ་ ལེགས་ཤོམ་སྦེ་བདག་འཛིན་འཐབ་ནི་དེ་ རྒྱལ་ཁབ་རང་འདྲོངས་གནས་ཐབས་ཀྱི་ ཁུངས་ངོ་མ་ཅིག་ཨིནམ་ལས་ མི་དབང་རྒྱལཔོ་མཆོག་གིས་ཡང་ ག་ཅི་དེ་བདག་འཛིན་འཐབ་དགོ་པའི་བཀའ་རྒྱ་ཚུ་ཡང་གནང་སྟེ་ཡོདཔ་ཨིན། (Royal Education Council, 2020).

དེ་འབདཝ་ལས་ སྤྱི་ལོ་ ༡༩༧༣ ལུ་ རྒྱལ་ཡོངས་ཚོགས་འདུ་ཚོགས་ཐེངས་ ༣༨ པའི་ནང་ འབྲུག་པའི་རྒྱལ་ཁབ་ཀྱི་ངོ་རྟགས་སྦེ་ རྒྱལ་ཡོངས་གྱོན་ཆས་གོ་དང་དཀྱི་ར་དེ་ འབྲུག་རྒྱལ་ཡོངས་གྱོན་ཆས་སྦེ་འགོ་བཙུགས་ནུག། སྤྱི་ལོ་ ༡༩༨༠ ལུ་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༥༢ པའི་ནང་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་རྣམ་གཞག་ དེ་ཡང་འགོ་བཙུགས་གནང་ དེ་མ་ཚད་ སྤྱི་ལོ་ ༡༩༨༤ ལུ་ བཟོ་རིག་ འཆམ་ འབྲུག་པའི་ཞབས་ཁྲ་ ལ་སོགས་པ་ཚུ་ཡང་ གཞི་བཙུགས་མཛད་གནང་ཡོདཔ་ཨིན། མི་དབང་མཆོག་གིས་ དེ་བཟུམ་མའི་མཛད་བྱ་བཟང་པོ་ཚུ་ གཞི་བཙུགས་ཡོདཔ་མ་ཚད་ རྒྱལ་ཁབ་ཡར་རྒྱས་ཀྱི་གོམ་པ་ལུ་དམིགས་ཏེ་ སྤྱི་ལོ་ ༡༩༨༤ པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་སྦེ་འཛུལ་ཞུགས་འབད་ནུག། (Karma Phuntsho, 2013).

དེ་ལས་ལྷག་པའི་མཛད་བྱ་ཁག་ཆེ་ཏོག་ཏོ་ཅིག་ སྤྱི་ལོ་ ༡༩༨༤ སྤྱི་ཟླ་ ༨ པའི་ཚེས་ ༡ ལུ་ ཆོས་ཀྱི་བདག་པོ་ རྗེ་མཁན་པོའི་མངའ་འོག་ལུ་ གྲྭ་ཚང་ལྷན་ཚོགས་གཞི་བཙུགས་གནང་ཡོདཔ་མ་ཚད་ མི་དབང་མཆོག་གིས་ དུས་དང་ཕུ་ལས་བྱུང་པའི་ ཅ་རྙིང་ཚུ་བཞག་ནིའི་དོན་ལུ་ འགྲེམ་སྟོན་ཁང་ཚུ་ཡང་གཞི་བཙུགས་མཛད་གནང་ནུག། དེ་མ་ཚད་ འབྲུག་པའི་ཁྱིམ་ཀྱི་བཟོ་བཀོད་རིག་པ་ཚུ་དང་ གཞན་ཡང་ཟམ་པ་ མཐོང་གྲོལ་དང་ཐང་ཀ་ ངག་རྒྱུན་ལས་དར་བའི་ རྩོམ་རིག་ ཞབས་ཁྲ་ བཟོ་རིག་མ་འདྲཝ་ལ་སོགས་པའི་ ལམ་སྲོལ་ག་ནི་བ་བཟང་པོ་ཚུ་ བདག་འཛིན་སྦེ་བཞག་ནིའི་བཀའ་རྒྱ་ཚུ་ཡང་གནང་ཡོདཔ་ཨིན། ལྷག་པར་དུ་ སྔོན་བྱོན་གོང་མ་ཚུ་གིས་ བསྒྲུབས་བཞག་མི་རྫོང་ ལྷ་ཁང་ མཆོད་རྟེན་ལ་སོགས་པ་ཚུ་ཡང་ མི་ཉམས་གོང་འཕེལ་གཏང་ནིའི་ ལས་འཆར་ཚུ་ཡང་ བརྩམས་གནང་པའི་གྲས་ལས་ སྤུང་ཐང་བདེ་ཆེན་ཕོ་བྲང་རྫོང་དང་ སྤ་རོ་སྟག་ཚང་ལྷ་ཁང་གཉིས་ མེ་རྐྱེན་ཤོར་བའི་ཤུལ་ལུ་ ཉམས་བཅོས་ཡང་མཛད་གནང་ནུག། (Sonam Kinga, 2009, p143).

འབྲུག་པའི་སྔར་སྲོལ་ལམ་ལུགས་བཟང་པོ་དེ་ལུ་ གནོད་རྐྱེན་འབྱུང་མི་བཅུག་ནིའི་ཐབས་ལུ་ སྤྱི་ལོ་ ༡༩༨༥ ཟླ་ ༢ པའི་ཚེས་ ༣༡ ལུ་ སྲོལ་འཛིན་ལྷན་ཚོགས་ཡང་ གཞི་བཙུགས་མཛད་གནང་བའི་ཤུལ་ལུ་ འབྲུག་རྒྱལ་ཁབ་ནང་ ཧེ་མ་ལས་གཞི་བཙུགས་མཛད་ཡོད་པའི་ ལྷ་ཁང་ རྫོང་གཞི་ཁག་དང་ གཞན་དང་གཞན་ཡང་ ལེ་ཤ་ར་གསརཔ་བཞེངས་ཡོདཔ་མ་ཚད་ ཧེ་མ་ལས་ཡོད་མི་ཚུ་ཡང་ ག་ཅི་དེ་ལེགས་ཤོམ་སྦེ་ ཉམས་སྲུང་འབད་དེ་བཞག་ནུག། སྤྱི་ལོ་ ༡༩༨༥ སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡང་ གཞི་བཙུགས་མཛད་གནང་སྟེ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ག་ཅི་དེ་ལེགས་ཤོམ་སྦེ་བདག་འཛིན་འཐབ་ཡོདཔ་མ་ཚད་ རྫོང་ཁའི་ཐོག་ དཔེ་དེབ་སྣ་ཚོགས་གསར་བརྩམས་འབད་དེ་ སྦྱོང་བརྡར་དང་རྫོང་ཁའི་གློག་རིག་མཐུན་རྐྱེན་ཚུ་ཡང་ གཞི་བཙུགས་འབད་ཞིནམ་ལས་ རྫོང་ཁག་ རྒེད་འོག་དང་ གཡུས་སྒོ་ལ་སོགས་པ་ཚུ་ནང་ཡང་ རྫོང་ཁའི་སྐད་ཡིག་ཤེས་ཡོན་ དར་ཁྱབ་སྦོམ་སྦེ་བཏང་ནུག། (ཀུན་བཟང་ཆོས་འཕེལ་དང་ རྣམ་རྒྱལ་ཕུན་ཚོགས་ ༢༠༠༩ ཤོག་གྲངས་ ༤༩) ནང་བཀོད་དེ་འདུག།

དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ཆོས་གོས་དང་ལས་སྲོལ་ཚུ་རྒྱལ་ཁབ་གཞན་དང་མ་འདྲཝ་སྦེ་ ཡོད་མི་དེ་ཡང་ དུས་རབས་ ༨ པའི་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ལུང་བསྟན་དང་འཁྲིལ་ འབྲུག་ལུ་ཆོས་ཀྱི་བདག་པོ་རིམ་པར་བྱོན་ཏེ་ དུས་རབས་ ༡༥ པའི་ནང་ ཐུགས་རིག་མཁས་པའི་ གཏེར་སྟོན་པདྨ་གླིང་པ་མཆོག་བྱོན་ཏེ་ ཆོས་ཕྱོགས་ཀྱི་ལམ་སྲོལ་བཟང་པོ་ཚུ་ གཞི་བཙུགས་མཛད་གནང་ཡོདཔ་མ་ཚད་ དུས་རབས་ ༡༧ པའི་ནང་ བླ་མ་ཞབས་དྲུང་རིན་པོ་ཆེ་མཆོག་གིས་ འབྲུག་པ་དཀར་བརྒྱུད་ཀྱི་ཆོས་དེ་ བོད་གཞུང་དང་མ་འདྲཝ་སྦེ་ ཆོ་གོའི་གདངས་དབྱངས་དང་རྔ་རོལ་ དེ་ལས་དུང་དང་རྒྱ་གླིང་གི་ལེའུ་ལས་འགོ་བཙུགས་ ལག་ལེན་སོ་སོ་བརྩམས་གནང་པའི་རྒྱུ་མཚན་ལུ་ ཆོས་དང་རིག་གཞུང་ལས་བརྟེན་དར་བའི་ལམ་སློལ་ཚུ་ཡང་ ག་ཅི་དེ་ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོཔ་ཁག་ཆེ་ཤོས་ཅིག་ཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ་ ༢༠༡༠ ཤོག་གྲངས་ ༣༦༤) ནང་བཀོད་ནུག།

འབྲུག་རྒྱལ་ཁབ་འདི་དུས་ནམ་ར་འབད་རུང་ རང་དབང་གི་ཁུར་ཆ་འབག་སྡོད་ཐབས་ལུ་དམིགས་ཏེ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ མཛད་བྱ་བཟང་པོ་ཚུ་དང་ ཧེ་མ་ལས་དར་ཡོད་པའི་ འབྲུག་པའི་ཆོས་དང་ལམ་སྲོལ་དེ་ བཀོ་མ་བཞག་པར་ག་ཅི་དེ་ལེགས་ཤོམ་སྦེ་ བདག་འཛིན་དང་ཉམས་སྲུང་འབད་དགོཔ་ཨིན། འབྲུག་རྒྱལ་ཁབ་ཟེར་བའི་མིང་ གཞན་དང་མ་འདྲཝ་བཟོ་མི་གཙོ་བོ་དེ་ར་ འབྲུག་པའི་ལམ་སྲོལ་གཞན་དང་མ་འདྲཝ་ཡོད་པའི་གུར་ འབྲུག་མི་ཟེར་སླབ་དགོ་མི་དེ་ཡང་ རྒྱལ་ཁབ་གཞན་དང་མ་འདྲ་བའི་ སྤྱོད་ལམ་བཟང་པོ་ ལས་རྒྱུ་འབྲས་དང་ཐ་དམ་ཚིག་ཟེར་བའི་ཚིག་གིས་ དོན་དག་རྟོགས་ཚུགས་པའི་ཁར་ དེ་ལུ་ཡིད་ཆེས་བསྐྱེད་ཤེས་ནི་དེ་གིས་ཨིན།

བརྡ་དོན་དང་བརྒྱུད་འབྲེལ་གྱི་ལམ་ལུགས།

[ཞུན་དག]

༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སྤྱིར་བཏང་ག་ནི་བ་ཉམས་དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ཡོད་མི་དེ་ སྐྱབས་གནས་དམ་པ་མི་དབང་རིམ་བྱོན་ཚུ་གི་བཀའ་དྲིན་དང་ སྤྱིར་དཀོན་མཆག་གསུམ་གྱི་ཐུགས་རྗེ་བྱིན་རླབས་ལས་བརྟེན་ཨིན། འབྲུག་རྒྱལ་དར་གནམ་ལུ་ཕྱར་ཏེ་ རང་དབང་གི་ངོ་རྟགས་སྟོན་ནིའི་གོ་སྐབས་གནང་མི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཆོས་ལྡན་གྱི་རྒྱལ་ཁབ་ནང་ལུ་ ཡར་རྒྱས་ཀྱི་ལྟ་བ་ལེ་ཤ་ཅིག་ གཞི་བཙུགས་འབད་ཡོད་ས་ལས་ བརྒྱུད་འབྲེལ་གྱི་ལུམ་ལུགས་དེ་ཡང་ འགྱུར་བའི་ལྟ་བ་གཅིག་སྦེ་ འགོ་བཙུགས་ཡོདཔ་ཨིན། དེ་སྦེ་འབྲུག་ལུ་ རིམ་ལུགས་དེ་བཟུམ་གཞི་བཙུགས་མི་དེ་གིས་ འབྲུག་པའི་མི་སེར་ཚུ་ གཅིག་གིས་གཅིག་ལུ་འབྲེལ་བ་འཐབ་ནི་དང་ བརྡ་དོན་སྤྲོད་ལེན་འབད་ནི་ དེ་ལས་དེང་སང་གི་རིམ་ལུགས་གཞན་དང་གཞན་ཡང་ གློག་རིག་ཡོངས་འབྲེལ་དང་ བརྡ་བརྒྱུད་ལ་སོགས་པ་ཚུ་གཞི་བཙུགས་འབད་མི་དེ་གིས་ རང་སོའི་མཐའ་འཁོར་དང་རྒྱལ་ཡོངས་ ལྷག་པར་དུ་རྒྱལ་སྤྱིའི་གནས་ཚུལ་ཚུ་ཤེས་ཚུགས་ནི་ལུ་ཡང་ ཕན་པ་སྦོམ་ར་བྱུང་ཡོདཔ་ཨིན།

མི་དབང་མཆོག་ཐུགས་རྒྱུད་ག་ནི་བ་མཁས་ནི་དེ་གིས་ སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་གཉིས་ཀྱི་བར་ན་ཚུད་ཡོད་མི་ དཔལ་ལྡན་འབྲུག་རྒྱལ་ཁབ་འདི་ནང་ལུ་ གོང་འཕེལ་གྱི་རྩ་བ་ངོ་མ་གཅིག་ བརྡ་དོན་བརྒྱུད་འབྲེལ་གྱི་བརྡ་བརྒྱུད་དེ་ དགོས་མཁོ་ཆེཝ་ཨིནམ་མཁྱེན་ནི་དེ་གིས་ སྤྱི་ལོ་ ༡༩༧༣ ཟླ་ ༡༡ པའི་ཚེས་ ༡༡ ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འགོ་དང་པ་རྒྱལ་ཡོངས་ ན་གཞོན་ཚོགས་སྡེ་སྦེ་བཙུགས་ཏེ་གནང་ཡོདཔ་ཨིན། (Lily Wangchuk, 2017). དེ་ལས་བརྟེན་འབྲུག་པའི་མི་སེར་ཚུ་ལུ་ ག་ཅི་དེ་ཕན་ཐོགས་ཆེ་བའི་ཡུལ་ཅིག་ལུ་གྱུར་ཏེ་ཡོད་པའི་གུར་ གནས་ཚུལ་དང་ཐུགས་སྤྲོའི་ལས་རིམ་སྣ་ཚོགས་ རྒྱང་བསྒྲགས་འབད་སྲོལ་ཡོད་མི་དེ་གིས་ འབྲུག་མི་ཚུ་ཡང་གོང་འཕེལ་འགྱོ་བའི་རྟགས་ལུ་ གོམ་པ་གདོང་ཁར་སྤོ་བའི་གོ་སྐབས་ཐོབ་ཡོདཔ་ཨིན།

ལྷག་པར་དུ་ མི་དབང་མཆོག་གིས་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་གུར་ཕེབས་ཏེ་མི་ལོ་ ༢༥ འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་བའི་སྐབས་སུ་ མི་དབང་མཆོག་གིས་ རྒྱལ་ཡོངས་ལུ་གསུང་བཤད་གནང་པའི་སྐབས་ དུས་སྟོན་དེ་མི་དབང་མཆོག་ ཁྲི་ལོ་ ༢༥ འཁོར་བའི་དུས་སྟོན་བརྩི་སྲུང་ཞུཝ་མེན་པར་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ དཔལ་འབྱོར་གོང་འཕེལ་འགྱོ་བའི་ དགའ་སྟོན་བརྩི་སྲུང་འབདཝ་ཨིན་ཟེར་ཡང་གསུངས་གནང་སྟེ་ཡོདཔ་ཨིན། དེ་སྦེ་གསུངས་དགོ་མི་དེ་ཡང་ མི་དབང་མཆོག་ཁྲི་ཐོག་ཁར་བྱོན་ཏེ་ ཉིནམ་གཅིག་ཡང་སྐུ་ངལ་མ་གནང་པར་ མི་སེར་དང་རྒྱལ་ཁབ་ཀྱི་དོན་ལུ་ སྤྱི་ལོ་ ༡༩༧༢ ལུ་ ཀི་ལོ་མི་ཊར་ ༨༠༠ ལས་ ཉུངམ་སྦེ་སྡོད་མི་ སྣུམ་འཁོར་ལམ་དེ་ སྤྱི་ལོ་ ༢༠༠༦ ལུ་ ཀི་ལོ་མི་ཊར་ ༤༥༥༤.༧༣ དེ་ཅིག་ལུ་ཡར་སེང་འབད་དེ་ འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁག་ཉི་ཤུ་གེ་རའི་ནང་ ཁྱབ་ཚུགས་ནུག། (Royal Education Council, 2020).

དེ་མ་ཚད་མི་དབང་མཆོག་གིས་ འབྲུག་པའི་མི་སེར་ཚུ་ལུ་ རྒྱལ་ཁབ་ནང་རྒྱང་མཐོང་དང་ ཡོངས་འབྲེལ་གྱི་རིམ་ལུགས་འགོ་བཙུགས་ཞིནམ་ལས་ དེ་ལས་བརྟེན་ཏེ་ མི་རང་ར་སོ་སོ་ལུ་ ཕན་པ་དང་གནོད་པ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ཡང་བཤད་དེ་གནང་ཡོདཔ་ཨིན་མས། རྒྱང་མཐོང་དང་ཡོངས་འབྲེལ་ དེ་ལས་ རང་དང་རྒྱལ་ཁབ་ལུ་ ཕན་པ་དང་གནོད་པའི་ གནས་ཚུལ་ལེ་ཤ་ཡོདཔ་ལས་ ན་གཞོན་ཚུ་གིས་ དེ་ཚུ་དབྱེ་བ་ཕྱེ་སྟེ་འབད་དགོཔ་ ཁག་ཆེ་བའི་བཀའ་རྒྱ་ཚུ་ཡང་གནང་ཡོདཔ་ཨིན། འབྲུག་རྒྱལ་ཁབ་འདི་མི་རློབས་ཉུང་བའི་ རྒྱལ་ཁབ་ཅིག་ཨིན་རུང་ འཛམ་གླིང་གཅིག་གྱུར་གྱི་དུས་ཚོད་ལུ་ མཐུན་ལམ་ཅན་གྱི་རྒྱལ་ཁབ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ཚོང་འབྲེལ་དང་ ལྟ་བཤལ་ཡར་རྒྱས་གཏང་ནིའི་དོན་ལས་ སྤྱི་ལོ་ ༡༩༨༣ ཟླ་ ༡༡ པའི་ཚེས་ ༢ ལུ་ འབྲུག་མཁའ་འགྲུལ་ཡང་གཞི་བཙུགས་འབད་ཡོདཔ་མ་ཚད་ གཞན་ཡང་རླུང་འཕྲིན་ འགྲེམ་ ལྕགས་འཕྲིན་ བརྒྱུད་འཕྲིན་ འགྲུལ་འཕྲིན་ གློག་རིག་ གློག་འཕྲིན་ འགྲུལ་འཁོར་གཏོང་ལེན་ ཀུན་གསལ་ སྒེར་གྱི་གསར་ཤོག་ ལ་སོགས་པ་ཚུ་ཡང་གཞི་བཙུགས་མཛད་ཡོདཔ་ཨིན་མས། (ཀུན་བཟང་ཆོས་འཕེལ་དང་ རྣམ་རྒྱལ་ཕུན་ཚོགས། (༢༠༠༩)

འབྲུག་པའི་མི་སེར་ཡོངས་ཀྱིས་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འབྲེལ་གྱི་བརྡ་བརྒྱུད་ མཐུན་རྐྱེན་བསམ་གྱིས་མ་ཁྱབ་སྦེ་ སྤྱོད་ནི་གི་གོ་སྐབས་ཐོབ་ཡོདཔ་མ་ཚད་ རྫོང་ཁག་ ཁྲོམ་སྡེ་ རྒེད་འོག་ གཡུས་སྒོ་ཁག་ལས་ཕར་ མི་ཚུ་འབྲེལ་བ་འཐབ་ནིའི་དོན་ལུ་ ཆུ་བརྒལ་དགོ་པའི་དཀའ་ངལ་མེད་པར་ སྤྱི་ལོ་ ༡༩༧༢ ལུ་ ཟམ་པ་ ༤༠ དེ་ཅིག་ཡོད་མི་དེ་ སྤྱི་ལོ་ ༢༠༠༦ ཚུན་གྱི་ ནང་འཁོད་ལུ་ ཟམ་པ་ ༦༥༨ ལྷག་ཙམ་བཟོ་སྐྲུན་མཛད་དེ་ སྔོན་མ་བ་ལྷག་སྟེ་ཡར་སེང་མཛད་གནང་ནུག། ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་གཞུང་དང་གཅིག་ཁར་ཡང་ རྒྱ་འབྲུག་གཉིས་ཀྱི་ ས་མཚམས་ཀྱི་ ཁྲོམ་སྡེ་ཚུ་གི་བར་ན་ རེ་ལིའི་ལམ་བཟོ་ནི་ཚུ་ཡང་ སྤྱི་ལོ་ ༢༠༠༥ ཟླ་ ༢ པའི་ཚེས་ ༢༥ ལུ་ ཐུགས་ཐག་བཅད་གནང་ཡོདཔ་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་གཞུང་ལམ་རྒྱ་སྐྱེད་དང་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ཚུན་གྱི་འཁོར་ལམ་དེ་ ཨེ་ཤི་ཡཱན་ གཞུང་ལམ་བཟོ་ནི་སྦེ་ གསུང་གྲོས་གནང་ཡོད་མི་ཚུ་ འབྲུག་རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་ལུ་ ཁེ་ཕན་སྦོམ་བྱུང་ཚུགསཔ་མཛད་གནང་ཡོདཔ་ཨིན། (ཀུན་བཟང་ཆོས་རྒྱལ་དང་ རྣམ་རྒྱལ་ཕུན་ཚོགས། ༢༠༠༩)

མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་གུར་བྱོན་པའི་ཉིནམ་ལས་འགོ་བཟུང་ དམིགས་ཡུལ་ངོ་མ་ར་རྒྱལ་ཁབ་ཡར་རྒྱས་ཀྱི་དོན་ལུ་ བརྡ་དོན་དང་བརྒྱུད་འབྲེལ་ལུ་གཙོ་བོ་བཏོན་ཏེ་ ཡར་རྒྱས་འགྱོ་བའི་བསྒང་གི་རྒྱལ་ཁབ་ཅིག་འབདཝ་ལས་ དགོས་འདོད་ཆེ་བའི་དངོས་པོ་ཚུ་དང་ ལྷག་པར་དུ་རྒྱལ་ཁབ་འདི་ ནགས་ཚལ་དང་གངས་རི་ཚུ་ག་ནི་བ་སྦོམ་ཡོད་པའི་ས་གོ་ཅིག་འབདཝ་ལས་ ཡར་རྒྱས་གོང་འཕེལ་གྱི་ལས་སྣ་མ་འདྲཝ་ཡོད་རུང་ འགོ་བཙུགས་ཚུགས་པར་ག་ཅི་དེ་ལ་ཁག་ཨིན་རུང་ མི་དབང་མཆོག་གི་བཀའ་དྲིན་ལས་ རེ་བ་སྐྱེད་དོ་བཟུམ་སྦེ་ར་ གྲུབ་ཚུགས་ཏེ་ཡོདཔ་ཨིན། ཡར་རྒྱས་གོང་འཕེལ་ལས་སྣ་གི་ སོན་བཙུགས་ནི་འགོ་བཙུགས་ཏེ་ མི་ལོ་ ༡༠ དེ་ཅིག་གི་ཤུལ་ལུ་ འབྲུག་ལུ་བརྡ་བརྒྱུད་ཀྱི་རིམ་ལུགས་སྣ་ཚོགས་ འབྲུག་རྒྱང་བསྒྲགས་ལས་འཛིན་ ཀུན་གསལ་གསར་ཤོག་དང་ གཞན་བརྡ་བརྒྱུད་དང་འབྲེལ་བའི་ གཞུང་འབྲེལ་ཡིག་ཚང་ཚུ་ཡང་ བཙུགས་ནི་འགོ་བཙུགས་ནུག། (Kinley Dorji, 1991, P3).

སྤྱི་ལོ་ ༡༩༨༨ ལུ་ སྒེར་གྱི་གློག་བརྙན་བཟོ་སྐྲུན་ཁང་ ཨེ་བཱི་ཚོང་སྡེ་གིས་ འབྲུག་ལུ་གློག་བརྙན་མགར་ས་བླ་མའི་སེང་གེ་ཟེར་མི་ འགོ་ཐོག་བཟོ་སྐྲུན་འབད་བའི་ཤུལ་ ད་རེས་ནངས་པའི་དུས་ལུ་ འབྲུག་གློག་བརྙན་ཚོགས་པ་ཟེར་ གནམ་མེད་ས་མེད་ཡོངས་གྲགས་སོང་ཡོདཔ་ཨིན། (Phuntsho Rabten, n.d, P176). འབྲུག་ལུ་ཡོངས་འབྲེལ་གྱི་ཞབས་ཏོག་དེ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ རྒྱང་མཐོང་གི་རིམ་ལུགས་འགོ་བཙུགས་པའི་སྐབས་ གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་མཆོག་གིས་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ རྒྱལ་ཁབ་ནང་འགོ་ཐོག་ འབྲུག་བརྒྱུད་འཕྲིན་ཚད་གཞི་བཙུགས་འབད་ཡི། དེ་ལས་ སྤྱི་ལོ་ ༢༠༠༦ ལུ་ བཀྲ་ཤིས་འགྲུལ་འཕྲིན་ཚོང་སྡེ་གིས་ཡང་ འགོ་དང་པ་སྒེར་གི་ བརྒྱུད་འཕྲིན་ལས་སྡེ་ཅིག་འགོ་བཙུགས་ཡོདཔ་ཨིན།

རྒྱལ་ཁབ་གཅིག་དང་མི་སེར་གཅིག་ཡོད་ཟེར་བའི་དགོངས་དོན།

[ཞུན་དག]

༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ནང་པ་ཆོས་ལྡན་གྱི་རྒྱལ་ཅིག་ཨིན་པའི་ཁར་ རྒྱལ་རྒྱུད་འཛིན་པའི་བདག་པོ་ཚུ་ཡང་ ག་ཅི་དེ་ཐུགས་རྒྱུད་བཟང་ཏོག་ཏོ་ཡོད་པའི་ནང་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ཧ་ཅང་གིས་ལེགས་ཤོམ་ཡོད་པའི་ཁར་ རྒྱལ་ཁབ་ནང་ལུ་ ཡར་རྒྱས་གོང་འཕེལ་གྱི་ལྟ་བ་ཡང་ལེ་ཤ་ར་ གཞི་བཙུགས་མཛད་གནང་ཡོདཔ་ཨིན། རྒྱལ་ཁབ་ནང་དགོས་མཁོ་དང་བསྟུན་ཏེ་ འགྱུར་བ་མ་འདྲཝ་ལེ་ཤ་མཛད་ཡོད་པའི་མཐའ་མར་ འབྲུག་མི་ཚུ་ཡང་རྒྱལཔོ་མཆོག་ལུ་ བློ་གཏད་དང་ཡིད་ཆེས་སྦོམ་བྱུང་ཡོདཔ་ཨིན། རྒྱ་གར་རྒྱལ་ཁབ་རང་དབང་ཐོབ་སྟེ་ཡུན་མ་རིངམ་ཅིག་ཁར་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ལུ་ ལྷོ་མཚམས་པ་ཚུ་གཞིས་བཅག་ནི་འགོ་བཙུགས་པའི་ཤུལ་ལུ་ རྒྱལ་ཁབ་ནང་སྲིད་དོན་དབང་ཆ་ཁས་ལེན་འབད་དགོཔ་བྱུང་ནུག། རྒྱ་གར་རྒྱལ་ཡོངས་སྲིད་དོན་ཚོགས་པ་ (ཨིན་དྲིཡཱན་ནེཤ་ནཱལ་ཀཱན་གརསི་) གིས་རྒྱབ་སྐྱོར་འཐོབ་ནིའི་དམིགས་པ་བསྐྱེད་དེ་ འབྲུག་རྒྱལ་ཡོངས་ཚོགས་པ་ (བྷུ་ཊཡན་ནེཤ་ནཱལ་ཀཱན་གརསི་) ཟེར་བཞག་སྟེ་ ངོ་ལོག་རྐྱབ་ནིའི་འཆར་གཞི་བརྩམས་ཡོདཔ་ཨིན། (Royal Education Council, 2020).

ཨིན་རུང་བློ་འདོད་སྐྱེད་དོ་བཟུམ་ རྒྱབ་སྐྱོར་ཐོབ་མ་ཚུགསཔ་ལས་ ངོ་རྒོལ་ལུས་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་གསུམ་པ་གིས་ ཤུལ་ལས་ངོ་ལོགཔ་ཚུ་ལུ་ ཉེས་པ་ཡངས་ཆག་མཛད་གནང་སྟེ་ མངམ་ར་རྒྱལ་ཁབ་ནང་ལོག་བཏང་ཡོདཔ་ཨིན། སྤྱི་ལོ་ ༡༩༥༨ ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ ལྷོ་འཚམས་པ་ནང་སྐྱོད་འབད་མི་ཚུ་ལུ་ མི་ཁུངས་ཀྱི་ཐོབ་དབང་གནང་ཡོདཔ་མ་ཚད་ འབྲུག་ལུ་སྡོད་ཆོག་པའི་གནང་བ་ཡང་གྲོལ་ཡོདཔ་ཨིན། དེ་གི་ཤུལ་ལས་དཔལ་ལྡན་འབྲུག་གཞུང་གིས་ འགོ་འདྲེན་ཐོག་ལས་ ལྷོ་འཚམས་པ་ཚུ་རྒྱལ་ཡོངས་གཙོ་གཞུང་གི་ གྲངས་སུ་བཙུགས་ནིའི་དོན་ལུ་ ལས་རིམ་སྣ་ཚོགས་བརྩམས་ སྤྱི་ལོ་ ༡༩༨༨ མི་རྩིས་རྐྱབ་པའི་སྐབས་སུ་ རྒྱལ་ཁབ་ནང་ཁྲིམས་འགལ་གྱི་སྒོ་ལས་ གསང་བའི་ཐོག་ལུ་འཛུལ་མི་ལེ་ཤ་ཅིག་ར་ཡོདཔ་སྦེ་ངོས་འཛིན་འབད་ཡོདཔ་ཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ ༡༠༢༠) ནང་བཀོད་དེ་འདུག།

དེ་བཟུམ་མའི་བྱ་བ་འཐོན་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་ཀྱི་རང་དབང་ལུ་ གནོདཔ་བཀལ་ནིའི་ཉེན་ཁ་སྦོམ་ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་ལས་ སྟོབས་ཆུང་བའི་ཁར་ ཡར་རྒྱས་གོང་འཕེལ་འགྱོ་མ་ཚར་བའི་ རྒྱལ་ཁབ་འབྲུག་ཡུལ་བཟུམ་ཅིག་ནང་ ག་དེ་དྲག་དྲག་སྲུང་སྐྱོབ་ཀྱི་ལས་སྣ་མ་འདྲཝ་ བརྩམས་ཏེ་གདོང་ལེན་འབད་ནིའི་གྲ་སྒྲིག་འབད་ནི་ལུ་ ལ་ཁག་བཏང་ཡོདཔ་ཨིན་མས། སྔོན་མའི་དུས་ལུ་འབྲུག་རྒྱལ་ཁབ་འདི་ གཅིག་མཐུན་དང་གཅིག་སྒྲིལ་ལུ་ བརྩོན་མི་རྒྱལ་ཁབ་ཅིག་ཨིནམ་ལས་ གནས་སྟངས་ཚུབ་དྲག་དེ་བཟུམ་ནང་ཡང་ གདོང་ལེན་འབད་ནི་ལུ་འཇམ་ཡོདཔ་མ་ཚད་ དེ་བཟུམ་གྱི་བྱ་བ་ངན་པ་ འབྱུང་མི་བཅུག་ནིའི་ཐབས་ལུ་ རྒྱལ་ཁབ་ནང་ལུ་འབྲུག་གཞུང་གིས་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ དང་རྫོང་ཁག་ཡར་རྒྱས་ཚོགས་འདུ་ཚུ་ གཞི་བཙུགས་མཛད་གནང་ཡོདཔ་ཨིན། དེ་མ་ཚད་སྤྱི་ལོ་ ༡༩༨༩ ལུ་ རྒྱལ་ཁབ་ནང་ལུ་ རྒྱལ་ཡོངས་ངོ་རྟགས་བདག་འཛིན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ལུ་ ལས་རིམ་ཚུ་ཡང་གཞི་བཙུགས་མཛད་གནང་སྟེ་ འབྲུག་པའི་མི་སེར་ཚུ་གིས་འབྲུག་རྒྱལ་ཁབ་གཅིག་དང་དེ་ནང་གི་མི་སེར་གཅིག་ཨིན་པའི་ གོ་བ་བརྡ་སྤྲོད་ཚུ་ཡང་མཛད་ཡོདཔ་ཨིན། (Royal Education Council, 2020).

དེའི་སྐབས་སུ་ལྷོ་མཚམས་པའི་མི་ངོ་ཚུ་གིས་ཡང་ རྒྱབ་སྐྱོར་ཧྲིལ་བུ་འབད་དེ་འབད་རུང་ ངོས་ལེན་འབད་མ་བཏུབ་མི་ཚུ་གིས་ དཔལ་ལྡན་འབྲུག་གཞུང་ལུ་ ངོ་ལོག་རྐྱབ་འོངམ་ལས་བརྟེན་ སྤྱི་ལོ་ ༡༩༩༠ ཟླཝ་ ༩ པའི་ནང་ ལྷོ་ཕྱོགས་ཁ་ཐུག་ལུ་ དམག་འཁྲུག་ཡང་ཐོན་ཡོདཔ་ཨིན། དྲག་ཐོག་དབང་བཙོང་གི་བྱ་བ་སོགས་འབད་ནི་འགོ་བཙུགས་ཏེ་ བཙན་ཁྲིད་འབད་ནི་ འཕྲོག་བཅོམ་འབད་ནི་དང་ སློབ་གྲྭ་ སྨན་ཁང་དང་གཞན་མི་འཛོམས་སའི་ས་གོ་ནང་ལས་ཕར་ཡང་ དམར་གསད་རྐྱབ་ནི་ལ་སོགས་པ་འབད་བ་ལས་བརྟེན་ རྒྱལ་སྒོ་བསྡམས་བཞག་དགོཔ་ཐོན་ནུག། སྒོ་མ་བསྡམས་པར་བཞག་ཡོད་མི་ཚུ་ གནོད་འཚུབ་རྐྱབ་ནི་དང་ མེདཔ་གཏང་ནི་ལ་སོགས་པའི་བྱ་བ་ངན་པ་ ལེ་ཤ་ར་འབད་ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་ལུ་ ཞི་བདེ་དང་བདེ་སྐྱིད་འབྱུང་ནི་ལུ་ཡང་བཀག་ཡོདཔ་ཨིན་རུང་ མི་དབང་མཆོག་གིས་ དུས་ཉིན་ཚན་རྟག་ཏུ་རྒྱལ་ཁབ་དང་མི་སེར་གྱི་དོན་ལུ་དང་ ལྷག་པར་དུ་ རྒྱལ་ཡོངས་གཅིག་མཐུན་དང་ གཅིག་སྒྲིལ་བཟོ་ཐབས་ལུ་དམིགས་ཏེ་ ཕྱག་ལཱ་མཛད་དེ་བཞུགས་ནུག། (ཀུན་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། ༢༠༠༩) ནང་ལུ་བཀོད་དེ་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་འདི་ ་མི་ལོ་ ༡༣༠༠ དེ་ཅིག་གི་རིང་ལུ་ རང་དབང་རང་བཙན་སྦེ་གནས་ཡོདཔ་ལས་ དུས་ནམ་ར་འབད་རུང་ འབྲུག་མི་གེ་ར་གིས་ དཀའ་ངལ་དང་གདོང་ལེན་འབད་དགོཔ་ག་དེ་ཅིག་འབྱུང་རུང་ རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལུ་འགན་ཁུར་འབག་ནི་དང་ སེམས་ཤུགས་བསྐྱེད་ནི་དེ་ ཁག་ཆེ་ཟེར་གསུངས་ཡོདཔ་ཨིན། འབྲུག་པའི་རྒྱལ་ཁབ་འདི་ རྒྱལ་བརྒྱུད་འཛིན་པའི་རྒྱལཔོ་ག་བྱོན་ཏེ་འབད་རུང་ ག་ཅི་དེ་ལེགས་ཤོམ་སྦེ་ བདག་འཛིན་འཐབ་གནང་ཡོད་མི་དེ་ ག་ཅི་དེ་གཅེས་གཅེས་ཕངས་ཕངས་ཀྱི་སྒོ་ལས་ བདག་འཛིན་འཐབ་ནི་དེ་འབྲུག་མི་རེ་རེ་ལུ་ འགན་ཁུར་སྤྲོད་གནང་ཡོདཔ་ཨིན། དེ་མ་ཚད་མི་དབང་མཆོག་གིས་ གསུངས་མི་ནང་ དུས་ནམ་ར་འབད་རུང་ གཞུང་དང་མི་སེར་གཉིས་ ལཱ་གཅིག་སྒྲིལ་གྱི་ཐོག་ལས་འབད་བ་ཅིན་ ངོ་ལོག་རྐྱབ་མི་ས་ཡ་ལྷགཔ་སྦེ་འོང་རུང་ གདོང་ལེན་འབད་ཚུགས་པའི་ནུས་པ་ཡོད་པའི་སྐོར་ལས་ཡང་གསུངས་་ཡོདཔ་ཨིན། (Sonam Kinga, 2009).

མཇུག་ར་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ དཀའ་ངལ་ཐོན་ཏེ་ར་འབད་རུང་ ཡུན་མ་རིངམ་ཅིག་ཁར་ མི་དབང་མཆོག་གིས་ རྒྱལ་ཁབ་གཅིག་ནང་མི་ངོ་གཅིག་ཟེར་བའི་དགོངས་དོན་ལས་བརྟེན་ རང་དབང་གི་ཁུར་ཆ་འབག་ནིའི་གོ་སྐབས་ཐོབ་ཡོདཔ་ཨིན། ལྷོ་མཚམས་ཁ་ཐུག་ལུ་ངོ་ལོགཔ་ཐོན་ཏེ་ སྟབས་མ་བདེཝ་ཐོན་ཡོད་རུང་ དུས་ཡུན་མ་རིང་པའི་གོང་ལས་ མི་སེར་གཅིག་མཐུན་གྱི་སྒོ་ལས་ དཀའ་ངལ་ཚུ་བསལ་ཚུགས་ཡོདཔ་ལས་ དུས་ནམ་ར་འབད་རུང་ རྒྱལ་ཁབ་གཅིག་གི་མི་སེར་འབདཝ་ལས་ མནོ་བསམ་གཅིག་ཁར་གཏང་ ལགཔ་གཅིག་ཁར་མཐུད་དེ་ ལཱ་མཐུན་འབྲེལ་གྱི་སྒོ་ལས་ འབད་དགོཔ་ཁག་ཆེཝ་ཨིན། རྒྱལ་ཁབ་གཅིག་ནང་གནས་ཏེ་ཡོདཔ་ལས་ ཕྱོགས་སོ་སོ་སྦེ་དབྱེ་བ་ཕྱེ་ནི་དང་ ཁ་སྐད་མ་འདྲཝ་ཡོད་པའི་ངོ་བོ་ལུ་ སོ་སོ་ཁ་འབྲལ་ནི་མེན་པར་ གཅིག་ཨིན་པའི་བསམ་པ་བསྐྱེད་དེ་ རྒྱལ་ཁབ་རང་དབང་ལུ་བརྩོན་དགོཔ་ག་ཅི་དེ་ཁག་ཆེཝ་ཨིན། སྤྱི་ལོ་ ༢༠༠༣ ལོའི་ནང་ལུ་ཡང་ རྒྱལ་ཁབ་ནང་ལུ་སྟབས་མ་བདེ་བའི་རྐྱེན་བྱུང་ཡོད་རུང་ འབྲུག་པའི་མི་སེར་ཚུ་ ག་དེ་དྲག་དྲག་མནོ་ཤེས་བསམ་ཤེས་ཀྱི་སྒོ་ལས་ ཞབས་ཏོག་དང་འགན་ཁུར་འབག་ནི་དང་ ཁས་བླངས་འབད་ནི་དེ་གིས་ ཧེ་མ་ག་ཨིནམ་སྦེ་ར་ དགའ་དགའ་སྤྲོ་སྤྲོ་གི་ངང་ལུ་ དམག་ལས་རྒྱལ་ཁ་ཐོབ་སྟེ་ རང་དབང་གི་ཐོག་ལུ་གནས་པའི་གོ་སྐབས་ཤར་ཡོདཔ་ཨིན། (Karma Phuntsho, 2013).

རྒྱལ་ཁབ་ཀྱི་རང་བཙན་སྲུང་སྐྱོབ།

[ཞུན་དག]

༉ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བྱམས་པ་དང་བརྩེ་བའི་ཐུགས་སྨོན་ལས་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དགའ་སྐྱིད་དང་ཞི་བདེའི་དཔལ་ལུ་ལོངས་སྤྱོད་དེ་ ཕུན་སུམ་ཚོགས་པའི་དུས་ལུ་ རྣམ་རྟོག་མེད་པའི་རི་ལས་ དཔྱད་རིག་མེད་པའི་ཆརཔ་བཟུམ་ བསམ་པ་ལོག་ལྟ་སྐྱེད་མི་ཚུ་གིས་ སྤྱི་ལོ་ ༡༩༨༩ ལུ་ དཔྱད་རིག་རྣམ་རྟོག་མེད་པར་ ངོ་ལོག་ནིའི་འཆར་གཞི་བརྩམས་ཏེ་ གྲ་སྒྲིག་འབད་མི་དེ་ཚུ་ལུ་ མི་དབང་མཆོག་གིས་ ཉེས་ཁྲིམས་དགོངས་ཡངས་གནང་རུང་ བཀྲིན་དགའ་ཚོར་བསམ་ནི་ཕར་བཞག་ ཐ་ན་ཆུའི་ནང་མཛུབ་མོ་བཙུགས་པའི་ ཤུལ་ར་མེདཔ་བཟུམ་སྦེ་ ངོ་ལོག་གི་ལཱ་འབད་ནི་འགོ་བཙུགས་ནུག། སྤྱི་ལོ་ ༡༩༩༠ ཟླ་ ༩ པའི་ཚེས་ ༡༩ ལས་ ངོ་ལོགཔ་ཚུ་གིས་ མི་སྡེ་ལུ་ མཁོ་ཆེ་བའི་གཞི་རྟེན་མཐུན་རྐྱེན་ སློབ་གྲྭ་ སྨན་ཁང་ ལམ་དང་ ཟམ་ཚུ་མེ་སྤར་ བཅག་དཀྲུམ་དང་ བརྡལ་ཤུབས་བཏང་ཡོདཔ་མ་ཚད་ ཉེས་པ་ག་ཅི་ཡང་མེད་པའི་ མི་སེར་མཉམ་ཆུང་ཚུ་ དམར་བསད་དང་འཕྲོག༌བཅོམ༌འབད་བའི་གུར་ ཕ༌མའི༌གདོང༌ཁར༌བུམོ་ཚུ༌ལུ༌ དབང༌བཙོང༌འདོད༌སྤྱོད༌ཚུ་འབད་ནུག། དེ་ལས་ ལྷ༌ཁང༌དང༌སྐུ༌གསུང༌ཐུགས༌རྟེན༌ མང༌རབས༌ཅིག༌མེདཔ་བཏང་ ལ་སོགས་པའི་བྱ་བ་ངན་པ་ལེ་ཤ་འབད་ནུག། (Royal Education Council, 2020)

སྤྱི༌ལོ༌ ༡༩༩༡ ལུ༌ རྒྱལ༌ཡོངས༌ཚོགས༌འདུ༌ཐེངས༌ ༧༠ པའི༌ནང༌ མི༌སེར༌འཐུས༌མི་ཚུ༌གིས༌ གཞུང་རྩ༌བ༌གསུམ༌ལུ༌ ངོ༌ལོག༌མི་ཚུ༌ ཉེས༌ཁྲིམས༌སྲོག་ཐོག་ལུ་བཀལ་ནི་དང༌ ཚེ༌བཙོན༌ནང་གཏང་ནི་ལུ་ ཡངས༌ཆ་མེད་པར་དྲག༌པོའི༌སྒོ༌ལས༌ གོ༌མཚོན༌ལག༌ལེན༌ འཐབ༌དགོཔ༌སྦེ༌ཞུ་ཡོདཔ་ཨིན་རུང་ མི་དབང་མཆོག་གིས་ ངོ༌ལོག༌པའི༌བྱེལཝ༌དེ༌ དྲག༌པོའི༌སྒོ༌ལས༌ མེན༌པར༌ ཞི༌བའི༌ཐོག༌ལས༌འཇོམ༌ཐབས༌ སྒྲིག༌མ༌ཚུགས༌པ༌ཅིན༌ རྒྱལཔོ༌གསེར༌ཁྲི༌གུ་ལས༌ དགོངས༌ཞུ༌མཛད༌ནི༌ཨིན༌པའི༌ ཁས༌བླངས༌ཡང་མཛད༌གནང༌ནུག། སྤྱི་ལོ་ ༡༩༩༢ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༧༡ པའི་ནང་རྒྱལ་ཡོངས་སྲུང་སྐྱོབ་ཀྱི་ བཅའ་ཁྲིམས་གསརཔ་ཆ་འཇོག་མཛད་དེ་ ཚེ་བཙོན་ཕོག་མི་ཚུ་ ཉེས་ཁྲིམས་དགོངས་ཡངས་གནང་པའི་ཤུལ་ལས་ ཁྲེལ་དང་ངོ་ཚ་མེད་པར་ རྟ་གསོ་བའི་དྲིན་ལན་རྡོག་ཐལ་དང་། བཟང་ལན་ངན་དང་ཆང་ལན་ཆུ་བྱིན་ཏེ་ དཔྱེ་ངན་སྟོན་མིའི་ ངོ་ལོགཔ་གི་དཀའ་ངལ་ཚུ་ཡང་བསལ་ཏེ་གནང་ཡོདཔ་ཨིན། (དཔལ་འབྲུག་ཞིབ་འཇུག་ལྟེ་བ་ ༢༠༡༠)

སྐལ་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། (༢༠༠༩) ལྟར་དུ་འབད་བ་ཅིན་ རྒྱ་གར་གཞུང་ལུ་ ངོ་རྒོལ་འབད་མི་ཨུལ་ཕཱ། བཱོ་དོ། ཀེ་ཨེལ་ཨོ། གཡིབ་དམག་སྡེ་ཚན་ ༣ གྱིས་ འབྲུག་པའི་ས་གནས་ཚུ་ནང་ གནང་བ་མེད་པར་ དབང་བཙོང་གི་ཐོག་ལུ་འཛུལ་ཏེ་ སྡོད་སྒར་བཅགས་སྡོད་རུང་ མི་དབང་མཆོག་གིས་ མ་འོངས་རྒྱལ་ཁབ་ཀྱི་ ཞི་བདེ་ལུ་དམིགས་ཏེ་ གཡིབ་དམག་ཚུ་ལུ་ བཟོད་པ་དང་སྙིང་རྗེ་ཚད་མེདཔ་བསྒོམས་ཏེ་ མིའི་ཚེ་སྲོག་ལུ་བར་ཆད་མི་རྐྱབ་ནི་དང་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་ ཡུན་བརྟན་བཞག་ནིའི་དོན་ལུ་བརྩོན་ཏེ་བཞུགས་ནུག། གཡིབ་དམག་དེ་ཚུ་ རྒྱལ་ཁབ་ནང་ལས་མེདཔ་བཟོ་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༧༦ པ་ལས་འགོ་བཟུང་ ༨༡ པ་ཚུན་ མི་ལོ་ ༦ གི་རིང་ གཡིབ་དམག་གི་འགོ་དཔོན་ཚུ་དང་གཅིག་ཁར་ གསུང་གྲོས་ག་དེམ་ཅིག་གནང་རུང་ གྲུབ་འབྲས་ལེགས་ཤོམ་བྱུང་མ་ཚུགས་པས།

ངོ་རྒོལ་སྡེ་ཚན་ ༣ གྱིས་ འབྲུག་པའི་རྒྱལ་ཁབ་ རང་དབང་རང་བཙན་ཨིན་པའི་མནོ་བསམ་མེད་པར་ ཨ་རྟག་ར་བྱ་སྤྱོད་ངན་པའི་དམག་གི་སྦྱང་བ་འབད་ནི་དང་ གཞན་བྱ་བ་ངན་པ་མཚམས་ཚོད་མེད་པར་ འཕྲོ་མཐུད་དེ་འབདཝ་ལས་ མི་དབང་མཆོག་གིས་ ཉེན་ཁ་ཅན་གྱི་ས་གནས་ནང་ལས་ཕར་ཞབས་ཀྱི་བཅར་གནང་། གཡིབ་དམག་འགོ་དཔོན་ཚུ་ལུ་ མི་དབང་མཆོག་གི་ཞལ་ལས་ འབྲུག་དང་ཨ་སམ་ནུབ་བེང་གཱོལ་གྱི་མི་སེར་ཚུ་ལུ་ ཧེ་མ་ལས་ད་རེས་ཚུན་ཚོད་ མི་རབས་བརྒྱུད་དེ་མཐུན་ལམ་ཅན་དང་ ཁྱིམ་ཚང་ཐག་ཉེ་ཤོས་ཨིན་ནི་དེ་གིས་ འབྲུག་པའི་དམག་མི་དང་གཡིབ་དམག་སྡེ་ཚན་ ༣ གྱི་བར་ན་ གཅིག་གིས་གཅིག་ལུ་ ངལ་མ་རངམ་ག་ནི་ཡང་མེདཔ་ལས་ དྲག་པོའི་ཐོག་ལས་དམག་རྐྱབ་ནི་མེན་པར་ ཞི་བའི་ཐོག་ལས་ འབྲུག་པའི་ས་ཁོངས་ནང་ལས་སྡོད་སྒར་ཚུ་ སྤོ་བཤུད་འབད་བ་ཅིན་ རྒུད་འཐུས་གནང་ནི་གི་ཞལ་གྱིས་་ཡང་བཞེས་ནུག། གཡིབ་དམག་ཚུ་ལུ་ཡང་ དགྲ་བྱང་ཕྱད་སྦེ་མེན་པར་ ཕམ་དང་བུ་གཞིའི་འདུ་ཤེས་དང་བརྩེ་གདུང་གནང་སྟེ་ ཐུགས་བསྐྱེད་བཟང་པོའི་བཀའ་རྒྱ་ ག་དེམ་ཅིག་གནང་རུང་ གཡིབ་དམག་ཚུ་གི་རྣ་བར་ རྡོ་གུར་ཆུ་བླུགས་བླུགསཔ་བཟུམ་སྦེ་ ཉན་ཁུག་ར་བཏབ་མ་བཏུབ་པས།

སྐལ་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། (༢༠༠༩) དང་ཁྲིལ་བ་ཅིན་ གཡིབ་དམག་འགོ་དཔོན་ཚུ་གི་ཧོངས་ལས་ འབྲུག་གཞུང་དང་རྒྱ་གར་གཞུང་གཉིས་ཀྱི་མཐུན་ལམ་དེ་ མི་ལོ་ ༥༠ ལྷག་ཙམ་དང་ ཨ་སམ་ ནུབ་བེང་གཱོལ་མངའ་སྡེ་གཉིས་དང་ འབྲུག་པའི་མི་སེར་གྱི་བར་ན་ལུ་ཡོད་པའི་མཐུན་ལམ་དེ་ མི་ལོ་སྟོང་ཕྲག་ལས་ལྷག་སྟེ་ཡོད་མི་དེ་གཉིས་ ག་དྲག་ག་གཟིགས་ཏེ་ཐུགས་ཐག་བཅད་གནང་མི་དེ་ལུ་ མ་འཐུསཔ་མེད་པའི་གཏམ་གྱི་མཐའ་ཚིག་ཞུ་སྟེ་ ཚར་གཅིག་འབྲུག་རྒྱལ་ཁབ་ནང་ལས་ ཕྱི་ཁར་ཐོན་ཏེ་འགྱོ་རུང་ ལོག་སྟེ་ར་འབྲུག་གི་ས་ཁོངས་ནང་ལུ་ རང་འཇགས་འཛུལ་ནི་ཨིན་པའི་ བཙན་ཚིག་ཡང་ཞུ་ཡོདཔ་ཨིན།

མི་དབང་མཆོག་གིས་རྒྱལ་ཁབ་རང་དབང་དང་ མི་སེར་གྱི་དགའ་སྐྱིད་ཀྱི་ཐོག་ལུ་དམིགས་ཏེ་ སྤྱི་ལོ་ ༢༠༠༣ ཟླ་ ༧ པའི་ཚེས་ ༡༤ ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཐེངས་ ༨༡ གི་ནང་ ཚོགས་ཁང་སྒོ་བསྡམས་ཏེ་ གསང་བའི་གསུང་གྲོས་གནང་ཞིནམ་ལས་ ཚོགས་འདུ་ཆེན་མོ་གིས་ དྲག་དམག་ལག་ལེན་འཐབ་དགོཔ་སྦེ་གྲོས་ཆོད་གནང་ ལྷན་རྒྱས་གཞུང་ཚོགས་ལས་ དྲག་དམག་འགོ་བཙུགས་ཆོགཔ་སྦེ་གྲོས་ཆོད་ཕུལ་ནུག། གཡིབ་དམག་ཚུ་དང་གཅིག་ཁར་ བྱ་ཐབས་མེད་པར་གདོང་ལེན་འབད་དགོཔ་ཐོནམ་ལས་ ཐུགས་ཕམ་སྦོམ་ཡོད་པའི་བཀའ་རྒྱ་ཚུ་ཡང་ འབྲུག་གཞུང་དང་མི་སེར་ཡོངས་ལུ་གནང་ནུག། རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་མི་སེར་གྱི་མཐའ་དོན་ལུ་ ཉིན་ནུབ་མེད་པར་ཕྱག་ལཱ་གནང་བའི་དུས་ཚོད་དེ་ཁར་ ཆོས་ཕྱོགས་དང་ ལྷག་པར་དུ་ མི་དབང་མཆོག་གི་ རྒྱལ་ཡུམ་གྱི་གཙོས་པའི་ ཚེ་སྔོན་ལས་ཀྱིས་བཀོད་པའི་ རྒྱལ་བཙུན་སྐུ་འཁོར་ལྷན་རྒྱས་དང་ དད་དམ་ཅན་གྱི་མི་སེར་ག་ར་ འབྲུག་མི་ཡོངས་ཀྱི་སྐྱབས་མགོན་ སྤྱི་གཙུག་སྦུག་གི་ཉི་ཟླ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་སྐུ་ཚེ་ལུ་ བར་རྐྱེན་མི་འབྱུང་ག་མནོ་བའི་ཚ་གྱང་ གནམ་མེད་ས་མེད་ཕོག་ནུག།

ཨིན་རུང་མི་དབང་མཆོག་ལུ་ ག་དེ་ཅིག་ཞུ་རུང་གསན་མ་བཏུབ་པར་ མི་དབང་བརྒྱུད་འཛིན་རྒྱལ་སྲས་ དྲགོས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ མི་སེར་གྱི་མཐའ་དོན་དང་ སྐྱིད་སྡུག་གཟིགས་མིའི་རྒྱལ་ཚབ་སྦེ་ ཐིམ་ཕུག་ལུ་བཞག་གནང་ནུག། སྤྱི་ལོ་ ༢༠༠༣ ཟླ་ ༡༢ པའི་ཚེས་ ༢ ལུ་ སྤུངས་ཐང་བདེ་ཆེན་ཕོ་བྲང་མ་ཆེན་ལྷ་ཁང་ གཏེར་སྟོན་པདྨ་གླིང་པ་ ཞབས་དྲུང་ངག་དབང་རྣམ་རྒྱལ་ སྲས་འཇམ་དཔལ་རྡོ་རྗེ་ ལ་སོགས་པ་ཚུ་གི་སྐུ་མདུན་ལས་ རྒྱལ་ཁབ་ལུ་གནོད་འཚུབས་ཡོད་མེད་ཀྱི་བརྟག་པ་ཞུཝ་ད་ གནོད་འཚུབས་མེད་པའི་ཐུགས་བརྟག་གནང་ཡོདཔ་ཨིན། ལྷག་པར་དུ་ མགོན་ཁང་ཆེན་པོའི་ནང་ལུ་ དཔལ་ཡེ་ཤེས་ཀྱི་མགོན་པོ་ ལས་མགོན་བྱ་རོག་གདོང་ཅན་ དཔལ་ལྡན་དུད་སོལ་ལྷ་མོ་ བཀའ་སྲུང་ཆོས་སྐྱོང་མའི་སྐུ་མདུན་ལས་ བཟང་ངན་གྱི་བརྟག་པའི་དོན་ལུ་ཤོ་ཞུ་རུང་ ཉེན་ཁ་མེདཔ་སྦེ་གནངམ་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༣ གྱི་དྲོ་པ་ སྤུ་ན་ཁ་འཛོམས་ཐང་ཁ་ལུ་ མ་ནི་དང་དུང་སྒྲུབ་གནང་སའི་ མཆོད་ཁང་ནང་དཀར་མེ་ཕུལ་ ཐུགས་སྨོན་གནང་སྟེ་ མི་དབང་རྒྱལ་པོའི་སྲས་དྲགོས་ འཇིགས་རྒྱལ་ ཨྱོན་དབང་ཕྱུག་དང་མི་དབང་མཆོག་ དགེ་ལེགས་ཕུ་ལུ་བྱོན་ནུག།

བཤད་སྲོལ་ལྟར་འབད་བ་ཅིན་ ཆོས་སྐྱོང་སྲུང་མ་གིས་སྡོང་གྲོགས་མཛད་པའི་ཁར་ མི་དབང་མཆོག་ཡང་ག་ནི་བ་ཤེས་རབ་ཅན་གྱི་ གང་ཟག་ཁྱད་དུ་འཕགས་པ་ཅིག་དང་ དམག་མི་ཚུ་ཡང་སྙིང་སྟོབས་ཅན་དང་ འབྲུག་པའི་མི་སེར་རྣམས་ ཁ་རྗེ་བཟངམ་ལས་བརྟེན་ གཡིབ་དམག་ཚུ་ལས་རྒྱལ་ཁ་ཐོབ་ དཔལ་ལྡན་འབྲུག་པ་རྒྱལ་ལོ་ཟེར་ ཕྱོགས་ལས་རྣམ་པར་རྒྱལ་བའི་འབྲུག་རིས་ཅན་གྱི་རྒྱལ་དར་ འགྱུར་བ་མེད་པར་ནམ་མཁའི་དབྱིངས་ལུ་འཕྱར་ཏེ་ སྨན་ལྗོངས་འབྲུག་གི་རྒྱལ་ཁབ་སྔར་ལས་ལྷག་པའི་ རང་བཙན་བདེ་སྲུང་གི་གཞི་འགྱམ་ སྒྲིང་སྒྲི་སྦེ་བཙུགས་ཏེ་གནང་བའི་ཉིནམ་ སྤྱི་ལོ་ ༢༠༠༣ ཟླ་ ༡༢ པའི་ཚེས་ ༡༥ དེ་ འབྲུག་མི་ཡོངས་ཀྱིས་མི་རབས་བརྒྱུད་དེ་ དུས་ནམ་ཡང་སེམས་ཁ་ལས་མ་བརྗེད་པར་ རང་གི་སྲོག་ལས་ལྷག་པའི་བཀྲིན་རྗེས་སུ་དྲན་དགོཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. སྐལ་བཟང་ཆོས་འཕེལ། རྣམ་རྒྱལ་ཕུན་ཚོགས། (༢༠༠༩) འབྲུག་གི་ནོར་བུ། རྡོར་གླིང་གྲོས་ཚོགས།
  2. ཀུན་གསལ་ལས་འཛིན། (༢༠༡༡) རྒྱལ་རབས་བཞི་པའི་མཛད་རྣམ། རྫོང་ཁའི་སྙན་ཚིག་བློ་ཟེ་ནང་། ཀུན་གསལ་ལས་འཛིན།
  3. དཔལ་འབྲུག་ཞིབ་འཇུག་ལྟེ་བ། (༢༠༢༠) འབྲུག་བརྒྱུད་འཛིན་གྱི་རྒྱལ་མཆོག་བཞི་པ་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་རྟོགས་བརྗོད་བཞུགས་སོ། ཐིམ་ཕུག། དཔལ་འབྲུག་ཞིབ་འཇུག་ལྟེ་བ།
  4. Phuntsho, k. (2013). History of Bhutan, Random House Publishers India Private Limited.
  5. Kinga, S. (2009). Polity of Kingship and Democracy, Ministry of Education, Royal Government of Bhutan.
  6. Phuntsho Rabten, (n.d), Mass Media: Its Consumption and Impact on Residents of Thimphu and Rural Areas. Thimphu, Center for Bhutan Studies.
  7. Wangchuk, L. (2017). Facts about Bhutan the Land of Thunder Dragon. KMT Publishers.
  8. Rabten, P. (n.d). Mass Media: Its Consumption and Impact on Residents of Thimphu and Rural Areas. Thimphu, Center for Bhutan Studies.
  9. Royal Education Council, (2020). History of Bhutan; course book for class X, Royal Government of Bhutan, Paro.