རྫོང་ཁག་ཚུའི་བཅུད་སྡུད།
དར་དཀར་ན་རྫོང་ཁག།
[ཞུན་དག]༉ དར་དཀར་ན་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་གི་མིང་ཡང་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ ངག་དབང་རྣམ་རྒྱལ་མཆོག་གིས་ སྤྱི་ལོ་ ༡༦༥༡ ལོ་ལུ་ དར་དཀར་བཀྲིས་གཡང་རྩེ་རྫོང་བཞེངས་ཞིནམ་ལས་ཚུར་ རྒྱལ་རབས་ཅན་གྱི་རྫོང་གི་རྟ་འདྲངས་ཏེ་ རྫོང་ཁག་གི་མིང་ལུ་ཡང་ དར་དཀར་ན་རྫོང་ཁག་ཟེར་བཏགས་ཏེ་ རྒྱལ་ཁབ་ནང་དར་ཁྱབ་དེ་སྦེ་བྱུང་ནུག། རྫོང་ཁག་འདི་ གི་ས་ཁྱོན་འདི་ཡང་ གྲུ་བཞི་ཀི་ལོ་མི་ཊར་ ༡༧༢༢.༨༣ ཡོདཔ་ཨིན། དར་དཀར་ན་རྫོང་ཁག་ནང་ དྲུང་ཁག་གཅིག་དང་རྒེད་འོག་བཅུ་གསུམ་ཡོདཔ་དང་ ཁྱིམ་གུང་པ་ ༥༣༤༣ ཡོདཔ་ཨིན། འདི་ནང་མི་རློབས་ཕྱེད་སྔ་ལོངཔ་དང་ ཕྱེད་ལྷོ་མཚམས་པ་གིས་གཞིས་ཆགས་ཏེ་ཡོདཔ་དང་ ད་རེས་རྫོང་ཁག་འདི་ནང་ མི་རློབས་བསྡོམས་གྱིས་ ༢༣,༧༦༣ ཡོདཔ་ཨིན།
དར་དཀར་ན་རྫོང་ཁག་འདི་ བརྒྱ་ཆ་ ༨༩ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ལས་ རི་ནགས་ཀྱི་འཚོ་བ་དང་ལྡན་པའི་རྫོང་ཁག་ཅིག་ཨིནམ་དང་ འཚོ་བའི་ཐོན་ཤུགས་ཆེ་བའི་རྫོང་ཁག་ཅིག་ཨིན། དེ་མ་ཚད་ དུས་འགྱུར་གྱི་ཡར་རྒྱས་གོང་འཕེལ་དང་བསྟུན་ ད་རེས་ རྫོང་ཁག་འདི་ནང་ སྨན་ཁང་གསུམ་དང་ གསོ་བའི་ལྟེ་བ་བདུན་ དེ་ལས་ སློབ་གྲྭ་ ༢༥ དང་ ཨ་ལོ་གཅེས་སྐྱོང་ལྟེ་བ་གསུམ་ཡོདཔ་ཨིན། དེ་ལས་ མཐུན་རྐྱེན་ གཞན་ཡང་ གློག་མེ་སྣུམ་འཁོར་འགྲུལ་ལམ་ཡོངས་འབྲེལ་དང་དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ཡོདཔ་ཨིན། གཞན་ཡང་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ བཟོ་གྲྭ་དང་ཚོང་འབྲེལ་གྱི་ལས་སྡེ་བསྡོམས་ ༦༤༨ དེ་ཅིག་ཡོདཔ་དང་ དར་དཀར་ན་རྫོང་ཁག་གི་མི་མང་ཤོས་ར་ སོ་ནམ་གྱི་ལཱ་ལུ་འཚོ་བ་སྐྱོང་དོ་ཡོདཔ་ལས་ སོ་ནམ་གྱི་ཐོན་ཤུགས་ཡང་ལེགས་ཤོམ་ཡོདཔ་ཨིན། འདི་གི་ཐོག་ཁར་ རྫོང་ཁག་འདི་ནང་ རྒྱལ་རབས་དང་ལྡན་པའི་རྫོང་གཞིས་དང་ལྷ་ཁང་ དེ་ལས་ རྩ་ཅན་གྱི་གནས་ཚུ་ལེ་ཤ་ར་ཡོདཔ་ཨིན།
རྫོང་ཁག་འདི་གི་འཆར་སྣང་འདི་ཡང་ ཡུན་བརྟན་གྱི་འཚོ་བ་དང་སྔར་ཁྱུན་བཟང་པོའི་ལམ་ལུགས་སྲོལ་ དེ་ལས་ རང་བཞིན་སྲུང་སྐྱོབས་དང་ དཔལ་འབྱོར་གོང་འཕེལ་ཚུ་དང་ལྡན་པའི་ རྫོང་ཁག་ཅིག་འབད་ནི་ཨིནམ་དང་། དམིགས་སྐྱེད་འདི་ཡང་ མི་དམངས་ལུ་ཞབས་ཏོག་ཚུ་ གང་ མགྱོགས་སྦེ་ ཕན་ནུས་དང་ཁྱད་རིག་དང་ལྡན་པའི་སྒོ་ལས་བྱིན་ནི་དང་ མི་སྡེ་དཔལ་འབྱོར་ཡུན་བརྟན་དང་གོང་འཕེལ་གྱི་དོན་ལུ་ ཁྱད་རིག་ལྡན་ པའི་ མི་སྡེ་གནས་སྟངས་བཟོ་ནི་ དེ་ལས་ རང་བཞིན་གྱི་ཐོན་དངོས་ཚུ་ ཡུན་བརྟན་དང་འགན་ཁུར་ཅན་སྦེ་ལག་ལེན་འཐབ་ནི་འདི་ཨིན།
ད་རེས་ རྫོང་ཁག་འདི་ནང་ རྫོང་བདག་གིས་གཙོས་པའི་ རྫོང་རབ་དང་དྲུང་པ་ དེ་ལས་ ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ འཆར་སྣང་དང་ དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སེར་གྱི་ཞབས་ཏོག་ཚུ་ ཕྱག་ཕྱིད་གང་དྲག་ ཞུ་བཞིན་ཡོདཔ་ཨིན།
ལྷུན་རྩེ་རྫོང་ཁག།
[ཞུན་དག]༉ ལྷུན་རྩེ་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ཤར་ཕྱོགས་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ཡང་ ཤར་ཁ་ཐུག་ལས་བཀྲིས་གཡང་རྩེ་དང་ ནུབ་ཁ་ཐུག་ལས་བུམ་ཐང་ དེ་ལས་ ལྷོ་ཁ་ཐུག་ལས་མོང་སྒར་དང་ བྱང་ཁ་ཐུག་ལས་རྒྱ་ནག་གི་སྦུག་ལུ་ཆགས་ཏེ་ཡོདཔ་ཨིན། རྫོང་ཁག་འདི་ གི་ས་ཁྱོན་འདི་ཡང་ གྲུ་བཞི་ཀི་ལོ་མི་ཊར་ ༡༨༥༣.༥༥ཡོདཔ་ཨིན། ལྷུན་རྩེ་རྫོང་ཁག་ནང་ གང་ཟུར་ རྒྱ་རས་ མཁོ་མ་ སྐུར་སྟོད་ སྨད་མཚོ་ སྨན་སྦིས་ སྨིན་སྦྱིས་ བཙན་མཁར་བཅས་ རྒེད་འོག་བརྒྱད་ཡོདཔ་དང་ འདི་ནང་ཁྱིམ་གུང་པ་ ༥༣༤༣ ཡོད། ལྷུན་རྩེ་རྫོང་ཁག་གི་མི་མང་ཤོས་ཀྱིས་ སྐུར་སྟོད་པའི་ཁ་སྐད་སླབ་དོ་ཡོདཔ་དང་ ཡོངས་གྲགས་ལུ་རྫོང་ཁག་གཞན་གྱི་མི་ཚུ་གིས་ ལྷུན་རྩེ་གི་མི་ཚུ་ལུ་སྐུར་སྟོདཔ་ཟེར་སླབ་ཨིན། ལྷུན་རྩེ་རྫོང་ཁག་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་བརྒྱུད་འཛིན་གྱི་རྒྱལ་པོ་ཚུ་བརྒྱུད་སའི་རྫོང་ཁག་ཨིནམ་ལས་ རྫོང་ཁག་འདི་རྒྱལ་རབས་ཅན་གྱི་ས་གནས་ཅིག་ཨིན། དེ་ཡང་ སྤྱི་ལོ་ ༡༨༢༥ ལུ་ མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་ ལྷུན་རྩེ་དུང་དཀར་ཆོས་རྗེ་གི་ གདུང་རྒྱུད་ལུ་སྐུ་འཁྲུངས་ཏེ་ འབྲུག་པའི་རྒྱལ་བརྒྱུད་རིམ་པར་བྱོན་ཏེ་ཡོདཔ་ཨིན། ད་རེས་ རྫོང་ཁག་འདི་ནང་ མི་རློབས་བསྡོམས་གྱིས་ ༡༤,༤༣༧ ཡོདཔ་ཨིན།
ལྷུན་རྩེ་རྫོང་ཁག་འདི་ བརྒྱ་ཆ་ ༧༤ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་དང་ འདི་ནང་ དུས་རབས་བརྒྱད་པའི་ནང་བྱོན་མི་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ བྱིན་གྱིས་རླབས་གནང་བའི་ས་གནས་བྱིན་ཅན་ཚུ་ཡོད། བྱིན་ཅན་གྱི་ས་གནས་ཚུ་ཡང་ ལྷུན་རྩེ་སེངྒེ་རྫོང་ རིན་ཆེན་བུམ་པ་ བྱང་ཆུབ་ལྷ་ཁང་དང་ འདས་པའི་ལོ་ ༢༠༡༣ ལུ་བཞེངས་ཡོད་པའི་ སྟག་སྐད་ལ་གུ་རུ་ལྷ་ཁང་ཚུ་ཨིན། ད་རེས་ བྱིན་ཅན་གྱི་ས་གནས་འདི་ཚུ་ མཇལ་བར་ རྒྱལ་ཁབ་ཕྱི་ནང་གི་མི་ལེ་ཤ་འོང་དོ་ཡོདཔ་ལས་ འདི་གིས་གནས་སྐོརཔ་ཚུ་ལུ་ ཚོགས་བསགས་སྒྲིབ་འབྱང་ལུ་ཕན་ཐོགས་ དོ་ཡོདཔ་དང་ རྒྱལ་ཁབ་ལུ་བལྟ་བཤལ་ལས་བརྟེན་པའི་ འོང་འབབ་བཟོ་ནི་ལུ་ཕན་ཐོགས་དོ་ཡོདཔ་ཨིན། འདི་མ་ཚད་ ལྷུན་རྩེ་རྫོང་ཁག་འདི་ རྒྱལ་ཁབ་ནང་ཡོངས་གྲགས་ཡོད་པའི་ སྐུད་ཤུད་ཐགས་ར་འབྱུང་ས་ཡང་ཨིན། འདི་ལུ་བརྟེན་ རྫོང་ཁག་འདི་ནང་གི་མི་ཚུ་དང་ ཐད་ཀར་དུ་ ལྷུན་རྩེ་མཁོ་མ་གི་མི་ཚུ་ སྐུད་ཤུད་ཐགས་ར་དང་འབྲེལ་བའི་ཐགས་འཐག་ནི་ལུ་གཙོ་བོ་བཏོན་ཏེ་ འཚོ་བ་སྐྱོང་དོ་ཡོདཔ་ཨིན། འདི་མ་ཚད་ འདི་བཟུམ་མའི་ཐགས་འཐག་ནི་འདི རང་ལུགས་ཀྱི་སྲོལ་ཡང་ཨིནམ་ལས་ སྔར་སྲོལ་སྲུང་སྐྱོབས་ལུ་ཡང་ཕན་ཐོགས་དོ་ཡོདཔ་ཨིན།
འདི་བཟུམ་སྦེ་ རྒྱལ་ཁབ་ཡར་རྒྱས་དང་བསྟུན་ ད་རེས་ རྫོང་ཁག་འདི་ནང་ སྨན་ཁང་གཅིག་དང་གསོ་བའི་ལྟེ་བ་ དེ་ལས་ སློབ་གྲྭ་ ༡༧ ཡོདཔ་དང་ དེ་ལས་ མཐུན་རྐྱེན་གཞན་ཡང་ གློག་མེ་ སྣུམ་འཁོར་འགྲུལ་ལམ་ ཡོངས་འབྲེལ་དང་དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ཡོདཔ་ཨིན། གཞན་ཡང་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་ འཚོ་བ་སྐྱོང་ཐབས་ལུ་ སོ་ནམ་དང་འབྲེལ་བའི་ལཱ་ཚུ་འབད་དོ་ཡོདཔ་ལས་ སོ་ནམ་གྱི་ཐོན་ཤུགས་ལེགས་ཤོམ་ཡོདཔ་ཨིན།
རྫོང་ཁག་འདི་གི་འཆར་སྣང་འདི་ཡང་ རྫོང་ཁག་འདི་གཞུང་སྐྱོང་ལེགས་ལྡན་གྱི་ལམ་བཟང་དང་ལྡན་ཏེ་ རང་ལུགས་ལམ་སྲོལ་མ་ཉམས་པ་དང་ མི་སྡེ་མཐུན་སྒྲིག་ཆེ་བ་ དེ་ལས་ རང་དགོ་རང་ལངས་ཀྱི་དཔལ་འབྱོར་དང་ མཐའ་འཁོར་གནས་སྟངས་སྒྲིང་སྒྲིང་དང་ལྡན་པའི་རྫོང་ཁག་ཅིག་སྦེ་ གནས་ནི་འདི་ཨིནམ་དང་། དམིགས་སྐྱེད་འདི་ཡང་ རྫོང་ཁག་འདི་ རང་མགོ་རང་འདྲོང་སྦེ་གནས་ཐབས་ལུ་ ལེགས་བཟང་གི་ཞབས་ཏོག་ཚུ་ ཐོགས་པ་མེད་པར་མཁོ་སྤྲོད་འབད་དེ་གོང་འཕེལ་གཏང་ཐབས་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ཕྱག་ཕྱིད་ཞུ་ནི་གི་ བརྩོན་ཤུགས་བསྐྱེད་ནི་འདི་ཨིན།ད་རེས་རྫོང་ཁག་འདི་ནང་ རྫོང་བདག་གིས་གཙོས་པའི་ རྫོང་རབ་དང་ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སེར་གྱི་ཞབས་ཏོག་ཚུ་ ཕྱག་ཕྱིད་གང་དྲག་ཞུ་བཞིན་ཡོདཔ་ཨིན།
མོང་སྒར་རྫོང་ཁག།
[ཞུན་དག]༉ མོང་སྒར་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ཤར་ཕྱོགས་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ཡང་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལས་ཤར་ཁ་ཐུག་ ཀི་ལོ་མི་ཊར་ ༤༥༠ དང་ རྒྱ་མཚོ་ལས་མི་ཊར་ ༤༠༠༠ གི་ས་ཁར་ ས་ཁྱོན་གྲུ་བཞི་ཀི་ལོ་མི་ཊར་ ༡༩༤༠.༢༦སྦེ་ཆགས་ཏེ་ཡོདཔ་ཨིན། རྫོང་ཁག་འདི་གི་མིང་ལུ་ ཧེ་མ་གཞོང་དཀར་ཟེར་སླབ་དོ་ཡོདཔ་དང་དེ་ཡང་བཤད་རྒྱུན་ལས་ ད་ལྟོ་ཡོད་པའི་མོང་སྒར་གྱི་ས་གནས་འདི་ དཀར་པོ་གདུང་ཟེར་མི་རྒྱལ་པོ་གི་མངའ་འོག་ལུ་སྡོད་པའི་སྐབས་ རྒྱལ་པོ་འདི་གིས་ སྤ་རོ་ལས་ཨིན་མི་སྤྲུལ་པའི་བཟོ་བོ་བ་ལེ་ ས་གནས་འདི་ཁར་རྫོང་གཞིས་ཅིག་བཞེངས་པར་འབོ་སྟེ་ རྫོང་ཆགས་ནིའི་དོན་ལུ་ས་གནས་ལེགས་ཤོམ་ཅིག་འཚོལ་བཅུག་བའི་སྐབས་ རྫོང་ཁག་འདི་གི་ས་ གནས་སྐུ་རི་ཆུ་གི་ལྟག་ལུ་ རྡོ་དཀརཔོ་དབྱིབས་གཞོང་བཟུམ་ཅིག་ཡོདཔ་མཐོང་སྟེ་ ས་གནས་འདི་གི་མིང་ཡང་ གཞོང་དཀར་ཟེར་བཏགས་ ཡོདཔ་དང་ རྫོང་ཡང་འདི་ཁ་ར་བཞེངས་གནང་ནུག། འདི་ལས་ཚུར་ ས་གནས་ཀྱི་མིང་ལུ་གཞོང་དཀར་དང་ རྫོང་གཞིས་འདི་ལུ་གཞོང་དཀར་རྫོང་ ཟེར་སླབ་སྲོལ་དར་ཡོད་རུང་ ཤུལ་ལས་སྒྲ་ཉམས་ཏེ་གཞོང་སྒར་དང་ འདི་ལས་ཡང་ མོང་སྒར་ཟེར་སླབ་སྲོལ་དར་ཁྱབ་བྱུང་ནུག།
མོང་སྒར་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་སྦོམ་ཤོས་ཅིག་ཨིནམ་དང་ འདི་ནང་ལུ་ དྲུང་ཁག་གཅིག་དང་རྒེད་འོག་བཅུ་བདུན་ ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་རྒེད་འོག་མཐོ་ཤོས་ཡོད་པའི་རྫོང་ཁག་ཨིན། མོང་སྒར་རྫོང་ཁག་ནང་ ད་རེས་ མི་རློབས་བསྡོམས་གྱིས་ ༤༡,༨༥༢ ཡོདཔ་དང་མི་མང་ཤོས་ར་འཚོ་བ་སོ་ནམ་གྱི་ལཱ་ལུ་ གཙོ་བོ་བཏོན་ཏེ་སྡོད་དོ་ཡོདཔ་ཨིན། དེ་ལས་ རྫོང་ཁག་འདི་ གུ་རུ་རིན་པོ་ཆེ་དང་གཏེར་སྟོན་པདྨ་གླིང་པ་ཞབས་དྲུང་ཐུགསསྤྲུལ་དང་ཨ་ནེ་མཆོད་རྟེན་བཟང་མོ་ དེ་ལས་གཞན་ཡང་ པད་གླིང་གདུང་བརྒྱུད་ལ་སོགས་པའི་ སྐྱེས་བུ་དམ་པ་མང་རབས་ཅིག་བྱོན་པའི་ས་གནས་ཅིག་འབདཝ་ལས་ ཨ་བརྒྱ་གནས་དང་དགྲ་མེད་རྩེ་ཨྱོན་རྣམ་གྲོལ་ཆོས་གླིང་དགོན་པ་ དེ་ལས་ མོང་སྒར་ཝེང་མཁར་དང་གཡག་སྒང་ལྷ་ཁང་ལ་སོགས་པའི་ བྱིན་ཅན་གྱི་གནས་དང་རྫོང་གཞིས་ལྷ་ཁང་ཚུ་ཡོདཔ་ཨིན། འདི་ལས་ཡང་ འཛམ་གླིང་གི་གནས་ཚད་ནང་ཡོངས་གྲགས་ཡོད་པའི་ དགྲ་མེད་རྩེ་རྔ་འཆམ་འབྱུང་སའི་རྫོང་ཁག་འབདཝ་ལས་ རང་ལུགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་འདི་ལུ་ རྫོང་ཁག་མི་ཚུ་གིས་དཔའ་ཉམས་ཀྱི་ཐོག་ལས་ བརྩི་བཀུར་དང་དག་སྣང་བསྐྱེད་དེ་ མི་ཉམས་གོང་འཕེལ་ གཏང་དོ་ཡོདཔ་ཨིན།
འདི་བཟུམ་སྦེ་ རྒྱལ་ཁབ་ཡར་རྒྱས་དང་བསྟུན་ ད་རེས་ རྫོང་ཁག་འདི་ནང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གཅིག་དང་གཞན་གསོ་བའི་ལྟེ་བ་ཚུ་ དེ་ལས་ གློག་རིག་གི་ཡོན་ཏན་སྦྱང་སའི་ མཐོ་རིམ་སློབ་གྲྭ་གཅིག་དང་ ཕྱི་ནང་གི་ཡོན་ཏན་སྦྱང་སའི་སློབ་གྲྭ་ ༥༤ ཡོདཔ་ཨིན། འདི་མ་ཚད་ ནང་པའི་ཤེས་ཡོན་སྦྱང་སའི་ བཤད་གྲྭ་དང་གྲྭ་ཚང་ཚུ་དང་ མཐུན་རྐྱེན་གཞན་ཡང་ གློག་མེ་དང་སྣུམ་འཁོར་འགྲུལ་ལམ་ ཡོངས་འབྲེལ་དང་དངུལ་འབྲེལ་ཞབས་ཏོག་ དེ་ལས་ སོ་ནམ་གྱི་ཞབས་ཏོག་ཚུ་ཡོདཔ་ཨིན། གཞན་ཡང་ རྫོང་ཁག་འདི་གི་མི་སེར་མང་ཤོས་ འཚོ་བ་སོ་ནམ་ལུ་ བརྟེན་ཏེ་སྡོད་དོ་ཡོདཔ་ལས་ འབྲུ་སྣ་དགུའི་རིགས་དང་ཚོད་བསྲེ་གི་རིགས་ དེ་ལས་ ཤིང་འབྲས་ཀྱི་རིགས་ག་ར་ལེགས་ཤོམ་སྦེ་འཚོ་དོ་ཡོདཔ་ ལས་ འདི་ཚུ་ལས་བརྟེན་པའི་འོང་འབབ་འབོར་ཆེ་ཏོག་ཏོ་བཟོ་ཚུགས་དོ་ཡོདཔ་ཨིན། འདི་གི་ཐོག་ཁར་ རྫོང་ཁག་འདི་ནང་འབབ་ཆུ་ལེགས་ཤོམ་ ཡོད་ནི་འདི་གིས་ མོང་སྒར་སྐུ་རི་ཆུ་ལུ་ མེ་ག་ཝཊ་ ༦༠ འབད་མི་གློག་མེ་ལས་འཛིན་ཅིག་ཡོདཔ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དོན་ལུ་ གློག་མེ་ལས་བརྟེན་པའི་འོང་འབབ་བཟོ་ཚུགས་དོ་ཡོདཔ་ཨིན།
རྫོང་ཁག་འདི་གི་འཆར་སྣང་འདི་ཡང་ སྔར་སྲོལ་དང་རང་བཞིན་གནས་སྟངས་མ་ཉམས་པར་ མི་སེར་གྱི་རྒྱུད་ལུ་ཤེས་ཡོན་ལྡན་པའི་ཁར་ དཔལ་ འབྱོར་ཐོག་ལས་ དགའ་བ་སྐྱིད་པའི་ངང་ལུ་གནས་ནི་འདི་ཨིནམ་དང་། དམིགས་སྐྱེད་འདི་ཡང་ རྫོང་ཁག་གི་མི་སེར་ཚུའི་མཐའ་དོན་ལུ་ དཔལ་འབྱོར་གྱི་ལས་སྣ་མ་འདྲཝ་ཚུ་ལུ་ ཕན་རླབས་ཆེ་བའི་གནས་སྟངས་བྱིན་ནི་འདི་ཨིན། ད་རེས་ རྫོང་ཁག་འདི་ནང་ རྫོང་བདག་གིས་གཙོས་པའི་རྫོང་རབ་དང་དྲུང་པ་ དེ་ལས་ ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སེར་གྱི་ཞབས་ཏོག་ཚུ་ ཕྱག་ཕྱིད་གང་དྲག་ཞུ་བཞིན་ཡོདཔ་ཨིན།
བསམ་རྩེ་རྫོང་ཁག།
[ཞུན་དག]༉ བསམ་རྩེ་རྫོང་ཁག་འདི་ ཤར་ལས་ཆུ་ཁ་རྫོང་ཁག་དང་བྱང་ལས་ཧཱ་རྫོང་ཁག་ ལྷོ་ནུབ་ལས་ཝེསཊ་བེག་གཱལ་དང་སི་ཀིམ་གྱི་སྦུག་ན་ རྒྱ་མཚོ་ལས་ མི་ཊར་ ༦༠༠ དང་ ༨༠༠ གི་ས་ཁར་ཆགས་ཡོད་པའི་ འབྲུག་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ འབྲུག་རྒྱལ་དང་པའི་སྐབས་ལུ་ གོང་གཟིམ་བསོད་ནམས་སྟོབས་རྒྱས་ཀྱིས་དབང་བའི་ཤར་ཕྱོགས་དང་ དེ་ཝཱན་དང་ཀར་ཛི་ཨྱོན་རྡོ་རྗེ་གིས་དབང་བའི་ནུབ་ཕྱོགས་སྦེ་ ཕྱོགས་གཉིས་ལུ་དབྱེ་སྟེ་སྡོད་ནུག། ཨིན་རུང་ཤུལ་ལས་ སྤྱི་ལོ་ཉིས་སྟོང་བདུན་བཅུ་བདུན་གྲངས་ལུ་ ཤར་ནུབ་སྦེ་དབྱེ་སྟེ་ཡོད་པའི་བསམ་རྩེ་གི་ས་གནས་འདི་ གཞུང་སྒེར་གྱི་ཕྱག་ལཱ་གནང་སའི་རྫོང་ཁག་ཅིག་སྦེ་གཞི་བཙུགས་འབད་ནུག། ད་རེས་ རྫོང་ཁག་འདི་ནང་ རྡོ་རོ་ཁག་དྲུང་དང་བཀྲིས་ཆོས་གླིང་དྲུང་ཁག་བཅས་དྲུང་ཁག་གཉིས་དང་ བདུན་ཆུ་ཁ་ རྡོ་ཕུག་ཅན་ གདུམ་གཏོད་ བསམ་རྩེ་ ནོར་རྒྱས་སྒང་ པདྨ་གླིང་ བསྟན་འབྲུག་ ནོར་རྒྱས་ཆོས་གླིང་ བཀྲིས་ཆོས་གླིང་ ཨྱོན་རྩེ་ འོད་གསལ་རྩེ་ གསང་སྔགས་ཆོས་གླིང་ རྟ་ལྡིང་ ཕུན་ཚོགས་དཔལ་རི་བཅས་ རྒེད་འོག་བཅོ་ལྔ་ཡོདཔ་ཨིན།
གོང་གི་ས་གནས་ཚུ་བསྡོམས་ཏེ་ རྫོང་ཁག་འདི་གི་ས་ཁྱོན་གྲུ་བཞི་ཀི་ལོ་མི་ཊར་ ༡༣༠༩.༡ ཡོདཔ་དང་ འདི་ནང་ ལྷོ་མཚམས་པ་དང་ཨ་དི་བ་ཤི་ དྲོ་ཡབ་མཅས་ མི་རིགས་མ་འདྲཝ་གསུམ་གྱིས་གཞིས་ཆགས་ཏེ་ཡོདཔ་ཨིན། བསམ་རྩེ་རྫོང་ཁག་ནང་ ད་རེས་མི་རློབས་༥༣༩༦ ཡོདཔ་དང་ མི་སེར་མང་ཤོས་འཚོ་བ་སོ་ནམ་གྱི་ལཱ་ལུ་ གཙོ་བོ་བཏོན་ཏེ་སྡོད་དོ་ཡོདཔ་ཨིན། རྫོང་ཁག་འདི་ ཚ་དྲོད་དང་ལྡན་པའི་ས་གནས་ ཅིག་འབདཝ་ལས་ ཚལ་ལུ་དང་ཨེ་ལཱན་ཅི་ དེ་ལས་ རྡོག་མ་དང་མོ་དུ་ཕ་ལ་ལ་སོགས་པའི་ ཤིང་འབྲས་ཚུ་གི་ཐོན་ཤུགས་སྦོམ་ཡོདཔ་ལས་ ནང་འཁོད་ལས་ཐོན་པའི་ཤིང་འབྲས་འདི་ཚུ་ རྒྱ་གར་དང་བང་ལ་དེཤ་གི་རྒྱལ་ཁབ་ཚུ་ནང་ཕྱིར་བཙོང་འབད་དེ་ དངུལ་འབྲེལ་གྱི་འོང་འབབ་རྒྱ་ཆེཝ་སྦེ་བཟོ་དོ་ཡོདཔ་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ཡང་ ལྷན་ཐབས་སྦོམ་འབད་དོ་ཡོདཔ་ཨིན། གཞན་ཡང་ རྫོང་ཁག་གི་ས་གནས་ཚུ་ནང་ སྡོད་མི་ཚུ་གིས་ སྒོ་ནོར་གསོ་སྐྱོང་གི་ལཱ་ཚུ་ཡང་འབད་དོ་ཡོདཔ་ལས་ སྒོ་ནོར་ལས་ཐོན་པའི་ཐོན་ཁུངས་མར་དང་དར་ཚུལ་ཚུ་ རྫོང་ཁག་གཞན་ཚུ་ ནང་ཚོང་འབྲེལ་འབད་དོ་ཡོདཔ་ཨིན།
རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་བསྟུན་ ད་རེས་ རྫོང་ཁག་འདི་ནང་ གསོ་བའི་ཞབས་ཏོག་གནང་སའི་ སྨན་ཁང་གཅིག་དང་གསོ་བའི་ལྟེ་བ་ཚུ་ དེ་ལས་ སློབ་དཔོན་སྦྱོང་བརྡར་འབད་སའི་མཐོ་རིམ་སློབ་གྲྭ་གཅིག་དང་ སློབ་གྲྭ་ ༣༤ དེ་ཅིག་ཡོདཔ་ཨིན། དེ་ལས་ བསམ་རྩེ་རྫོང་ཁག་འདི་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ ༢༤ དང་ གཞི་རྟེན་ཤེས་ཡོན་བྱིན་སའི་ས་ཁོངས་ ༦༠ ལྷག་རྩམ་ཅིག་ཡོདཔ་ཨིན། མཐུན་རྐྱེན་གཞན་ཡང་ གློག་མེ་དང་སྣུམ་འཁོར་འགྲུལ་ལམ་ ཡོངས་འབྲེལ་དང་དངུལ་འབྲེལ་གྱི་ཞབས་ཏོག་ དེ་ལས་ གཞན་མི་སེར་གྱི་ཞབས་ཏོག་ཚུ་ རྫོང་ཁག་གཞན་བཟུམ་ སྦེ་རང་འཐོབ་དོ་ཡོདཔ་ཨིན།
རྫོང་ཁག་འདི་གི་འཆར་སྣང་འདི་ཡང་ ཉེན་སྲུང་དང་ལྡན་པའི་མཐའ་འཁོར་གནས་སྟངས་དང་ ལམ་སྲོལ་གཅིག་མཚུངས་ཀྱི་སྒོ་ལས་ ཕུན་སུམ་ཚོགས་པའི་མི་སྡེ་ཅིག་སྦེ་གནས་ནི་འདི་ཨིནམ་དང་། དམིགས་སྐྱེད་འདི་ཡང་ མི་དམངས་ཞབས་ཏོག་དང་གཞི་རྟེན་མཐུན་རྐྱེན་ཚུ་ འདྲ་མཉམ་དང་ཡུན་བརྟན་སྦེ་ཕུལ་ཐོག་ མི་སེར་ཚུའི་དཔལ་འབྱོར་མཐའ་འཁོར་གནས་སྟངས་དང་ ལམ་སྲོལ་གྱི་ཞི་བདེ་ངེས་བརྟེན་བཟོ་ནི་འདི་ ཨིན། ད་རེས་ རྫོང་ཁག་འདི་ནང་ རྫོང་བདག་གིས་གཙོས་པའི་རྫོང་རབ་དང་དྲུང་པ་གཉིས་ དེ་ལས་ ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སེར་གྱི་ཞབས་ཏོག་ཚུ་ ཕྱག་ཕྱིད་གང་དྲག་ཞུ་བཞིན་ཡོདཔ་ཨིན།
གསར་སྤང་རྫོང་ཁག།
[ཞུན་དག]༉ གསར་སྤང་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ ཁྱིམ་ཚང་རྒྱ་རྒར་རྒྱལ་ཁབ་ཀྱི་ས་གནས་ ཨ་སམ་གྱི་ས་མཚམས་ལུ་ཡོདཔ་དང་ ཧེ་མ་ལྷོ་མཚམས་སྤྱི་ཁྱབ་ཀྱི་འོག་ལུ་གནས་ཡོད་མི་ ཤོམ་སྤང་ཁ་ཟེར་མི་མངའ་སྡེ་འདི་ སྤྱི་ལོ་ ༡༩༧༣ ལུ་ རྫོང་བདག་གིས་དབང་བའི་གསར་སྤང་རྫོང་ཁག་སྦེ་གཞི་བཙུགས་འབད་ནུག། དེ་ལས་ རྫོང་ཁག་འདི་གི་ས་ཁྱོན་ གྲུ་བཞི་ཀི་ལོ་མི་ཏར་ ༡༩༤༦ཡོདཔ་དང་ འདི་ནང་ཁྲོམ་སྡེ་གཅིག་དང་དྲུང་ཁག་གཅིག་དེ་ལས་ རྒེད་འོག་བཅུ་གཉིས་ཡོདཔ་ཨིན། གསར་སྤང་རྫོང་ཁག་ནང་ མི་རློབས་ ༤༦,༠༠༤ ཡོད་ས་ལས་ མང་ཤོས་ལྷོ་མཚམས་པ་ཚུ་ཨིནམ་དང་ དེ་བཟུམ་སྦེ་ཁ་སྐད་ཡང་མང་ཤོས་ཀྱིས་ལྷོ་མཚམས་ཀྱི་ཁ་སྐད་ནེ་པ་ལི་འདི་སླབ་དོ་ཡོདཔ་ཨིན། འདི་མ་ཚད་ འབྲུག་རྒྱལ་ཁབ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ འགྲོ་འགྲུལ་འབད་སའི་འཛུལ་སྒོ་གསུམ་ཡོད་ས་ལས་ གཅིག་གསར་སྤང་རྫོང་ཁག་ནང་ཡོདཔ་ལས་ འབྲུག་དང་རྒྱ་གར་གཉིས་གཅིག་གིས་གཅིག་ལུ་ ཚོང་འབྲེལ་དང་དཔལ་འབྱོར་གྱི་ལཱ་ཚུ་འབད་སའི་ རྒྱུན་ལམ་གྱི་ས་གནས་གལ་ཅན་ཅིག་ཨིན།
གསར་སྤང་རྫོང་ཁག་གི་ས་ཁྱོན་མང་ཤོས་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ལས་ རི་ནགས་ཀྱི་འཚོ་བ་དང་ལྡནམ་སྦེ་ཡོདཔ་ཨིན། རྫོང་ཁག་འདི་ གི་ནུབ་ཕྱོགས་ཀྱི་ས་གནས་ཚུ་ ཕིབ་སོ་རི་དྭགས་སྲུང་སྐྱོབ་ས་ཁྱོན་གྱི་ཆ་ཤས་ཨིནམ་དང་ བྱང་ཕྱོགས་ཀྱི་ས་གནས་ཚུ་ འཇིགས་མེད་སེང་གེ་ དབང་ཕྱུག་རྒྱལ་ཡོངས་གླིང་གའི་ས་ཁྱོན་གྱི་ཆ་ཤས་ཨིན། འདི་བཟུམ་སྦེ་ རྫོང་ཁག་འདི་གི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་གནས་ཚུ་ མ་ནཱསི་རྒྱལ་ཡོངས་གླིང་གའི་ནང་འཁོད་ཨིནམ་ལས་ འདི་ནང་གཅན་གཟན་གྱི་རིགས་དང་གླངམོ་ཆེ་ དེ་ལས་ གཞན་རི་དྭགས་སྣ་ཚོགས་འཁྱམས་ཏེ་ ཡོདཔ་ཨིན།རྫོང་ཁག་འདི་ནང་རི་དྭགས་སྲུང་སྐྱོབ་དང་རྒྱལ་ཡོངས་གླིང་ག་འདི་ཚུ་ཡོདཔ་ལས་ བལྟ་བཤལ་གྱི་ས་གནས་མཆོག་གྱུར་ཅིག་ཡང་ཨིན། འདི་དང་འདྲཝ་སྦེ་ རི་ཁའི་ཚོད་བསྲེ་དང་ཤིང་འབྲས་ཚུ་ཡང་ལེ་ཤ་རང་འཚོ་དོ་ཡོདཔ་ལས་ གསར་སྤང་རྫོང་ཁག་འདི་ སྐྱེས་ལྡན་རིགས་སྣ་གིས་ཕྱུག་པའི་རྫོང་ཁག་ཅིག་ཨིན།
དུས་འགྱུར་གྱི་ཡར་རྒྱས་གོང་འཕེལ་དང་བསྟུན་ ད་རེས་ རྫོང་ཁག་འདི་ནང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གཅིག་དང་ གཞན་གསོ་བའི་ལྟེ་བ་ ཚུ་ དེ་ལས་ ཤེས་ཡོན་སྦྱང་སའི་སློབ་གྲྭ་ཚུ་ཡོདཔ་ཨིན། མཐུན་རྐྱེན་གཞན་ཡང་ གློག་མེ་དང་སྣུམ་འཁོར་འགྲུལ་ལམ་ དེ་ལས་ ཡོངས་འབྲེལ་དང་དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ཡོདཔ་ཨིན། རྫོང་ཁག་འདི་ཚ་དྲོད་དང་ལྡན་པའི་ས་གནས་ཅིག་འབདཝ་ལས་ ཤིང་འབྲས་རྡོག་མ་ གི་ཐོན་ཤུགས་སྦོམ་ཡོདཔ་ལས་ རྫོང་ཁག་འདི་གི་མི་མང་ཤོས་ཅིག་ འཚོ་བ་འདི་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་དང་ གཞན་ཡང་ གེ་ཟ་དང་བྱཱ་ ཚོད་བསྲེ་གི་རིགས་ཚུ་ རྣམ་རྒྱུན་བཟའ་འཐུང་གི་དོན་ལུ་འཚོ་བ་སྐྱོང་དོ་ཡོདཔ་ཨིན།
རྫོང་ཁག་འདི་གི་འཆར་སྣང་འདི་ཡང་ ལམ་སྲོལ་མ་ཉམས་པ་དང་མཐའ་འཁོར་སྔོ་ལྗང་དང་ལྡན་པ་ དེ་ལས་ ཡུན་བརྟན་གྱི་མི་སྡེ་དཔལ་འབྱོར་ དང་ལྡན་པའི་ མཁས་རིག་གི་ཚོང་འབྲེལ་ལྟེ་བ་ཅིག་སྦེ་གནས་ནི་ཨིནམ་དང་། དམིགས་སྐྱེད་འདི་ཡང་ རྫོང་ཁག་གི་མི་ཚུ་གི་ མི་ཚེ་འཚོ་སྐྱོང་ ཡུན་བརྟན་གི་དོན་ལུ་ དགོས་མཁོའི་ཞབས་ཏོག་ཚུ་གང་མགྱོགས་སྦེ་བྱིན་ནི་དང་ མཐའ་འཁོར་ཡུན་བརྟན་སྔོ་ལྗང་དང་ལྡན་པའི་སྒོ་ལས་ མི་སྡེ་ དཔལ་འབྱོར་གོང་འཕེལ་གཏང་ནི་ དེ་ལས་ མི་སྡེ་དགའ་སྐྱིད་ཀྱི་དོན་ལུ་ རང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ་དང་ཡར་རྒྱས་གཏང་ནི་དང་ རྫོང་ཁག་འདི་ ཚོང་འབྲེལ་གི་ལྟེ་བ་ཅིག་ལུ་བསྒྲུབ་ནི་དོན་ལུ་ སེམས་ཤུགས་བསྐྱེད་ནི་འདི་ཨིན། ད་རེས་རྫོང་ཁག་འདི་ནང་ རྫོང་བདག་གིས་གཙོས་པའི་རྫོང་རབ་དང་དྲུང་པ་ དེ་ལས་ ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སེར་གྱི་ཞབས་ཏོག་ཚུ་ ཕྱག་ཕྱིད་གང་དྲག་ཞུ་བཞིན་ཡོདཔ་ཨིན།
ཀྲོང་གསར་རྫོང་ཁག།
[ཞུན་དག]ཀྲོང་གསར་རྫོང་ཁག་འདི་ བྱང་ཤར་ལས་བུམ་ཐང་རྫོང་ཁག་དང་ལྷོ་ལས་གཞལམ་སྒང་རྫོང་ཁག་ ནུབ་ལས་དབང་འདུས་ཕོ་བྲང་རྫོང་ཁག་གི་སྦུག་ལུ་ རྒྱ་མཚོའི་ཚད་ལས་མི་ཊར་ ༨༠༠ ལས་ ༤༨༠༠ གི་ས་ཁར་ཆགས་ཡོད་པའི་ འབྲུག་གི་དབུས་ཕྱོགས་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ གི་ཆགས་རབས་ཡང་ སྔོན་ཡོངས་འཛིན་ངག་གི་དབང་ཕྱུག་མཆོག་ཉམས་སྣང་ལུ་ ཆོས་སྲུང་དཔལ་ལྡན་ལྷ་མོ་གིས་ འབྲུག་དབུས་ཕྱོགས་ལུ་འགྱོ་དགོཔ་སྦེ་མཇལ་ཡོདཔ་བཞིན་དུ་ ལུང་བསྟན་དང་འཁྲིལ་ དཔལ་ལྡན་ལྷ་མོའི་དཔུང་གྲོགས་ཀྱི་སྒོ་ལས་ སྤྱི་ལོ་ ༡༥༤༡ ལུ་ ཀྲོང་གསར་གཡུ་གླིང་ཟེར་ས་བྱོན་ཏེབཞུགསཔ་ད་ ཕྱི་རུ་སྒོམ་གྱི་ཉམས་སྣང་ལུ་ ད་ལྟོ་ཡོད་པའི་མགོན་ཁང་དེ་ཁར་ ནམ་མཁའ་སྟོང་པའི་ནང་ལས་ དཀར་མེ་འདྲ་བའི་མེའི་འོག་ཅིག་ཤར་ས་གཟིགས་ཏེ་ ཡོངས་འཛིན་མཆོག་གིས་ སྤྱི་ལོ་ ༡༥༤༣ ལུ་ དེ་ཁར་མཚམས་ཁང་ཅིག་རྐྱབ་སྟེ་ སྒོམ་གནང་བཞུགས་ནུག། ཤུལ་ལས་ སྒོམ་རྐྱབ་མི་གཞན་ཚུ་ཡང་དེ་ཁར་འོངས་ཏེ་ མཚམས་ཁང་ལེ་ཤ་ཆགས་ཡོདཔ་ལས་ ཕྱི་མི་ཚུ་གིས་བལྟཝ་ད་ གཡུས་བཟུམ་མཐོངམ་ལས་ ས་གནས་འདི་གི་མིང་ལུ་ ཀྲོང་གསར་ཟེར་ གཡུས་ཚན་གསརཔ་ཟེར་དར་ནུག།
དེ་ལས་ སྤྱི་ལོ་ ༡༦༤༧ ལུ་ དཔལ་ལྡན་འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ས་གནས་འདི་གཞུང་འབྲེལ་གྱི་ཕྱག་ལཱ་ གནང་སའི་ས་གནས་ཅིག་ལུ་བཟོ་གནང་སྟེ་ ཆོས་རྒྱལ་མི་་འགྱུར་བརྟན་པ་མཆོག་ ཀྲོང་གསར་དཔོན་སློབ་དང་པ་བཀལ་ཡོདཔ་དང་ ཞབས་དྲུང་རིན་པོ་ཆེ་གིས་བཀའ་གནངམ་བཞིན་དུ་ ཀྲོང་གསར་དཔོན་སློབ་ཀྱིས་འདི་ཁར་རྫོང་བཞེངས་གནང་སྟེ་ རྫོང་ཁག་ཅིག་སྦེ་ཆགས་ཡོདཔ་ ཨིན། རྫོང་འདི་གི་མཚན་ཡང་ འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་ཟེར་བཏགས་ཡོདཔ་དང་ མཚན་དེའི་དོན་དག་འདི་ཡང་ ས་གནས་དུང་དཀར་རྩེ་བཟུམ་ལུ་ཆགས་ཡོད་པའི་རྫོང་འདི་ འགྱུར་ནི་མེད་པའི་འབྲུག་རྒྱལ་ཁབ་ནང་ལུ་ ཆོས་ཀྱི་འཁོར་ལོ་རབ་ཏུ་བརྟན་ཏེ་ ཡུན་རིང་དུ་གནས་པའི་དོན་ཨིན་མས། ཀྲོང་གསར་རྫོང་ཁག་འདི་ རྩ་ཅན་ཅིག་ཨིནམ་དང་ དེ་ཡང་ ཧེ་མ་ཤར་ཕྱོགས་རྫོང་ཁག་ཚུ་གི་ལྟེ་བ་སྦེ་སྡོད་ཡོད་པའི་ཁར་ ཀྲོང་གསར་དཔོན་སློབ་ཀྱི་བཞུགས་གནས་ཡང་ཨིན་མས། ད་རེས་ཡང་ འབྲུག་བརྒྱུད་འཛིན་གྱི་རྒྱལ་སྲས་ཚུ་ ཀྲོང་གསར་དཔོན་སློབ་ཀྱི་ཁྲི་མངའ་སྲོལ་ཡང་ དེ་ཁར་འབདཝ་ཨིན།ད་ལྟོ་རྫོང་འདི་ ཀྲོང་གསར་རྫོང་ཁག་གི་ བདག་སྐྱོང་དང་རབ་སྡེའི་ཕྱག་ལཱ་གནང་སའི་ལྟེ་བ་ཨིནམ་དང་ རྫོང་ནང་ལུ་ ལྷ་ཁང་ ༢༦ ཡོདཔ་དང་ དགེ་སློབ་ཞལ་གྲངས་ ༤༥༠ ཡོདཔ་ཨིན།
ཀྲོང་གསར་རྫོང་ཁག་གི་སའི་ཆགས་ཚུལ་ གོ་དོག་དྲགས་སྦེ་ཡོདཔ་དང་ ས་གཞིས་དེ་ཡང་ རློན་ཞིང་དྲོད་དང་ལྡན་པའི་ཁར་ བསིལ་དྲོད་སྙོམས་ཏོག་ཏོ་སྦེ་ཡང་སྡོད་དོ་ཡོདཔ་ཨིན། དེ་ལས་རྫོང་ཁག་འདི་ནང་ དུས་རབས་ ༨ པའི་ནང་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་ བུམ་ཐང་ལས་ལོག་རྒྱ་གར་ལུ་བྱོནམ་ད་ སྒོམ་གནང་བཞུགས་ཡོདཔ་ལས་ ཞབས་རྗེ་དང་བྱིན་ཅན་གྱི་གནས་ ནུབ་སྦིས་ ཀུབ་བྲག་ ཨྱོན་བྲག་དང་ ཕུམ་ཟུར་ལྷ་ཁང་ཚུ་ནང་མཇལ་ནི་ཡོདཔ་ཨིན། དེ་འབདཝ་ལས་ ས་གནས་འདི་བྱིན་རླབས་ཅན་གྱི་ས་གནས་ཅིག་ཨིན། རྫོང་ཁག་འདི་ ས་ཁྱོན་གྲུ་བཞི་ཀོ་ལོ་མི་ཊར་ ༡༥༨༧ ཡོདཔ་དང་ འདི་ནང་ བྲག་སྟེང་ གོར་ཕུག་ ནུབ་སྦིས་ གླང་མཐིལ་ སྟང་སི་སྦིས་བཅས་ རྒེད་འོག་ལྔ་ཡོད།འདི་ནང་མི་རློབས་ ༡༩,༩༦༠ ཡོདཔ་དང་ ག་བ་ཡང་ཧེ་མ་སྡོད་ཡོད་པའི་ མོན་པ་ཚུ་གནས་ཏེ་ཡོདཔ་ཨིན།ཀྲོང་གསར་རྫོང་ཁག་གི་མི་སེར་ཚུ་ མང་ཆ་ཤོས་ཅིག་ སོ་ནམ་ཞིང་ལཱ་ལུ་བརྟེན་དོ་ཡོདཔ་ལས་ ཞིང་པ་ཚུ་གིས་ལོ་ཐོག་ཡང་སྣ་ཚོགས་སྦེ་ར་བཙུགས་དོ་ཡོད་པའི་ཁར་ གཡུས་ཚན་ལ་ལུ་ཅིག་ནང་ ཀེ་བ་ལུ་གཙོ་བོར་བཏོན་ཏེ་འོང་འབབ་བཟོ་དོ་ཡོདཔ་ཨིན། དེ་ལས་ ཀྲོང་གསར་གྱི་མི་ཚུ་ལས་མང་ཤོས་ཀྱིས མང་སྡེ་པའི་ཁ་སླབ་དོ་ཡོདཔ་དང་ ཆ་ཤས་ཀྱིས་བུམ་ཐང་པའི་ཁ་སྐད་དང་ ཆ་ཤས་ཀྱིས་ཁེངས་ཁ་ དེ་ལས་ རེམ་གཉིསམོ་གིས་ ཨོ་ལེ་ཁ་ སླབ་དོ་ཡོདཔ་ཨིན།
ཀྲོང་གསར་རྫོང་ཁག་གི་སའི་རྒྱ་ཁྱོན་ གྲུ་བཞི་ཀི་ལོ་མི་ཊར་ ༡༥༨༧ ཡོད་ས་ལས་ བརྒྱ་ཆ་ ༨༧.༡༥ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ལས་ སའི་རྒྱ་ཁྱོན་གྲུ་བཞི་ཀི་ལོ་མི་ཊར་ ༡༧༢༣ འབད་མི་ འཇིགས་མེད་སེངྒེ་དབང་ཕྱུག་གླིང་ག་ཡང་ ཀྲོང་གསར་རྫོང་ཁག་ནང་ཚུདཔ་ཨིན། གླིང་ག་དེ་ཁར་ འཛམ་གླིང་ནང་ལུ་དཀོན་དྲགས་དང་ཉམས་ནིའི་ཉེན་ཁ་ཡོད་མི་ སེམས་ཅན་དང་ཤིང་རིགས་ཚུ་ཡོདཔ་མ་ཚད་ འཛམ་གླིང་ནང་ལུ་དཀོན་དྲགས་ཆེ་བའི་ སྤྱ་དཀར་གསེར་གྱི་མདོག་ཅན་འདི་ཡང་ཡོདཔ་ཨིན། གླིང་ག་འདི་སྤྱི་ལོ་ ༢༠༠༠ ལུ་གཞི་བཙུགས་འབད་ཡོདཔ་དང་ འདི་ཡང་ མི་གིས་མ་རེག་པའི་སྐྱེ་ལྡན་གནས་སྟངས་རིམ་ལུགས་འདི་ རང་འཇགས་སྦེ་བཞག་ནི་དང་ སྲུང་སྐྱོབ་འབད་ནིའི་དོན་ལུ་ཨིན། གླིང་ག་འདི་ནང་ ཀོང་ཤིང་དང་ཤིང་ཤོམ་འདབ་སྦོམ་ཡོད་མིའི་རིགས་ཚུ་ཡོདཔ་ཨིན། འདི་བཟུམ་སྦེ་ རྫོང་ཁག་འདི་ནང་འབབ་ཆུ་ལེགས་ཤོམ་ཡོདཔ་ལས་ མེ་ག་ཝཊ་ ༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འཛིན་ཡང་ཡོད། འདི་གིས་ གློག་མེ་ལས་བརྟེན་པའི་ གཞུང་གི་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་སྦོམ་འབད་དོ་ཡོདཔ་ཨིན།
རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་བསྟུན་ ད་རེས་ རྫོང་ཁག་འདི་ནང་ གསོ་བའི་ཞབས་ཏོག་གནང་སའི་ སྨན་ཁང་གཅིག་དང་གསོ་བའི་ལྟེ་བ་ཚུ་ དེ་ལས་ རྒྱལ་ཁབ་ཀྱི་ལམ་སྲོལ་ལུ་གཙོ་བོ་བཏོན་པའི་ རིག་གཞུང་ལམ་སྲོལ་སྦྱང་སའི་མཐོ་རིམ་སློབ་གྲྭ་གཅིག་ཡོདཔ་དང་ སློབ་གྲྭ་ ༢༠ དེ་ཅིག་ཡོདཔ་ཨིན། མཐུན་རྐྱེན་གཞན་ཡང་ གློག་མེ་དང་སྣུམ་འཁོར་འགྲུལ་ལམ་ ཡོངས་འབྲེལ་དང་དངུལ་འབྲེལ་གྱི་ཞབས་ཏོག་ དེ་ལས་ གཞན་མི་སེར་གྱི་ཞབས་ཏོག་ཚུ་ རྫོང་ཁག་གཞན་བཟུམ་སྦེ་རང་འཐོབ་དོ་ཡོདཔ་ཨིན། རྫོང་ཁག་འདི་གི་འཆར་སྣང་འདི་ རང་བཞིན་དང་མཐུན་པའི་སྒོ་ལས་ མི་སྡེའི་དཔལ་འབྱོར་སྒྲིང་སྒྲིང་བཟོ་ནི་ཨིནམ་དང་།དམིགས་སྐྱེད་འདི་ཡང་འཇོན་དྲགས་དང་དོན་སྨིན་ཅན་གྱི་སྒོ་ལས་ ཞབས་ཏོག་སྤྲོད་ནི་འདི་ཨིན།ད་རེས་ རྫོང་ཁག་འདི་ནང་ རྫོང་བདག་གིས་གཙོས་པའི་རྫོང་རབ་དང་ དེ་ལས་ ལས་སྡེ་ཁག་གི་འགོ་དཔོན་ཚུ་ གིས་ འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སེར་གྱི་ཞབས་ཏོག་ཚུ་ ཕྱག་ཕྱིད་གང་དྲག་ཞུ་བཞིན་ཡོདཔ་ཨིན།
གཞལམ་སྒང་རྫོང་ཁག།
[ཞུན་དག]༉ གཞལམ་སྒང་རྫོང་ཁག་འདི་ ཤར་ལས་མོང་སྒར་དང་པདྨ་དགའ་ཚལ་རྫོང་ཁག་ ནུབ་ལས་གསར་སྤང་དང་ཀྲོང་གསར་རྫོང་ཁག་ བྱང་ལས་བུམ་ཐང་རྫོང་ཁག་དང་ ལྷོ་ལས་རྒྱ་གར་གྱི་མངའ་སྡེ་ཨ་སམ་ཚུ་གི་སྦུག་ནང་ཆགས་ཡོད་པའི་ འབྲུག་ལྷོ་མཚམས་ཀྱི་དབུས་ཕྱོགས་རྫོང་ཁག་ཅིག་ཨིན། ཡོངས་གྲགས་ལུ་གཞལམ་སྒང་རྫོང་ཁག་འདི་ ཁེངས་རིགས་རྣམ་གསུམ་ཟེར་སླབ་དོ་ཡོདཔ་དང་ འདི་ཡང་ ཁེངས་སྟོད་སྨད་བར་གསུམ་ལུ་ ཕྱོགས་དབྱེ་སྟེ་ཡོདཔ་ལས་བརྟེན་ཨིན་མས། གཞལམ་སྒང་རྫོང་ཁག་གི་ས་ཁྱོན་ གྲུ་བཞི་ཀི་ལོ་མི་ཊར་ ༢༤༢༡ ཡོདཔ་དང་ སའི་ཆགས་ཚུལ་ཡང་གོ་དོག་དྲགས་སྦེ་ རློན་ཞིང་དྲོད་དང་ལྡན་པའི་ཁར་ བྱང་ཕྱོགས་ཁ་ཐུག་ལུ་བསིལ་ཏོང་ཏོ་སྦེ་ཡོདཔ་ཨིན།རྫོང་ཁག་འདི་ སྔོན་དུས་རབས་ ༡༢ པའི་སྤྱི་ལོ་ ༡༡༦༣ ལུ་ བླ་མ་ཞང་རྡོ་རྗེ་ གྲགས་པ་མཆོག་བོད་ལས་བྱོན་ཏེ་ ད་ལྟོ་ཡོད་པའི་གཞལམ་སྒང་རྫོང་གི་ས་གནས་འདི་ཁར་ མཚམས་ཁང་གཅིག་བཞེངས་ཏེ་བཞུགས་ཡོདཔ་དང་ ཤུལ་ལས་རྒྱ་སྐྱེད་མཛད་དེ་རབ་སྡེ་ཅིག་ལུ་གྱུར་ཡོདཔ་ཨིན། འདི་མ་ཚད་ ཤུལ་ལས་འབྲུག་རྒྱལ་རིམ་བྱོན་གྱི་སྐབས་ལུ་ རྫོང་འདི་གཞུང་འབྲེལ་གྱི་ཕྱག་ལཱ་གནང་སའི་ལྟེ་བ་སྦེ་ཡང་བཟོ་ཡོདཔ་ལས་ རྫོང་ཁག་སྦེ་ཆགས་ཡོདཔ་ཨིན།
གཞལམ་སྒང་རྫོང་ཁག་ནང་ ད་རེས་ དྲུང་ཁག་གཅིག་དང་ ཀྲོང་ ངང་ལ་ ནང་སྐོར་ བར་རྡོ་ འཕངས་མཁར་ འབྱོག་དཀར་ ཤིང་མཁར་ སྒོ་ཤིང་བཅས་ རྒེད་འོག་བརྒྱད་ཡོདཔ་དང་ འདི་ནང་ཁྱིམ་གུང་པ་ ༣༨༠༣ དང་མི་རློབས་ ༡༧,༧༦༣ཡོདཔ་ཨིན། འདི་ནང་གི་མི་མང་ཤོས་ཀྱིས ཁེངས་ཁ་འདི་ལག་ལེན་འཐབ་དོ་ཡོདཔ་དང་ ཡོངས་གྲགས་ལུ་འདི་ནང་གི་མི་ཚུ་ལུ་ ཁེངས་པ་ཟེར་སླབ་དོ་ཡོདཔ་ཨིན། རྫོང་ཁག་འདི་གི་མི་སེར་ཚུ་ འཚོ་བ་སོ་ནམ་ལུ་གཙོ་བོ་བཏོན་དོ་ཡོདཔ་ལས་ གེ་ཟ་ལ་སོགས་པའི་འབྲུ་སྣ་དགུའི་རིགས་ག་ར་འཚོ་དོ་ཡོདཔ་དང་ ལྷོ་ཕྱོགས་ཁ་ཐུག་ཀྱི་ས་གནས་ཚུ་ནང་ དངུལ་ཐོག་གཙོ་བོ་ཚལ་ལུ་གི་ཐོན་ཤུགས་སྦོམ་ཡོདཔ་ལས་ དངུལ་གྱི་འོང་འབབ་སྦོམ་བཟོ་དོ་ཡོདཔ་ཨིན། དེ་ལས་ ནུབ་ཕྱོགས་ཁ་ཐུག་གི་ས་གནས་ཚུ་ནང་ སྒོ་ནོར་གྱི་ལཱ་ལུ་གཙོ་བོ་བཏོན་དོ་ཡོདཔ་ལས་ སྒོ་ནོར་གསོ་སྐྱོང་གི་ཐོན་ཁུངས་ལུ་བརྟེན་སྡོད་དོ་ཡོདཔ་ཨིན། འདི་བཟུམ་སྦེ་ རྫོང་ཁག་འདི་ནང་གི་མི་ཚུ་གིས་ ཚར་བཟོའི་ལཱ་རྒྱ་ཆེཝ་སྦེ་འབད་དོ་ཡོདཔ་ལས་ རང་ལུགས་ཀྱི་བང་ཅུང་ ཚར་ཞྭ་ པ་ལང་ ཙེའུ་ལ་སོགས་པའི་ཚར་བཟོའི་ཐོན་དངོས་ཚུ་ ཚོང་འབྲེལ་གྱི་དོན་ལུ་དང་ རང་ལུགས་སྲུང་སྐྱོབས་ཀྱི་དོན་ལུ་གཙོ་བོ་བཏོན་དོ་ཡོདཔ་ཨིན།
གཞལམ་སྒང་རྫོང་ཁག་ནང་ ད་ལྟོའི་བར་ན་ཡང་ བོན་གྱི་ཆོས་ལུགས་མ་ཉམས་པར་ཡོདཔ་ལས་ གཞན་རྫོང་ཁག་གཞན་ཚུ་ནང་མེད་པའི་ བོན་གྱི་ཆོས་ལུགས་ཐུན་མོང་མ་ཡིན་པ་ཡོད་པའི་ས་གནས་ཅིག་ཨིནམ་དང་ སྔར་སྲོལ་གྱི་གླུ་གཞས་དང་ཞབས་ཁྲ་ཚུ་མ་ཉམས་པར་ཡོད་པའི་ ལམ་སྲོལ་ བཟང་པོ་ཚུ་གིས་ཕྱུག་པའི་རྫོང་ཁག་ཨིན། འདི་དང་འདྲཝ་སྦེ་ རྫོང་ཁག་འདི་ནང་ གཏེར་སྟོན་པདྨ་གླིང་པ་གིས་བཞེངས་གནང་ཡོད་པའི་ བུ་ལི་དང་ཐར་པ་ཆོས་གླིང་ལྷ་ཁང་ལ་སོགས་པའི་ བྱིན་ཅན་གྱི་ས་གནས་དང་ལྷ་ཁང་ཚུ་མཇལ་ནི་ཡོདཔ་ཨིན། གཞན་ཡང་ གཞལམ་སྒང་རྫོང་ཁག་འདི་ ནགས་ཚལ་གྱི་ཁྱབ་ཚད་སྦོམ་ཡོདཔ་ལས་ མ་ནཱསི་དང་འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་ག་ དེ་ལས་ རི་དྭགས་སྲུང་སྐྱོབ་ཀྱི་ས་གོ་ཚུ་ཡོདཔ་ཨིན། ས་གནས་འདི་ཚུ་ནང་ འཛམ་གླིང་ནང་ལུ་དཀོན་དྲགས་དང་ཉམས་ནིའི་ཉེན་ཁ་ཡོད་མི་ སེམས་ཅན་གྱི་རིགས་ ༢༢ དེ་ཅིག་ཡོདཔ་དང་ འཛམ་གླིང་ནང་ལུ་དཀོན་དྲགས་ཆེ་བའི་ སྤྱ་དཀར་གསེར་གྱི་མདོག་ཅན་དང་བསེ་རུ་ཚུ་ཡང་ཡོདཔ་ཨིན།
རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་བསྟུན་ ད་རེས་ རྫོང་ཁག་འདི་ནང་ གསོ་བའི་ཞབས་ཏོག་གནང་སའི་ སྨན་ཁང་གཅིག་དང་གསོ་བའི་ལྟེ་བ་ཚུ་ དེ་ལས་ སློབ་གྲྭ་ ༡༤ ཡོདཔ་ཨིན། མཐུན་རྐྱེན་གཞན་ཡང་ གློག་མེ་དང་སྣུམ་འཁོར་འགྲུལ་ལམ་ ཡོངས་འབྲེལ་དང་དངུལ་འབྲེལ་གྱི་ཞབས་ཏོག་ དེ་ལས་ གཞན་མི་སེར་གྱི་ཞབས་ཏོག་ཚུ་ རྫོང་ཁག་གཞན་བཟུམ་སྦེ་རང་འཐོབ་དོ་ཡོདཔ་ཨིན། རྫོང་ཁག་འདི་གི་འཆར་སྣང་འདི་ སོ་ནམ་གྱི་ལཱ་དང་ཐོན་ཤུགས་ཡར་རྒྱས་ཀྱི་ཐོག་ལས་ ཁེངས་རིགས་རྣམ་གསུམ་གྱི་མི་ཚུ་གི་མི་སྡེ་དཔལ་འབྱོར་གོང་འཕེལ་དང་ སོ་ནམ་གྱི་ཐོན་སྐྱེད་རང་དགོ་རང་ལངས་བཟོ་ནི་འདི་ཨིནམ་དང་། དམིགས་སྐྱེད་འདི་ཡང་འཕྲུལ་རིག་དང་ཚོང་ལཱ་ དེ་ལས་ ཚོང་འབྲེལ་ཚུ་ འགོ་སྒྲིག་རྣམ་དག་གི་སྒོ་ལས་སོ་ནམ་གྱི་ཐོན་ཤུགས་ཡར་རྒྱས་གཏང་ནི་འདི་ཨིན།ད་རེས་ རྫོང་ཁག་འདི་ནང་ རྫོང་བདག་གིས་གཙོས་པའི་རྫོང་རབ་དང་དྲུང་པ་ དེ་ལས་ ལས་སྡེ་ཁག་གི་འགོ་དཔོན་ཚུ་གིས་ འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སེར་གྱི་ཞབས་ཏོག་ཚུ་ ཕྱག་ཕྱིད་གང་དྲག་ཞུ་བཞིན་ཡོདཔ་ཨིན།
ཆུ་ཁ་རྫོང་ཁག།
[ཞུན་དག]༉ ཆུ་ཁ་རྫོང་ཁག་འདི་ ལོ་ལྔའི་འཆར་གཞི་དྲུག་པ་འགོ་བཙུགས་པའི་དུས་མཉམ་ སྤྱི་ལོ་ ༡༩༨༧ ལུ་ གཞི་བཙུགས་འབད་ནུག། རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡༨༧༩.༥ འབད་མི་རྫོང་ཁག་འདི་ ནུབ་ཕྱོགས་ལུང་ཕྱོགས་ནང་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་ ༢༠༠-༣༥༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན།
ཆུ་ཁ་རྫོང་ཁག་འདི་ཁབ་ཀྱི་དབུས་ཕྱོགས་དང་ནུབ་ཕྱོགས་ས་གནས་ཚུ་ནང་འཛུལ་སའི་འཛུལ་སྒོ་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ནང་འུར་བྱེལ་ཅན་གྱི་ཚོང་འབྲེལ་འཐབ་སའི་ལྟེ་བ་དང་ནང་འདྲེན་དང་ཕྱིར་ཚོང་འཐབ་སའི་ས་ཁོངས་ལྟེ་བ་ཅིག་ཨིན་མི་ ཕུན་ཚོགས་གླིང་དྲུང་ཁག་ཡང་ རྫོང་ཁག་འདི་ནང་ཆགས་ཏེ་ ཡོདཔ་ཨིན།
རྫོང་ཁག་འདི་ནང་ ཕུན་ཚོགས་གླིང་དྲུང་ཁག་དང་ཁྲོམ་སྡེ། བསམ་འཕེལ་གླིང་རྒེད་འོག་དང་སྦོང་གོ་རྒེད་འོག། བྱག་ཕྱོགས་རྒེད་འོག། སྐྱབས་ཆ་རྒེད་འོག། དར་ལ་རྒེད་འོག། གདུང་ན་རྒེད་འོག། དགེ་ཏ་ན་རྒེད་འོག། དགེ་གླིང་རྒེད་འོག། ལོག་ཅི་ན་རྒེད་འོག། སྨད་སྟབས་ཁ་རྒེད་འོག། ཕུན་ཚོགས་གླིང་རྒེད་འོག་ཚུ་བརྩིས་པའི་ དྲུང་ཁག་གཅིག་དང་ཁྲོམ་སྡེ་གཅིག་ དེ་ལས་ རྒེད་འོག་བཅུ་གཅིག་ཡོདཔ་ཨིན།
རྫོང་ཁག་འདི་ནང་ བཟའ་སྤྱོད་འབད་བཏུབ་པའི་ས་གཞི་ བརྒྱ་ཆ་ ༤.༩ ཡོདཔ་ད་ རྒེད་འོག་ག་རའི་ནང་ སོ་ནམ་ཞིང་ལམ་དང་འཐུང་ཆུ་ གློག་མེ་དང་འགྲུལ་འཕྲིན་གྱི་མཐུན་རྐྱེན་ཚུ་ལྷོད་དེ་ཡོདཔ་ཨིན།
སྤྱི་ལོ་ ༢༠༡༦ ལོ་ལུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ རྫོང་ཁག་འདི་ནང་གི་རྒེད་འོག་ག་རའི་ནང་ གློག་རིག་ཡོངས་འབྲེལ་གྱི་མཐུན་རྐྱེན་ཚུ་བྱིན་ཏེ་ཡོདཔ་མ་ཚད་ རྩིས་ལོ་ ༢༠༡༧-༢༠༡༨ ལུ་ རྫོང་ཁག་བརྡ་དོན་འཕྲུལ་རིག་ཡིག་ཚང་གིས་ རྒེད་འོག་བརྒྱུད་དེ་ སྨན་ཁང་དང་སློབ་གྲྭ་ཚུ་ནང་ལས་ཕར་ཡང་ མཐུན་རྐྱེན་དེ་ཚུ་བྱིན་ཏེ་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་དོན་ལུ་ འོང་འབབ་ཀྱི་ཐོན་ཁུངས་གཙོ་བོ་ཅིག་ཨིན་མི་ ཆུ་ཁ་གློག་མེ་འཕྲུལ་ཁང་དང་ དར་ལ་གློག་མེ་འཕྲུལ་ཁང་གཉིསཔོ་འདི་ཡང་ རྫོང་ཁག་འདི་ནང་ཡོདཔ་ཨིན།
རྫོང་ཁག་འདི་ནང་གི་མི་སེར་མང་ཤོས་ཅིག་ར་ འཚོ་བ་སྒོ་ནོར་དང་ རང་འཚོ་ཙམ་གྱི་སོ་ནམ་ལཱ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ད་ བྱཱ་འཛུག་སྐྱོང་འདི་རྗོང་ཁག་འདི་ནང་ ཁྱབ་ཆེ་བའི་སོ་ནམ་གྱི་ལཱ་ཅིག་ཨིནམ་མ་ཚད་ ཚལ་ལུ་དང་ཀེ་བ་ ཨ་ལཱན་ཅི་དེ་ དངུལ་ཐོག་གཙོ་བོ་ཅིག་ཨིན།
རྫོང་ཁག་འདི་ནང་ མི་རློབས་ ༨༤༢༠༣ དེ་ཅིག་ཡོདཔ་ད་ དེ་ནང་ཁྱིམ་གུང་པ་ ༢༨༧༠ ཡོདཔ་ཨིན།
རྫོང་ཁག་འདི་གི་འཆར་སྣང་འདི་ཡང་ མི་སྡེ་གཅིག་མཐུན་དང་ཕན་ནུས་ཅན་གྱི་ལམ་སྲོལ་ རང་བཞིན་མཐའ་འཁོར་གནས་སྟངས་བརྟན་ཏོག་ཏོ་དང་གོང་འཕེལ་འདྲ་མཉམ་གྱི་སྒོ་ལས་ དཔལ་འབྱོར་གྱི་ཐད་ཁར་ རྫོང་ཁག་དྲག་ཤོས་ཅིག་སྦེ་བཟོ་ནི་འདི་ཨིནམ་ད་ དེའི་དམིགས་གཏད་འདི་ཡང་ སྣ་མང་དཔལ་འབྱོར་གྱི་ལས་སྣ་དང་རྫོང་ཁག་གི་མི་ཚུ་གི་དོན་ལུ་ འོས་མཐུན་གྱི་གནས་སྟངས་བཟོ་སྦེ་བྱིན་ནི་འདི་ཨིན།
རྒྱལ་ཁབ་ནང་བཟོ་རིག་གཙུག་ལག་ཤེས་ཡོན་སྦྱང་ནིའི་དོན་ལུ་ སྤྱི་ལོ་ ༢༠༠༡ ལུ་གཞི་བཙུགས་འབད་མི་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་འདི་ཡང་རྫོང་ཁག་འདི་ནང་ཡོདཔ་མ་ཚད་ རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་ལུ་ཚོང་འབྲེལ་དང་འཛིན་སྐྱོང་གི་ཤེས་ཡོན་ཚུ་ལྷབ་སྦྱང་འབད་སའི་གཞུང་གི་རང་སྐྱོང་མཐོ་རིམ་སློབ་གྲྭ་ཅིག་ཨིན་མི་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་འདི་ཡང་ རྫོང་ཁག་འདི་ནང་ཡོདཔ་ཨིན།
ཆུ་ཁ་རྫོང་ཁག་ནང་ ཁ་སྐད་གཙོ་བོ་ བྱང་ཕྱོགས་ལུ་སྡོད་མི་ཚུ་གིས་རྫོང་ཁ་སླབ་དོ་ཡོདཔ་ད་ ལྷོ་ཕྱོགས་ཀྱི་མི་ཚུ་གིས་ ལྷོ་མཚམས་པ་ དེ་བཟུམ་སྦེ་ བསམ་རྩེ་རྫོང་ཁག་གི་ས་མཚམས་བདའ་སྟེ་ ལྷོཔ་གི་ཁ་སྐད་སླབ་མི་ཡང་ཡོདཔ་ཨིན།
ཧཱ་རྫོང་ཁག།
[ཞུན་དག]༉ ཧཱ་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཁལ་གཅིག་གི་གྲས་ལས་ ནུབ་ཕྱོགས་ལུང་ཕྱོགས་ཀྱི་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ འབྲུག་ནུབ་ཕྱོགས་ཀྱི་ས་མཚམས་ཁར་ ས་གཞི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡༨༩༩.༢༠ དང་རྒྱ་མཚོའི་མཐའ་མ་ལས་ མི་ཊར་ ༡༠༠༠-༥༦༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ཧཱ་རྫོང་ཁག་ནང་ཁྱིམ་གུང་པ་ ༢༩༥༢ ཡོདཔ་ད་ སྤྱི་ལོ་ ༢༠༡༧ ལོའི་ མི་རྩིས་དང་འཁྲིལཝ་ད་ རྫོང་ཁག་འདི་ནང་ མི་རློབས་ ༡༣༦༥༥ དེ་ཅིག་ཡོདཔ་སྦེ་ བཀོད་དེ་འདུག།
ཧཱ་རྫོང་ཁག་འདི་ མགར་ས་རྫོང་ཁག་གི་ཤུལ་ལས་ར་ འབྲུག་རྒྱལ་ཁབ་ནང་ མི་རློབས་ཉུང་ཤོས་ཡོད་པའི་རྫོང་ཁག་ཅིག་ཨིན།
རྫོང་ཁག་འདི་ནང་ཁྱབ་ཆེ་བའི་ཁ་སྐད་འདི་ཡང་ ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ར་ཨིན་མས། ཧཱ་རྫོངཁག་ནང་ དྲུང་ཁག་གཅིག་དང་རྒེད་འོག་དྲུག་ སྤྱི་འོག་སུམ་ཅུ་དང་གཡུས་ཚན་ ༩༦ ཡོདཔ་ཨིན། ཧཱ་རྫོང་ཁག་ནང་ ལོ་ཐོག་གཙོ་བོ་ ཀར་ ནག་ བྱཱོ་དང་ ས་ཁ་དམའ་ས་ལས་ཕར་ བྱཱ་ཡང་འཚོ་དོ་ཡོདཔ་ཨིན། མི་སེར་ཚུ་གིས་ ཀེ་བ་དང་ཨེ་མ་ ཨེ་པཱལ་དང་གཞན་དངུལ་ཐོག་ཚུ་ཡང་འཛུག་སྐྱོང་འཐབ་དོ་ཡོདཔ་ཨིན། རྫོང་ཁག་འདི་ནང་ཡོད་པའི་མི་སེར་མང་ཤོས་ཅིག་གིས་ གཡག་དང་ནོར་ བྱམོ་དང་ཕགཔ་ རྟ་ལ་སོགས་པའི་སྒོ་ནོར་གསོ་སྐྱོང་གི་ལཱ་ཚུ་ཡང་འབད་དོ་ཡོདཔ་ཨིན་མས། ཧཱ་རྫོང་ཁག་གི་ས་གཞི་བརྒྱ་ཆ་ ༧༨ དེ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ད་ འདི་གིས་ མི་སྡེ་ནང་དཔལ་འབྱོར་གནས་སྟངས་ཀྱི་ནང་ལུ་ ཕན་སྦོམ་སྦེ་ར་ཐོགསཔ་ཨིན་མས། སྤྱི་ལོ་ ༢༠༠༢ ལས་ར་ རྫོང་ཁག་འདི་ནང་ ལྟ་བཤལ་གྱི་སྒོ་འདི་ཕྱེ་ཡོད་རུང་ སྤ་རོ་ ཐིམ་ཕུག་དང་བུམ་ཐང་བཟུམ་ཅིག་ར་འདི་ཡར་རྒྱས་འགྱོ་མ་ཚུགས་པས། རྫོང་ཁག་འདི་ནང་ཡོད་པའི་ མེ་རི་སྤུན་གསུམ་གྱི་ཉེ་འདབས་ལུ་ རྩ་ཆེ་བའི་ ལྷ་ཁང་དཀརཔོ་དང་གནགཔོ་གཉིས་ཡོདཔ་མ་ཚད་ ལྷ་ཁང་འདི་ ཧེ་མ་དུས་རབས་ ༧ པ་ལས་ར་བཞེངས་ཡོད་པའི་ལོ་རྒྱུས་འདུག། ལུང་གཤོང་འདི་གི་ལྟག་ལུ་ར་ ཧཱ་དགོན་པ་ཟེར་མི་ལྷ་ཅིག་ཡང་ཡོདཔ་ཨིན། ལྷ་ཁང་འདི་ ལོ་ཨ་རྟག་ར་ རང་ཟླ་ ༡༡ པའི་ཚེས་ ༡༠ ལུ་ སངས་རྒྱས་འོག་དཔག་མེད་ལུ་མཆོད་པ་ཚུ་ཕུལ་སྲོལ་ཡོདཔ་ཨིན།
དོ་རུང་ ལྷ་ཁང་དཀརཔོ་དང་གནགཔོ་གི་ཉེ་འདབས་ལུ་ མཆོད་རྟེན་ཅིག་ཡོད་མི་དེའི་སྦོ་ལོ་ཁར་ཡོད་པའི་རྡོ་སྦོམ་ཅིག་གུར་ གུ་རུ་རིན་པོ་ཆེ་གི་དབུ་ཞྭ་དང་སྐུ་རྗེས་ཚུ་ཡང་མཇལ་ནི་འདུག།
པདྨ་དགའ་ཚལ་རྫོང་ཁག།
[ཞུན་དག]༉ པདྨ་དགའ་ཚལ་རྫོང་ཁག་འདི་ ཤར་ལྷོ་ཁ་ཐུག་ལུ་ཆགས་ཡོད་པའི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཁལ་གཅིག་གི་གྲས་ལས་གཅིག་ཨིན། ས་གཞི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡༠༢༣ འབད་མི་རྫོང་ཁག་འདི་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་ ༡༠༠༠ ལས་ ༣༥༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། རྫོང་ཁག་འདི་ བྱང་ཤར་ཁ་ཐུག་བཀྲ་ཤིས་སྒང་དང་ནུབ་བྱང་ཁ་ཐུག་མོང་སྒར་ ནུབ་ཁ་ཐུག་གཞལམ་སྒང་ ཤར་ཁ་ཐུག་བསམ་གྲུབ་ལྗོངས་མཁར་དང་ལྷོ་ཁ་ཐུག་རྒྱ་གར་ཨ་སམ་གྱི་མངའ་སྡེ་ཚུ་གི་སྦུག་ལུ་ཆགས་ཏེ་ཡོདཔ་ ཨིན།
རྫོང་ཁག་འདི་གི་ས་གཞི་བརྒྱ་ཆ་ ༨༧.༦༥ དེ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ད་ དེ་ནང་མང་ཤོས་ཅིག་ ཀོང་ཤིང་གི་རིགས་ཚུ་ཡོདཔ་ཨིན། རྫོང་ཁག་འདི་གི་གནམ་གཤིས་གནས་སྟངས་འབད་བ་ཅིན་ གནམ་བྱཱར་ལུ་ཚ་དྲོད་དང་རློན་གཤེར་ཅན་སྦེ་ སྡོད་དོ་ཡོདཔ་ད་ གནམ་དགུན་ལུ་འབད་བ་ཅིན་ བསིལ་དྲོད་རན་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་ཨིན་མས།
རྒེད་འོག་བཅུ་གཅིག་ཡོད་པའི་རྫོང་ཁག་འདི་ནང་ ཁྱིམ་གུང་པ་ ༤༤༨༦ ཡོད་པའི་ཁར་ མི་རློབས་བསྡོམས་ ༢༥༠༠༠ དེ་ཅིག་ཡོདཔ་ད་ དེ་ནང་བཟའ་སྤྱོད་ཀྱི་དོན་ལུ་ ས་གཞི་ཡང་མང་ཤོས་ཅིག་སྐམ་ཞིང་ ཡོདཔ་ཨིན་མས། རྫོང་ཁག་འདི་ནང་གི་རྒེད་འོག་ག་རའི་ནང་ འཁོར་ལམ་ཚུ་ཡོད་མི་འདི་གིས་ ཅ་ཆས་དང་མི་ཚུ་སྐྱེལ་འདྲེན་འབད་ནིའི་ནང་ལུ་ བྱ་སྟབས་བདེ་ཏོག་ཏོ་སོང་སྟེ་ཡོདཔ་ཨིན་མས། དེ་མ་ཚད་ འཁོར་ལམ་འདི་ལས་བརྟེན་ རྫོང་ཁག་དང་དྲུང་ཁག་ རྒེད་འོག་དང་མི་སེར་ཚུ་གི་བར་ན་ འབྲེལ་བ་འཐབ་ནིའི་ནང་ཁེ་ཕན་སྦོམ་བྱུང་སྟེ་འདུག། རྫོང་ཁག་འདི་ནང་ མི་ཚུ་གི་རྒྱུད་ལུ་ གསོ་བ་དང་ཤེས་རིག་ སྒོ་ནོར་དང་སོ་ནམ་ལ་སོགས་པའི་ཞབས་ཏོག་ཚུ་བྱིན་ནིའི་དོན་ལུ་ ཞི་གཡོགཔོ་ ༧༧༢ དེ་ཅིག་ཡོདཔ་ཨིན་མས། རྫོང་ཁག་འདི་ནང་ མི་ཚུ་གི་རྒྱུད་ལུ་ ཕྱག་དང་སྙན་དར་ སྨན་ལམ་དང་ཁ་ཐུན་ཚུ་གཏང་ནིའི་དོན་ལུ་ ལྷ་ཁང་དང་དགོན་སྡེ་ ༡༡༢ དེ་ཅིག་ཡོད་པའི་ནང་ལས་ ང་བཅས་རའི་རྒྱལ་རབས་ནང་ལུ་ ག་ནི་བ་རྩ་ཆེ་བའི་ ཡོངས་ལ་དགོན་པ་དང་ཁེ་རི་དགོན་པ་ གདུང་དཀར་དགོན་པ་གསུམ་ཡང་ རྫོང་ཁག་འདི་ནང་འདུག།
རྫོང་ཁག་འདི་ནང་ཡོད་པའི་ ཡོངས་ལ་རི་བོ་དཔལ་འབར་དར་རྒྱས་ཆོས་གླིང་དགོན་པའམ་དཔལ་རི་དགོན་པ་ ཡོངས་གྲགས་ལུ་ ཡོངས་ལ་དགོན་པ་ཟེར་ཞུ་མི་ལྷ་ཁང་འདི་ ཡོངས་ལ་བླམ་གཉིས་པ་ རྡོ་རྗེ་རྒྱ་མཚོ་མཆོག་གིས་ སྤྱི་ལོ་ ༡༧༣༦ ལོ་ལུ་བཞེངས་གནང་ཡོད་པའི་ལོ་རྒྱུས་འདུག། ས་གནས་འདི་ གཏེར་སྟོན་ཆེན་པོ་ རིག་འཛིན་འཇིགས་མེད་གླིང་པའི་ཞལ་བཀོད་དང་ འཁྲིལ་ མཁས་གྲུབ་འཇིགས་མེད་ཀུན་བྲལ་མཆོག་གིས་ངོས་འཛིན་གནང་ཡོདཔ་ད་ དེ་བསྒང་ སྒྲུབ་སྡེ་ལྟེ་བ་ཆུང་ཀུ་ཅིག་གཞི་བཙུགས་ གནང་ནུག། ཡོངས་གྲགས་ཅན་གྱི་ཡོངས་ལ་ཕུར་པའི་སྒྲུབ་ཆེན་འདི་ མཁས་གྲུབ་འཇིགས་མེད་ཀུན་བྲལ་གྱི་སྐབས་ལས་ར་འགོ་བཙུགས་ཡོདཔ་ ད་ དེ་གི་ཤུལ་ལས་ བླམ་རིམ་ཐེངས་ ༡༦ བྱོན་ཡོདཔ་ཨིན་མས། དགོན་པ་འདི་ ཚར་གཅིག་ཉམས་ཆག་ཤོར་ཡོད་རུང་ ཤུལ་ལས་ གྲུབ་དབང་བསོད་ནམས་བཟང་པོ་མཆོག་གིས་ སྔར་བཞིན་ཉམས་གསོ་ཞུ་ཡོདཔ་ཨིན་མས། དོ་རུང་ སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༢༡ ལུ་ ས་ཡོམས་ཤུགས་སྦེ་རྐྱབ་མི་འདི་གིས་ ལྷ་ཁང་ལུ་གནོད་རྐྱེན་སྦོམ་སྦེ་ར་ རྐྱབ་ཡོད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགོན་པ་འདི་ འདི་འཕྲོ་ལས་ར་ སྔར་བཞིན་ཉམས་གསོ་ཞུ་དགོ་པའི་བཀའ་རྒྱ་དང་བསྟུན་ ལོག་སྟེ་ར་ཉམས་གསོ་ཞུ་སྟེ་ཡོདཔ་ཨིན་མས།
ང་བཅས་རའི་ མ་འོངས་འགོ་ཁྲིདཔ་ཚུ་ཤེས་ཡོན་སྦྱངས་ནིའི་དོན་ལུ་ སློབ་གྲྭ་ཆུང་བ་ ༡༨ དང་འབྲིང་རིམ་འོག་མའི་སློབ་གྲྭ་ ༦ འབྲིང་རིམ་གོང་མའི་སློབ་གྲྭ་ ༢ དང་ དེ་ལས་ ཧེ་མ་ ཤེས་ཡོན་སྦྱངས་ནིའི་གོ་སྐབས་མ་ཐོབ་མི་ཚུ་གི་དོན་ལུ་ གཞི་རྟེན་ཤེས་ཡོན་སྦྱང་སའི་ལྟེ་བ་ ༣༦ གཞི་བཙུགས་འབད་དེ་ཡོད་མི་དེ་ནང་ ད་ལྟོ་ སློབ་ཕྲུག་ཡོངས་བསྡོམས་ ༦༡༨༠ དང་ གཞི་རྟེན་ཤེས་ཡོན་སྦྱངས་མི་ ༤༠༢ དེ་ཅིག་ཡོདཔ་ཨིན། དེ་འབདཝ་ལས་ རྫོང་ཁག་འདི་གི་ བྲི་ལྷག་ཤེས་ཡོན་གྱི་གནས་ཚད་འདི་ བརྒྱ་ཆ་ ༥༦.༡ གུར་ལྷོད་དེ་འདུག། རྫོང་ཁག་འདི་ནང་གི་མི་སེར་ཚུ་གི་རྒྱུད་ལུ་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སའི་སྐྱིད་སྡུག་གནང་སྟེ་ བོ་རང་མ་དང་ཁྱི་ན་དང་ལུ་ གཞི་གསར་གཞི་བཙུགས་འབད་མི་འདི་གིས་ ཕན་སྦོམ་སྦེ་ར་ཐོགས་ཏེ་ཡོདཔ་ཨིན་མས། པདྨ་དགའ་ཚལ་རྫོང་ཁག་ནང་ རྒེད་འོག་ བཅུ་གཅིག་ཡོད་མི་ཚུ་ཡང་ ཕྱི་མུངས་རྒེད་འོག་དང་ཆོས་འཁོར་གླིང་རྒེད་འོག་ སྐྱོང་ཤིང་བོ་རང་རྒེད་འོག་ བདེ་ཆེན་གླིང་རྒེད་འོག་ གདུང་སྨད་རྒེད་འོག་ མཁར་རྒེད་འོག་ ན་ནོང་རྒེད་འོག་ ནོར་བུ་སྒང་རྒེད་འོག་ ཤུ་མར་རྒེད་འོག་ གཡུ་རུང་རྒེད་འོག་ ཟོ་བལ་རྒེད་འོག་ཚུ་ཨིནམ་ད་ ནུར་བུ་སྒང་རྒེད་འོག་ནང་ལུ་འབད་བ་ཅིན་ རྒྱལ་ཡོངས་མ་ནཱསི་གླིང་ཀ་གི་ཆ་ཤས་ཅིག་ཡང་དེ་ནང་ཚུད་དེ་ཡོདཔ་ ཨིན་མས། པདྨ་དགའ་ཚལ་རྫོང་ཁག་གིས་ གོང་འཕེལ་དང་འབྲེལ་ལཱ་ག་ཅི་ར་འབད་རུང་ རྫོང་ཁག་གི་འཆར་སྣང་ ཤར་ཕྱོགས་ལུང་ཕྱོགས་ཀྱི་དོན་ལུ་ཚོང་འབྲེལ་འཐབ་སའི་ལྟེ་བ་ཅིག་སྦེ་བཟོ་ནི་དང་ འཚོ་བའི་གནས་སྟངས་ཡུན་བརྟན་དང་འདྲ་མཉམ་གྱི་སྒོ་ ལས་ སྐྱིད་ཉམས་ལྡན་པའི་རྫོང་ཁག་ཅིག་སྦེ་བཟོ་ལུ་དམིགས་གཏད་བསྐྱེད་དེ་འབད་དོ་ཡོདཔ་ཨིན་མས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག།
[ཞུན་དག]༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་འདི་ ཤར་ལྷོ་ཁ་ཐུག་ལུ་ཆགས་ཏེ་ཡོད་པའི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཁལ་གཅིག་གྲས་ལས་གཅིག་ ཨིན། ས་གཞི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡༨༧༧.༩༤ འབད་མི་ རྫོང་ཁག་འདི་ རྒྱ་གར་ཨཱ་སམ་གྱི་མངའ་སྡེ་དང་ཨ་རུ་ན་ཅཱལ་པྲ་ ཌེཤ་གི་ས་མཚམས་དང་ཅིག་ཁར་མཐུད་འབྲེལ་འབད་དེ་ཡོདཔ་ཨིན།
རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་ ༦༠༠-༡༢༠༠ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད་པའི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་འདི་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་དང་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་ ཝང་ཕུག་རྒེད་འོག་དང་གོམ་དར་རྒེད་འོག་ བདེ་བ་ཐང་རྒེད་འོག་ ཕུན་ཚོགས་ཐང་ རྒེད་འོག་ པདྨ་ཐང་རྒེད་འོག་ བསམ་རང་རྒེད་འོག་ མར་ཚ་ལ་རྒེད་འོག་ གླང་ཅན་ཕུག་རྒེད་འོག་ གསེར་ཐིག་རྒེད་འོག་ ལའུ་རི་རྒེད་འོག་ཚུ་རྩིས་པའི་ ཁྲོམ་སྡེ་གཅིག་དང་ དྲུང་ཁག་གཉིས་ རྒེད་འོག་བཅུ་གཅིག་ཡོདཔ་མ་ཚད་ སྤྱི་འོག་ ༥༨ དང་གཡུས་ཚན་ ༡༩༡ ཡོདཔ་ཨིན།
གཡུས་ཚན་ ༡༩༡ དང་སྤྱི་འོག་ ༥༨ རྒེད་འོག་ ༡༡ དང་དྲུང་ཁག་ ༢ འབད་མི་རྫོང་ཁག་འདི་ནང་ ཁྱིམ་གུང་པ་ ༤༨༠༨ ཡོདཔ་ད་ ཕོ་སྐྱེས་ ༢༠༧༨༦ དང་ཨམ་སྲུ་ ༡༩༩༨༠ འབདཝ་ད་ མི་རློབས་ཡོངས་བསྡོམས་ ༤༠༧༦༦ དེ་ཅིག་ཡོདཔ་ཨིན་མས།
རྫོང་ཁག་འདི་ ས་ཁ་དམའ་ལུ་འབད་ནི་འདི་གིས་ དེའི་གནམ་གཤིས་གནས་སྟངས་ཡང་ མང་ཤོས་ཅིག་ར་ དྲོད་ཤུགས་ཅན་ཅིག་སྦེ་ར་ སྡོད་དོ་ཡོདཔ་ཨིན་མས། དེ་ཡང་ རྫོང་ཁག་འདི་ནང་ དྲོད་ཤུགས་ཀྱི་ཚད་ མཐོ་ཤོས་ར་ ཌི་གི་རི་སེན་ཊི་གེརེཌ་ ༣༦ དང་ དམའ་ཤོས་ ༡༤ གི་བར་སྡོད་པའི་ཁར་ ལོ་བསྟར་ཆར་ཆུ་ཡང་ མི་ལི་མི་ཊར་ ༥༣༠༩.༤ དེ་ཅིག་གི་རྩིས་འབབ་དོ་ཡོདཔ་ཨིན་མས།
རྫོང་ཁག་གི་ས་གཞི་ཚུ་མང་ཤོས་ཅིག་དང་སྦེ་ཡོད་པའི་ཁར་ ས་བཅུད་དང་ལྡནམ་སྦེ་ཡོད་ནི་འདི་གིས་ སོ་ནམ་དང་དཔལ་འབྱོར་གྱི་ལས་སྣ་ ཚུའི་གོ་སྐབས་དང་འོས་འབབ་སྦོམ་ཡོདཔ་ཨིན་མས། ཨིན་རུང་ ད་ལྟོ་གནས་བཞིན་ཡོད་པའི་ཉན་སྲུང་གི་གནད་དོན་དང་ ས་ཆའི་རང་ གཤིས་ལུ་བརྟེན་ རྫོང་ཁག་འདི་ནང་ བརྩམས་ཡོད་པའི་མི་སྡེ་དཔལ་འབྱོར་གྱི་ལས་སྣ་ཚུ་ལུ་ གདོང་ལེན་ཚུ་བྱུང་སྟེ་ར་ཡོདཔ་ཨིན་མས། གདོང་ལེན་དེ་ཚུ་བྱུང་སྟེ་ར་འབད་རུང་ རྫོང་ཁག་གིས་ བརྩམས་ཡོད་པའི་ལས་སྣ་ཚུ་ ལེགས་ཤོམ་སྦེ་ར་འབད་ཚུགས་ཏེ་ཡོདཔ་ཨིན་མས།
རྫོང་ཁག་གི་ས་གཞི་ཡོངས་བསྡོམས་ལས་ བརྒྱ་ཆ་ ༨༦.༡༥ འདི་ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ད་ བརྒྱ་ཆ་ ༩༩ དེ་ཅིག་ལུ་ ཉེན་སྲུང་ལྡན་པའི་འཐུང་ཆུ་དང་ བརྒྱ་ཆ་ ༨༧.༡ ལུ་ གློག་མེའི་མཐུན་རྐྱེན་ཚུ་ཡོདཔ་མ་ཚད་ བྲི་ལྷག་ཤེས་ཡོན་གྱི་གནས་ཚད་ བརྒྱ་ཆ་ ༥༢.༤ ཡོད་པའི་གུར་ འགྲུལ་འཕྲིན་གྱི་ཞབས་ཏོག་ བརྒྱ་ཆ་ ༩༧ དང་ བརྒྱ་ཆ་ ༧༤ གི་རྩིས་ སོ་ནམ་ཞིང་ལམ་གྱི་མཐུད་འབྲེལ་ཚུ་འབད་དེ་ཡོདཔ་ཨིན་མས། གྲུབ་འབྲས་འདི་ཚུ་གིས་རྫོང་ཁག་ནང་ མི་སྡེ་དཔལ་འབྱོར་ཡར་དྲག་ འགྱོ་བའི་བརྡ་ཚོན་ཚུ་སྟོནམ་ཨིན་མས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་འདི་ པདྨ་དགའ་ཚལ་དང་བཀྲ་ཤིས་སྒང་ བཀྲ་ཤིས་གཡང་རྩེ་ ལྷུན་རྩེ་ མོང་སྒར་ཚུ་རྩིས་པའི་ ཤར་ཕྱོགས་རྫོང་ཁག་ལྔ་གི་དོན་ལུ་ ཚོང་འབྲེལ་འཐབ་སའི་ལྟེ་བ་ཅིག་ཨིན། བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ཁྲོམ་འདི་ རྒྱ་གར་གྱི་ས་མཚམས་དང་མཐུད་འབྲེལ་འབད་དེ་ཡོད་མི་འདི་གིས་ བསམ་གྲུབ་ལྗོངསམཁར་རྫོང་ཁག་རྐྱངམ་ཅིག་མེན་པར་ ཉེ་འདབས་ཀྱི་ ཤར་ཕྱོགས་རྫོང་ཁག་ཚུ་ལུ་ཡང་འདྲན་འདྲ་སྦེ་རང་ཕན་ཐོགས་དོ་ཡོདཔ་ཨིན་མས། རྫོང་ཁག་གི་ཁྲོམ་དེ་ནང་ འབྲུག་བཟའ་སྤྱོད་ལས་འཛིན་ གྱི་མཛོད་ཁང་དང་ ཚལ་ལུ་དང་ཀེ་བ་ཚུ་རིན་བསྡ྄ར་འབད་སའི་རིན་བསྡུར་ཁང་ཚུ་ཡང་ཡོདཔཨིན། ཨིན་རུང་ འཕྲལ་འཕྲལ་སྦེ་ར་ ཨ་སམ་གྱི་བྲེལ་ ཟིང་འདི་འཐོན་ནི་ཡོད་མི་འདི་གིས་ ཐོན་སྐྱེས་དང་ཅ་ཆས་ཚུ་ཕྱིར་ཚོང་འཐབ་ནིའི་ནང་གདོང་ལེན་བྱུང་དོ་ཡོདཔ་ཨིན་མས། རྫོང་ཁག་འདི་གིས་ ཁོང་རའི་འཆར་སྣང་ མི་སྡེ་དཔལ་འབྱོར་གྱི་གནས་ཚད་ རང་བཞིན་ཐོན་སྐྱེད་དང་ སྔར་སྲོལ་ལམ་ལུགས་ཀྱི་ཡར་སྐྱེད་ དང་ཅིག་ཁར་ ཞི་བདེ་དང་མཐུན་པའི་རང་མགོ་རང་འདྲོང་གི་རྫོང་ཁག་ཅིག་སྦེ་བཟོ་ནི་དང་ དེའི་དམིགས་གཏད་ གྲོང་གསེབ་ཀྱི་འཚོ་བའི་ མཐུན་རྐྱེན་ གཞུང་སྐྱོང་ལེགས་ལྡན་ཐོག་ལུ་ ལམ་སྲོལ་དང་རང་བཞིན་གནས་སྟངས་དང་མཐུནམ་སྦེ་ ཡར་དྲག་གཏང་ནིའི་ནང་ གཙོ་བོར་བཟུང་སྟེ་ ལཱ་ཚུ་འབད་དོ་ཡོདཔ་ཨིན་མས།
བཀྲ་ཤིས་གཡང་རྩེ་རྫོང་ཁག།
[ཞུན་དག]༉ བཀྲ་ཤིས་གཡང་རྩེ་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཚུ་གི་གྲས་ལས་ ཤར་ཕྱོགས་ཁ་ཐུག་ལུ་ཡོད་པའི་རྫོང་ཁག་ཅིག་ཨིན། རྫོང་ཁག་འདི་ ཧེ་མ་ཚར་ཅིག་ བཀྲ་ཤིས་སྒང་རྫོང་ཁག་མངའ་འོག་གི་དྲུང་ཁག་ཅིག་སྦེ་སྡོད་ཡོད་རུང་ ཤུལ་ལས་ སྤྱི་ལོ་ ༡༩༩༢ ལོ་ལུ་ ལོགས་སུ་སྦེ་རྫོང་ཁག་ཅིག་སྦེ་གཞི་བཙུགས་འབད་ནུག།
ས་གཞི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡༤༣༧.༩ འབད་མི་རྫོང་ཁག་འདི་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་ཀི་ལོ་མི་ཊར་ ༡༧༥༠ ལས་ ༡༨༨༠ ཚུ་གྱི་ས་ཁར་ཆགས་ཏེ་ཡོདཔ་ད་ བཀྲ་ཤིས་གཡང་རྩེ་ཟེར་བའི་མིང་དེ་ཡང་ དུས་རབས་ ༡༥ པའི་ནང་ རིག་འཛིན་ཆེན་པོ་ གཏེར་སྟོན་པདྨ་གླིང་པ་མཆོག་གིས་གནང་ཡོདཔ་ཨིན་མས།
རྫོང་ཁག་འདི་ནང་ འབུམ་སྡེ་གླིང་རྒེད་འོག་དང་འཇམ་མཁར་རྒེད་འོག་ ཁམས་དྭངས་རྒེད་འོག་ རམ་སྦྱར་རྒེད་འོག་ སྟོད་མཚོ་རྒེད་འོག་ སྟོང་ཞང་རྒེད་འོག་ གཡང་རྩེ་རྒེད་འོག་ ཡ་ལངས་རྒེད་འོག་བཅས་ རྒེད་འོག་བརྒྱད་ཡོདཔ་ད་ རྫོང་ཁག་འདི་ ལམ་སྲོལ་དང་རང་བཞིན་གནས་སྟངས་ཀྱིས་ཕྱུག་པའི་རྫོང་ཁག་ཅིག་ཨིན། རྫོང་ཁག་དེ་ནང་གི་བྱང་ཁ་ཐུག་གི་མི་ཚུ་ལུ་ ཤིང་བཟོ་དང་དལ་ཤོག་བཟོ་ནིའི་ལག་རྩལ་འདི་ཡོདཔ་ལས་ ཁོང་ཚུ་གིས་ འཚོ་བ་གཙོ་བོ་ འདི་ལུ་བརྟེན་ སྐྱོང་དོ་ཡོདཔ་ད་ ལྷོ་ཁ་ཐུག་གི་མི་ཚུ་གིས་འབད་བ་ཅིན་ སོ་ནམ་དང་སྒོ་ནོར་ དངུལ་ཐོག་ཚུ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན། རྫོང་ཁག་དེ་ནང་ མི་རློབས་བསྡོམས་ ༡༧༣༠༠ དེ་ཅིག་ཡོདཔ་ཨིན།
རྫོང་ཁག་འདི་ནང་ ཁ་སྐད་ཀྱི་རིགས་མ་འདྲཝ་གསུམ་དེ་ཅིག་སླབ་མི་ཡོདཔ་ད་ དེ་ཡང་ འབུམ་སྡེ་གླིང་རྩིས་པའི་བྱང་ཕྱོགས་ཁ་ཐུག་ལུ་ ཛ་ལ་ཁ་སླབ་དོ་ཡོདཔ་ད་ འཇམ་མཁར་དང་ཁམས་དྭངས་ ཡ་ལངས་དང་རམ་སྦྱར་ལ་སོགས་པའི་ལྷོ་ཕྱོགས་ཁ་ཐུག་ལུ་འབད་བ་ཅིན་ ཤར་ཕྱོགས་ཚངས་ལྷའི་ཁ་སྐད་དེ་སླབ་དོ་ཡོདཔ་མ་ཚད་ སྟོང་ཞང་རྒེད་འོག་ནང་འབད་བ་ཅིན་ ཁྱོད་ཅག་ང་ཅག་དང་ཁེངས་ཁ་ཚུ་སླབ་དོ་ཡོདཔ་ཨིན།
བཀྲ་ཤིས་གཡང་རྩེ་རྫོང་ཁག་འདི་ རང་བཞིན་གནས་སྟངས་ཀྱི་ཕྱུག་པའི་རྫོང་ཁག་ཅིག་འབདཝ་ལས་ དེ་ནང་ ཁོ་ལོང་ཆུ་རི་དྭགས་སྲུང་སྐྱོབས་ས་ཁོངས་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༡༩༩༣ ལུ་ གཞི་བཙུགས་འབད་ནུག། དེ་མ་ཚད་ རྫོང་ཁག་འདི་ནང་ འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོང་ས་ཁོངས་ཡང་ཡོདཔ་ད་ འདི་གིས་ རྫོང་ཁག་འདི་གི་བྱང་ཁ་ཐུག་གི་ས་གནས་ཕྱེད་ཀ་ཅིག་ཁྱབ་ཏེ་ཡོདཔ་ཨིན།
རྫོང་ཁག་འདི་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་བྱིན་གྱིས་བརླབས་གནང་ཡོད་པའི་རྫོང་ཁག་ཅིག་འབདཝ་ལས་དེ་ནང་ ག་ནི་བ་རྩ་ཆེ་བའི་གནས་དང་ལྷ་ཁང་དགོན་སྡེ་མང་རབས་ཅིག་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་ རྒྱལ་རབས་ནང་གལ་གནད་ཆེ་ཤོས་གཅིགཔོ་འདི་ རིགས་གསུམ་མགོན་པོའི་ལྷ་ཁང་འདི་ཨིན། ལྷ་ཁང་འདི་ དུས་རབས་ ༡༨ པའི་ནང་ རྗེ་མཁན་ཁྲི་རབས་ ༩ པ་ རྒྱལ་དབང་ཤཀྱཱ་རིན་ཆེན་གྱི་སློབ་མ་ བླམ་ཚེ་རིང་རྒྱ་མཚོ་མཆོག་གིས་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ལྟེ་བའི་བྱང་ཁ་ཐུག་ རིགས་གསུམ་མགོན་པོའི་སྐུ་རྗེས་ཡོད་སའི་བྱག་ཕུག་ཅིག་གུར་ བཞེངས་གནང་ནུག། དེ་ལས་ཚུར་ བླམ་བྱང་ཆུབ་རྒྱལ་མཚན་དང་ བླམ་ངག་དབང་བློ་གྲོས་ ལ་སོགས་པའི་སྐྱེས་བུ་དམ་པ་ཚུ་གིས་ ལྷ་ཁང་འདི་རྒྱ་སྐྱེད་གནང་སྟེ་ སྐུ་གསུང་ཐུགས་རྟེན་ཚུ་ཡང་ཕུལ་ཏེ་ ད་རེས་ མཇལ་ནི་ཡོད་པའི་གནས་ཚད་ཁར་བཀོད་གནང་ནུག། རྫོང་ཁག་འདི་ནང་ རྩ་ཆེ་བའི་གནས་ རིགས་གསུམ་དགོན་པོ་རྐྱངམ་ཅིག་གིས་མ་དོ་བར་ གཞན་ཡང་ ཨོཾ་བྷ་གནས་དང་དགོངས་ཟ་གནས་ མཆོད་རྟེན་སྐོར་ར་དང་བདེ་ཆེན་ཕོ་བྲང་ སྒོམ་ཕུག་སྐོར་ར་ལ་སོགས་པའི་གནས་རྩ་ཆེ་ཏོག་ཏོ་ལེ་ཤ་ཡོདཔ་ཨིན།
བཀྲ་ཤིས་གཡང་རྩེ་འདི་ ཤིང་གི་ཟླ་པ་གིས་ཡོངས་གྲགས་ཡོད་པའི་རྫོང་ཁག་ཅིག་ཨིནམ་ད་ རྫོང་ཁག་འདི་ནང་ བཟོ་རིགས་བཅུ་གསུམ་ལྷབ་སྦྱང་འབད་སའི་སྤེལ་ཁང་ཅིག་ཡང་གཞི་བཙུགས་འབད་དེ་་ཡོདཔ་ཨིན།
རྫོང་ཁག་འདི་གིས་ གཞན་མི་རྫོང་ཁག་བཟུམ་སྦེ་ར་ གོང་འཕེལ་དང་འབྲེལ་བའི་ལས་སྣ་དང་འཆར་གཞི་ག་ཅི་ར་བརྩམ་རུང་ ཁོང་རའི་འཆར་སྣང་ མི་སྡེ་གཅིག་མཐུན་དང་འཚོ་བའི་གནས་སྟངས་ཡར་དྲགས་ཀྱི་སྒོ་ལས་ ལམ་སྲོལ་དང་རང་བཞིན་གནས་སྟངས་གྱིས་ཕྱུག་པའི་དཔེ་སྟོན་གྱི་རྫོང་ཁག་ཅིག་སྦེ་བཟོ་ནི་དང་ དེའི་དམིགས་སྐྱེད་ སྔར་སྲོལ་ལམ་ལུགས་ཉམས་སྲུང་དང་བདག་འཛིན། རང་བཞིན་ཐོན་སྐྱེད་ལག་ལེན་འདྲ་མཉམ། སྤུས་ཚད་ཅན་གྱི་གཞི་རྟེན་མཁོ་ཆས་ཚུ་བཟོ་ནི། མི་མང་ཞབས་ཏོག་ཕན་ནུས་ཅན་ཅིག་སྦེ་བྱིན་ནི། འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་ཚུ་གི་ལྟ་བ་དང་མཐུནམ་སྦེ་འབད་དོ་ཡོདཔ་ཨིན།
བཀྲིས་སྒང་རྫོང་ཁག།
[ཞུན་དག]༉ བཀྲ་ཤིས་སྒང་རྫོང་ཁག་འདི་ འབྲུག་གི་རྫོང་ཁག་ཚུ་གི་གྲས་ལས་ གཅིག་ཨིན། རྫོང་འདི་འགོ་ཐོག་ར་ལྷ་སྲས་གཙང་མའི་གདུང་རྒྱུད་རིམ་པར་མཆེད་མི་ལས་ ཝང་སེང་ཀུང་པའི་རྒྱལ་རིགས་ལས་ཐོས་པ་ཟེར་མིའི་བུ་རྒྱུད་ལས་ རྒྱལ་པོ་གསེར་གདུང་གི་བུ་ཁུ་ནུ། དེའི་བུ་ཁ་མཁས། དངོས། རྒྱ་མཚོ་དབང་ཟེར་མི་གསུམ་བྱུང་ཡོད་མི་ལས་ དངོས་ཟེར་མིའི་བུ་རྒྱུད་ལས་མཆེད་མི་ སླ་ང་ཟེར་མི་དེ་གིས་ ཝེང་མཁར་གྲོང་སྟོད་ལུ་ སྐྱིད་ལིང་མཁར་རྐྱབ་སྟེ་ རྒྱལ་པོ་སླ་ང་ཟེར་མི་དང་ རྒྱ་མཚོ་དབང་གྱི་བུ་རྒྱུད་ལས་མཆེད་མི་ རྒྱལ་པོ་ཚེ་དབང་གཉིས་ཀྱི་ངོ་བསྒང་ལུ་ དཔལ་ལྡན་ཆོས་རྗེ་འབྲུག་པ་ལུ་མགུ་བཏགས་ཏེ་ རྫོང་དེ་ཕུལ་ཞིན་ན་ལས་ཚུར་ ཞབས་དྲུང་རིན་པོ་ཆེའི་ལུང་བསྟན་དང་ སྤྱི་བླ་མི་འགྱུར་བརྟན་པའི་བཀའ་བཞིན་དུ་ སྐུ་དྲུང་པད་དཀར་ཆོས་འཕེལ་གྱི་ཐུགས་འཆར་གྱི་བཟོ་བཀོད་དང་འཁྲིལ་ཏེ་ སྐུ་དྲུང་པད་དཀར་ཆོས་འཕེལ་དང་ དབུ་མཛད་དམ་ཆོས་རབ་རྒྱས་རྣམ་གཉིས་ཀྱིས་ ཤར་ཕྱོགས་ལུ་སྐྱིད་གླིང་དགྲ་འདུལ་གྱི་རྫོང་དང་། ལྷོ་ཕྱོགས་ལུ་མཐོང་མཁར་ལྟ་རྫོང་། ནུབ་ཕྱོགས་ལུ་སྒོས་སྲུང་ཕུད་པོ་རྫོང་། བྱང་ཕྱོགས་ལུ་རྫོང་སྨད་ལྟ་རྫོང་ཚུ་གིས་ གླིང་བཞིར་བསྐོར་བའི་ལྟེ་བ་ལུ་ དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་དེ། རྩ་བ་བརྟན་ཏོག་ཏོ་དང་བཙན་ཏོག་ཏོ་ཡོད་པའི་བྱག་གི་རི་འདི་ རིའི་རྒྱལ་པོ་རི་རབ་ཀྱི་ལྷུན་པོ་བཟུམ་མའི་སྒང་སྦོམ་ཚུ་ཡང་། ཤར་ཕྱོགས་ལུ་རང་གཤིས་མཁར། ལྷོ་ཕྱོགས་ལུ་བསམ་མཁར། བྱང་ཕྱོགས་ལུ་སྦིས་མཁར་བཅས་ མཁར་གསུམ་འཛོམས་པའི་སྦུག་ལུ་དང་། ལྷོ་ལས་བལྟ་བ་ཅིན་ གསེར་གྱི་མནྚལ་གུར་ གཡུ་ཡི་ཚོམ་བུ་བྱུར་བཞག་བཞགཔ་དང་། ནུབ་ལས་བལྟ་བ་ཅིན་ ནོར་བུ་དགོས་འདོད་དཔུང་འཇོམས་ ཁ་ཡར་ལྷོང་བཞག་བཞགཔ། བྱང་ལས་བལྟ་བ་ཅིན་ གླང་ཆེན་ཉལ་བའི་མགུ་ཏོ་བཟུམ། ཕུ་ལས་མར་མུ་ཏིག་གྲང་ཆུ་ འོ་མའི་བདུད་རྩི་བཟུམ་འབབ་མི། གཡང་རྩེ་དང་གོང་རི་ལས་འབབ་མི་ཆུ་ཆེན་ཕོ་མོ་གཉིས་འཛོམས་པའི་ གྲངས་མེད་ཆུ་འདི་ ཉིན་མཚན་མེད་པར་ མ་ལས་ཡར་ ཡོན་ཆབ་ཀྱི་ཚུལ་ལུ་ཕུལ་ཏེ་ཡོད་མིའི་སྒང་ཆེན་དེ་ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཨིན་པ་མ་ཚད་ ཞབས་དྲུང་རིན་པོ་ཆེ་གི་ལུང་བསྟན་དང་འཁྲིལ་ཏེ་ རྫོང་ཆེན་དེ་བཞེངས་ཞིན་ན་ལས་ཚུར་ ཉི་འོག་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཆ་མཉམ་ དཔལ་ལྡན་འབྲུག་པའི་མངའ་འོག་ལུ་བསྡུ་ཚར་ཏེ་ བཀྲ་ཤིས་པའི་རྫོང་ཆེན་ཅིག་འབད་ནི་འདི་གིས་ རྫོང་གི་མཚན་ཡང་བཀྲ་ཤིས་སྒང་རྫོང་ཟེར་གསོལ་ནུག།
བཀྲ་ཤིས་སྒང་རྫོང་འདི་ ཀྲོང་གསར་དཔོན་སློབ་ ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་གིས་ སྤྱི་ལོ་ ༡༦༥༩ ལུ་ བཞེངས་གནང་ནུག། རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིནམ་ད་ རྒྱ་ཚད་ཀི་ལོ་མི་ཊར་ ༢༢༠༤.༥ འབད་མི་རྫོང་ཁག་འདི་ རྒྱ་མཚོའི་མཐའ་མ་ལས་ མི་ཊར་ ༦༠༠ ལས་ ༤༥༠༠ ཚུན་དང་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལས་ ཤར་ཁ་ཐུག་ ཀི་ལོ་མི་ཊར་ ༥༥༡ གི་ས་ཁར་ཆགས་ཏེ་ཡོད། ཁྱིམ་གུང་ ༨༦༡༠ འབད་མི་རྫོང་ཁག་འདི་ནང་ མི་རློབས་ ༧༡༧༦༨ དེ་ཅིག་ཡོདཔ་ད་ དེ་ཁའི་མི་ཚུ་ འཚོ་བ་གཙོ་བོ་སོ་ནམ་དང་སྒོ་ནོར་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན། རྫོང་ཁག་འདི་གི་ས་གཞི་ཡོངས་བསྡོམས་ལས་ བརྒྱ་ཆ་ ༧༧.༨༧ དེ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ད་ དེ་ནང་ བཟའ་སྤྱོད་འབད་བཏུབ་པའི་ས་གཞི་ བརྒྱ་ཆ་ ༣.༦༤ ལས་བརྒལ་མེདཔ་ཨིན། བཀྲ་ཤིས་སྒང་རྫོང་འདི་ རྫོང་ཁག་བདག་སྐྱོང་དང་ རྫོང་ཁག་རབ་སྡེ་གི་དོན་ལུ་ལག་ལེན་འཐབ་དོ་ཡོདཔ་མ་ཚད་ རྫོང་དེ་ཡང་ བསམ་མཁར་རྒེད་འོག་གི་འོག་ལུ་ཡོད་པའི་ མི་ཐི་བྲང་ཟེར་ས་ལུ་ཆགས་སྟེ་ཡོད། རྫོང་ཁག་དེ་ནང་ སགསྟེང་དྲུང་ཁག་དང་ཝམ་རོང་དྲུང་ཁག་ ཁྲིམས་ཤིང་དྲུང་ཁག་བཅས་དྲུང་ཁག་གསུམ་དང་ བར་མཚམས་རྒེད་འོག་དང་སྦིས་གདུང་རྒེད་འོག་ བཀང་ལུང་རྒེད་འོག་ རྐང་པར་རྒེད་འོག་ མཁའ་གླིང་རྒེད་འོག་ ཀླུ་མང་རྒེད་འོག་ མེ་རག་རྒེད་འོག་ ཕོངས་མེད་རྒེད་འོག་ ར་སྡི་རྒེད་འོག་ སག་སྟེང་རྒེད་འོག་ བསམ་མཁར་རྒེད་འོག་ ཤོང་ཕུག་རྒེད་འོག་ ཁྲིམས་ཤིང་རྒེད་འོག་ ཨུ་ཛོ་རོང་རྒེད་འོག་ གཡང་གཉེར་རྒེད་འོག་བཅས་རྒེད་འོག་བཅོ་ལྔ་དང་ སྤྱི་འོག་ ༧༩ ཡོདཔ་ད་ རྒེད་འོག་དང་སྤྱི་འོག་ག་རའི་ནང་ གློག་མེ་དང་འཁོར་ལམ་ འགྲུལ་འཕྲིན་གྱི་ཞབས་ཏོག་ཚུ་ལྷོད་དེ་ཡོདཔཨིན། རྫོང་ཁག་འདི་ནང་ བྱིན་རླབས་ཅན་གྱི་གནས་དང་ལྷ་ཁང་དགོན་སྡེ་ལེ་ཤ་ཅིག་ཡོདཔ་མ་ཚད་ ཡོངས་གྲགས་ཅན་གྱི་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ཡང་ རྫོང་ཁག་དེ་ནང་ཡོདཔ་ཨིན། རྫོང་ཁག་འདི་ནང་ ཚ་དྲོད་རན་ཏོག་ཏོ་སྦེ་ཡོདཔ་ལས་ འབྲུ་སྣ་དགུའི་རིགས་ག་ར་འཚོ་དོ་ཡོདཔ་ད་ མི་ཚུ་གི་རྒྱུད་ལུ་ དངུལ་ཐོག་གཙོ་བོ་ ཀེ་བ་དང་ཚལ་ཚུ་འདི་ཨིན་མས།
རྫོང་ཁག་འདི་གིས་ དཔལ་འབྱོར་གོང་འཕེལ་གྱི་ལས་སྣ་དང་འཆར་གཞི་ ག་ཅི་ར་བརྩམ་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་དང་མཐུནམ་སྦེ་འབད་དོ་ཡོདཔ་ཨིན།
རྩི་རང་རྫོང་ཁག།
[ཞུན་དག]༉ རྩི་རང་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ཁལ་གཅིག་གི་གྲས་ལས་ གཅིག་ཨིན། ས་གཞི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༦༣༩ འབད་མི་རྫོང་ཁག་འདི་ རྒྱ་མཚའི་ཐོག་ཁ་ལས་ མཐོ་ཚད་མི་ཊར་ ༩༤ ལས་ ༤༨༢༢ ཚུན་གྱི་ས་ཁར་ཆགས་སྟེ་ཡོདཔ་ཨིན། རྫོང་ཁག་འདི་གི་བདག་སྐྱོང་ལྟེ་བ་འདི་ ས་གནས་འགྲམ་ཕུག་ལུ་ཡོདཔ་ད་ རྫོང་ཁག་འདི་གི་སའི་ཆགས་ཚུལ་དེ་ གྱེན་གཟར་དྲགས་སྦེ་ཡོད་པའི་ཁར་ གནམ་གཤིས་ཡང་ ཚ་དྲོད་རན་ཏོག་ཏོ་སྦེ་ཡོདཔ་ཨིན། རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ནང་ ཕྱོགས་བཞི་ལས་ཕར་ དམ་པའི་ཆོས་ཀྱི་བསྟན་པ་ དར་ནིའི་རྟགས་མཚན་བཟང་པོ་དང་བཅས་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤྱི་ལོ་ ༡༦༣༨ ལུ་བཞེངས་གནང་ནུག།
རྩི་རང་རྫོང་ཁག་འདི་ རང་བཞིན་གནས་སྟངས་དང་སྐྱེ་ལྡན་རིགས་སྣ་གིས་ཕྱུག་པའི་རྫོང་ཁག་ཅིག་སྦེ་ཆ་བཞག་པའི་ཁར་ འབྲུག་རྒྱལ་ཁབ་ཀྱི་ཆུ་ཆེན་ཚུ་གི་ གྲས་ལས་རིང་ཤོས་ཅིག་ཨིན་མི་ སྤུ་ན་གཙང་ཆུ་དེ་ཡང་ རྫོང་ཁག་འདི་ཁར་ལས་བརྒྱུད་དེ་འགྱོཝ་ཨིན། ཨིན་རུང་ ད་ཚུན་གྱི་རིང་ལུ་ རྫོང་ཁག་འདི་ནང་ རྒྱལ་ཡོངས་གླིང་ཀ་དང་སྲུང་སྐྱོབ་ས་ཁོངས་ལ་སོགས་པ་ག་ནི་ཡང་མེདཔ་ཨིན་མས།
རྩི་རང་རྫོང་ཁག་འདི་ ལྷོ་མཚམས་པ་མང་ཤོས་ཅིག་སྦེ་སྡོད་པའི་རྫོང་ཁག་ཅིག་ཨིནམ་ད་ རྫོང་ཁག་འདི་ནང་ ཁ་སྐད་ཡང་ མང་ཤོས་ ལྷོ་མཚམས་པ་ སླབ་མི་ཡོད་རུང་ རྫོང་ཁག་འདི་ནང་སླབ་སྲོལ་ཡོད་པའི་ལྷོ་མཚམས་པའི་ཁ་སྐད་འདི་ བལ་པོའི་ཁ་སྐད་དང་ཅིག་ཁར་ དུམ་གྲ་རེ་མ་འདྲཝ་སྦེ་ ཡོདཔ་ ཨིན་མས། རྫོང་ཁག་འདི་གི་བྱང་ཁ་ཐུག་ལས་ཕར་སྡོད་མི་ཚུ་གིས་ ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་སླབ་མི་ཡང་ དུམ་གྲ་རེ་ཡོདཔ་ཨིན་མས།
རྩི་རང་རྫོང་ཁག་ནང་ རྒེད་འོག་བཅུ་གཉིས་ཡོད་མི་ཚུ་ཡང་ གདུང་ལ་སྒང་རྒེད་འོག་དང་གསེར་གྱི་ཐང་རྒེད་འོག་ དཀྱིལ་འཁོར་ཐང་རྒེད་འོག་ པ་ཚལ་ གླིང་རྒེད་འོག་ ཕུན་རྟེན་ཆུ་རྒེད་འོག་ བར་གཤོང་རྒེད་འོག་ མནྜལ་སྒང་རྒེད་འོག་ མཚོ་གླིང་མཁར་རྒེད་འོག་ རང་ཐང་གླིང་རྒེད་འོག་ རྩི་རང་སྟོད་ རྒེད་འོག་ སེམས་ལྗོངས་རྒེད་འོག་ སྒོ་སར་གླིང་རྒེད་འོག་ ཚུ་ཨིན།
རྫོང་ཁག་འདི་ནང་ རིགས་གསུམ་པདྨའི་ལྡུམ་རྭ་དང་པདྨ་ཆོས་གླིང་སྐྱེས་ཚལ་ལྡུ་རྭ་ རྩི་རང་རྣམ་རྒྱལ་ཆོས་གླིང་གྲྭ་ཚང་དང་གནས་ལ་སོགས་པའི་ ས་ཆ་དགའ་ཏོག་ཏོ་ལེ་ཤ་ཡོདཔ་ཨིན།
རྫོང་ཁག་འདི་གིས་ གོང་འཕེལ་གྱི་ལས་སྣ་དང་འཆར་གཞི་ག་ཅི་ར་བརྩམས་རུང་ ཁོང་རའི་འཆར་སྣང་དང་དམིགས་སྐྱེད་ དམིགས་ཡུལ་ཚུ་ལུ་གཞི་བཞག་ སྟེ་འབད་དོ་ཡོདཔ་ཨིན། རྫོང་ཁག་འདི་གི་འཆར་སྣང་འདི་ཡང་ ཤུགས་ཚད་དང་ལྡན་པའི་དཔལ་འབྱོར། ལམ་སྲོལ་གྱིས་ཕྱུགཔ། ཉམས་མེད་རང་བཞིན་གནས་སྟངས་དང་མཐུན་པའི་རྫོང་ཁག་ཅིག་སྦེ་བཞག་ནི་དང་ དེའི་དམིགས་སྐྱེད་ སྤུད་ཚད་ལྡན་པའི་གཞི་རྟེན་མཁོ་ཆེ་གོང་འཕེལ་གྱི་ཐོག་ལས་ ཡུན་བརྟན་མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་དང་ འཇོན་ཐང་ཅན་དང་དོན་སྨིན་ཅན་གྱི་མི་དམངས་ཞབས་ཏོག་ཕུལ་ནི། ལམ་སྲོལ་དང་སྔར་སྲོལ་ཚུ་ཉམས་སྲུང་དང་གོང་འཕེལ་གཏང་ནི་ཚུ་ཨིནམ་ མ་ཚད་ དམིགས་ཡུལ་ གྲོང་གསེབ་བཟའ་ཚང་གི་འོང་འབབ་དང་བཟའ་འཐུང་གི་སྲུང་སྐྱོབ་ཡར་དྲག་གཏང་ནི་དང་ཤེས་ཡོན་གྱི་གོ་སྐབས། སྤུས་ཚད། འབྲི་ལྷག་ཤེས་ཡོན་ཚུ་ཡར་དྲག་གཏང་ནི། མི་སྡེའི་གསོ་བ་དང་འཕྲོད་བསྟེན་ཡར་འཕར་གཏང་ནི། གྲམ་ཕུག་ཁྲོམ་གྱི་ཁྲོམ་ཚོགས་གཞི་རྟེན་ཡར་རྒྱས་གཏང་ནི། ཆོས་དང་ལམ་སྲོལ། སྔར་སྲོལ་ཚུ་མི་ཉམས་རྒྱུན་སྐྱོང་དང་གོང་འཕེལ་གཏང་ནི། འཇོན་ཐང་ཅན་དང་དོན་སྨིན་ཅན་གྱི་མི་སྡེ་ཞབས་ཏོག་ཡར་དྲག་གཏང་ནི། ས་གནས་ཀྱི་དཔལ་འབྱོར་རྩ་བརྟན་དང་ཡར་དྲག་གཏང་ནི། རྫོང་ཁག་གི་གནས་ཚད་ནང་ དུས་ཐོག་ལུ་འབྲེལ་བ་ཡོདཔ་དང་བློ་གཏད་ཚུགས་པའི་གནས་སྡུད་དང་གནས་ཚུལ་ཚུ་ཡོདཔ་ངེས་བརྟན་བཟོ་ནི། ངན་ལྷད་སྔོན་འགོག་འབད་ནི་ཚུ་ཨིན་པས།
བུམ་ཐང་།
[ཞུན་དག]༉ བུམ་ཐང་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཤར་ནུབ་དབུས་གསུམ་སྦེ་ཕྱེས་པའི་ནང་ལས་ དབུས་ཕྱོགས་ལུ་རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༠༠༠-༦༨༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། བུམ་ཐང་རྫོང་ཁག་གི་སའི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༡༦༦༧.༧༦ དེ་ཅིག་ཡོདཔ་དང་ རྒེད་འོག་ ༤ དང་སྤྱི་འོག་ ༢༠ ནང་ལུ་མི་རློབས་ཡང་ འབྲུག་གི་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༧ ཅན་ལྟར་དུ་འབད་བ་ཅིན་ ༡༧༨༢༠ ཡོདཔ་ཨིན། རྒེད་འོག་བཞིཔོ་འདི་ཡང་ ཆོས་འཁོར། ཆུ་སྨད། སྟང་དང་ཨུ་ར་ཚུ་ཨིན་མས།
རྫོང་ཁག་འདི་གི་མིང་ལུ་ བུམ་ཐང་ཟེར་སླབ་དགོ་མི་འདི་ ཡུལ་གྱི་སའི་དབྱིབས་བདུད་རྩི་གིས་གང་བའི་བུམ་པ་དང་འདྲ་ནི་དེ་གིས་ བུམ་པ་དང་ ལག་མཐིལ་བཟུམ་སྦེ་ས་འཁོད་སྙོམས་པའི་ཐང་ནང་ལུ་ བརྒྱན་ཏེ་ཡོདཔ་དང་འདྲ་བའི་དཔེ་ལས་ བཀྲིས་གཡང་ཆགས་སྦས་ཡུལ་བུམ་ཐང་ཟེར་ཡོངས་སུ་གྲགས་ནུག།
རྫོང་ཁག་འདི་ནང་ སྔོན་དུས་རབས་བདུན་པའི་ནང་ བོད་ཀྱི་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ བཞེངས་གནང་བའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་ནང་གསེས་ བྱམས་པ་ལྷ་ཁང་གི་གཙོས་པའི་རྩེ་ལུང་ངམ་དཀོན་མཆོག་གསུམ་ལྷ་ཁང་དང་ པད་མའི་ལྷ་ཁང་བཅས་ཆོས་འཁོར་རྣམ་གསུམ་གྱི་ལྷ་ཁང་། དུས་རབས་བརྒྱད་པའི་ནང་ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་ ལྗོངས་འདི་ནང་འགོ་ཐོག་ཞབས་སོར་བཀོད་དེ་ ཆོས་འཁོར་ཐོག་མར་བསྐོར་གནང་བའི་གནས་ ཟངས་མདོག་དཔལ་རི་གཉིས་པ་སྐུ་རྗེས་བྲག་དམར་རྡོ་རྗེ་བརྩེགས་པའི་ལྷ་ཁང་དང་། ཤུགས་བྲག། ཀུན་བཟང་བྲག། ཐ་བ་བྲག་དང་ ཆོས་རྗེ་བྲག་བཅས་བྲག་བཞི་གིས་གཙོས་པའི་གནས་ཆེན་མང་རབས་ཅིག་མཇལ་ནི་ཡོད།
དེ་བཟུམ་སྦེ་ དུས་རབས་བཅུ་བཞི་པའི་ནང་ལུ་ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ རྒྱལ་བ་ཀློང་ཆེན་རབ་འབྱམས་མཆོག་བྱོན་ཏེ་ གདན་ས་གླིང་བརྒྱད་བཏབ་གནང་ཡོད་པའི་ནང་ལས་གཙོ་བོ་ བབཿརོན་ཐར་པ་གླིང་དང་ བཞུགས་གནས་བསམ་གཏན་གླིང་། ཤིང་མཁར་བདེ་ཆེན་གླིང་། སྟང་ཨྱོན་ཆོས་གླིང་ཚུ་མཇལ་ནི་ཡོད། དུས་རབས་བཅོ་ལྔ་པའི་ནང་ གཏེར་ཆེན་རྒྱལ་པོ་ལྔའི་ཡ་གྱལ་ རིག་འཛིན་པདྨ་གླིང་པའི་གདན་ས་ གཏམ་ཞིང་ལྷུན་གྲུབ་ཆོས་གླིང་གི་གཙོས་པའི་ཆོས་ནོར་ཟབ་གཏེར་ལེ་ཤ་ཅིག་བཞེས་སའི་གནས་མཆོག་ སྟང་མེ་འབར་མཚོ་ལ་སོགས་པའི་གནས་ཆེན་ལེ་ཤ་མཇལ་ནི་ཡོད་པའི་གུར་ ལྷག་པར་དུ་ དུས་རབས་བཅུ་དྲུག་པ་སྐོར་ཆ་ལུ་བྱོན་མི་ ཡོངས་འཛིན་ངག་གི་དབང་ཕྱུག་གིས་ཕྱག་བཏབ་གནང་བའི་བྱ་དཀར་གཡུལ་ལས་རྣམ་རྒྱལ་ཕོ་བྲང་ཟེར་ ད་ལྟོ་རྫོང་ཁག་འདི་གི་ལུགས་གཉིས་ཀྱི་ཆབ་སྲིད་འཛིན་སྐྱོང་གནང་སའི་རྫོང་གཞིས་ལྟེ་བ་འདི་མཇལ་ནི་ཡོད།
རྫོང་ཁག་འདི་གི་འཆར་སྣང་འདི་ མི་སྡེའི་དཔལ་འབྱོར་ཡུན་བརྟན་དང་ ལམ་སྲོལ་དང་སྐྱེ་ལྡན་རིགས་སྣ་གིས་ཕྱུག་པའི་ཁར་ འཇོན་ཐང་ཅན་གྱི་ཞབས་ཏོག་དང་ལྡན་པའི་ དགའ་སྐྱིད་ཀྱི་དཔེ་སྟོན་རྫོང་ཁག་ཅིག་བཟོ་ནི་འདི་ཨིན་མས། དེ་བཟུམ་སྦེ་ དམིགས་ཡུལ་འདི་འབད་བ་ཅིན་ རྫོང་ཁག་འདི་ནང་གི་དཔལ་འབྱོར་གོང་འཕེལ་ཡུན་བརྟན་འགྲུབ་ནི། སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ལག་ལེན་འཐབ་ནི་དང་ མི་ཉམས་རྒྱུན་སྐྱོང་འབད་ནི། སྐྱེ་ལྡན་རིགས་སྣ་ཉེན་སྲུང་དང་ཉམས་སྲུང་འབད་ནི། སྤུས་ཚད་ཅན་གྱི་མི་དམངས་ཞབས་ཏོག་ཕུལ་ནི་ཚུ་ལུ་གཙོ་བོར་གཟུངམ་ཨིན་མས།
དགའ་ས།
[ཞུན་དག]༉ དགའ་ས་འདི་ རྫོང་ཁག་ཁལ་གཅིག་ལས་ བྱང་ཕྱོགས་ཁ་ཐུག་ལུ་ རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་ ༡༥༠༠-༤༥༠༠ གི་ནང་འཁོད་ལུ་ཆགས་ཏེ་ཡོདཔ་ཨིན། དེ་ཡང་སྤུ་ན་ཁ་དང་ཐིམ་ཕུག་ དབང་འདུས་རྫོང་ཁག་གི་ས་མཚམས་ཚུ་མཐུད་ཡོདཔ་མ་ཚད་ བྱང་ཁ་ཐུག་ལས་རང་སྐྱོང་མངའ་སྡེ་བོད་གཡུས་ཀྱི་སྐོར་ཏེ་ཡོདཔ་ཨིན། དགའ་ས་རྫོང་ཁག་གི་སའི་རྒྱ་ཚད་ གྲུ་བཞི་ཀི་ལོ་མི་ཊར་ ༣༠༨༡.༧༧ དེ་ཅིག་ཡོདཔ་དང་རྒེད་འོག་ ༤ ནང་ མི་རློབས་ ༢༩༧༠ ཡོདཔ་ཨིན། རྒེད་འོག་ ༤ འི་གྲས་ལས་ མཐའ་ཟུར་དང་ཐག་རིང་ཤོས་འདི་ར་ལུང་ནག་ན་རྒེད་འོག་འདི་ཨིན། རྒེད་འོག་བཞིཔོ་འདི་ཡང་ དགོན་ཁ་སྟོད་དང་། དགོན་ཁ་སྨད། ལ་ཡག། ལུང་ནག་ན་བཅས་ཨིན།
དགའ་ས་རྫོང་ཁག་གི་ས་གནས་མང་ཤོས་ཅིག་ནང་ གནམ་དགུན་གྱི་དུས་ཚོད་རིངམོ་སྦེ་ཡོད་པའི་ཁར་ ཁཝ་རྒྱུན་མ་ཆད་པར་རྐྱབ་དོ་ཡོད་རུང་ གནམ་བྱཱར་གྱི་དུས་ཚོད་ལུ་ གནམ་གཤིས་དགའ་ཏོག་ཏོ་ཡོདཔ་ཨིན། དགའ་ས་རྫོང་ཁག་ནང་ལུ་ ཁ་སྐད་གཙོ་བོ་འདི་རྫོང་ཁ་ར་རྐྱབ་ཨིན་རུང་ ལ་ཡགཔ་དང་ལུང་ནགཔ་ཚུ་གིས་ལག་ལེན་འཐབ་མི་ཁ་སྐད་འདི་ རྫོང་ཁ་ལས་དུམ་གྲ་རེ་མ་འདྲཝ་ཡོདཔ་ཨིན། ལ་ཡག་རྒེད་འོག་གི་ཨམ་སྲུ་ཚུའི་རྒྱན་ཆ་འདི་ གཞན་དང་མ་འདྲཝ་ཅིག་སྦེ་ཡོདཔ་ལས་ ཕྱི་ནང་གི་ལྟ་བཤལཔ་ཚུ་གི་མིག་གི་མཛེས་རྒྱན་འཇའ་ཤོས་ཅིག་དང་ རྒྱལ་ཁབ་ནང་འཁོད་ཀྱི་ལུང་ཕྱོགས་སོ་སོའི་གྱོན་ཆས་ཚུ་གི་གྲས་ལས་ ཐུན་མོང་མ་ཡིན་པ་ཅིག་ཡང་ཨིན།
དགའ་ས་རྫོང་ཁག་འདི་ གངས་རི་གིས་མཐའ་བསྐོར་ཏེ་ཡོདཔ་ལས་ གངས་ཆེན་ཚུ་མཛེས་ཏོག་ཏོ་དང་འཇའ་ཆི་ཆི་སྦེ་མཐོང་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ཆུ་ཆེན་ལེ་ཤ་ར་རྫོང་ཁག་འདིའི་རི་བོ་གངས་ཅན་ཚུ་ལས་འབབ་དོ་ཡོདཔ་ཨིན། ཆུ་ཆེན་ཕོ་ཆུ་མོ་ཆུ་འདི་ དགའ་ས་རྫོང་ཁག་གི་ལ་གཡག་དང་ལུང་ནག་ན་རྒེད་འོག་ ༢ ལས་འབབ་དོ་ཡོདཔ་དང་། སྤུ་ན་གཙང་ཆུ་ལས་སུན་ཀོཤ་བརྒྱུད་དེ་མཐའ་མཇུག་རྒྱ་གར་རྒྱལ་ཁབ་ནང་འཐོན་འགྱོ་དོ་ཡོདཔ་ཨིན།
དགའ་ས་རྫོང་ཁག་འདི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཀའི་ས་ཁོངས་ནང་ཚུད་དེ་ཡོདཔ་ལས་ རི་དྭགས་སེམས་ཅན་དང་ བྱའི་རིགས་མ་འདྲཝ་ཚུ་མཐོང་ཚུགསཔ་ཨིན། རྫོང་ཁག་འདི་ བརྒྱ་ཆ་ ༦༨% དེ་ཅིག་ནགས་ཚལ་གྱིས་ཁྱབ་སྟེ་ཡོད་པའི་གྲས་ལས་ བརྒྱ་ཆ་ ༣༥% དེ་ཅིག་ཚལ་མ་ཨིནམ་དང་ བརྒྱ་ཆ་ ༢༧% དེ་ཅིག་གདུང་ཤིང་། བརྒྱ་ཆ་ ༡༥% དེ་ཅིག་ཀོང་ཤིང་དང་སླ་བསྲེས་སྦེ་ཡོདཔ་མ་ཚད་ བརྒྱ་ཆ་ ༤% དེ་ཅིག་འདབ་མ་སྦོམ་ཡོད་པའི་ཤིང་རིགས་ཚུ་ཡོདཔ་ཨིན། དགའ་ས་རྫོང་ཁག་འདི་ སྨན་ཆུ་དང་ཚ་ཆུ་གི་གང་སྟེ་ཡོདཔ་ལས་ ལོ་ཨ་རྟག་ར་མི་སྟོང་ཕྲག་ལས་བཅད་དེ་ ཚུ་ཆུ་དང་སྨན་ཆུ་སྦང་པར་འོང་དོ་ཡོདཔ་ཨིན། རྫོང་ཁག་འདི་ ས་ཁ་མཐོ་ས་ཅིག་ནང་འབདཝ་ལས་ མང་ཤོས་ར་འཚོ་བ་གཙོ་བོ་ལ་ནོར་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན།
དགའ་ས་རྫོང་ཁག་འདི་ འབྲུག་པའི་རྒྱལ་རབས་ནང་ལུ་ག་ནི་བ་རྩ་ཆེ་བའི་ས་གནས་ཅིག་ཨིན། དེ་ཡང་ ཁ་བཞིའི་ལྷོའི་རྒྱལ་ཁབ་དུམ་བུ་གཅིག་ལུ་བསྒྱུར་གནང་མི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་འབྲུག་པ་རིན་པོ་ཆེ་སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་ ལྗོངས་འདི་ནང་འགོ་ཐོག་གདན་འདྲེན་ཞུ་མི་བུ་སློབ་ཡོན་བདག་ཚུ་གི་གྲས་ལས་ཐོག་མ་ཨིན་མི་ སྡེ་སྲིད་ཆེན་པོ་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་གྱི་འཁྲུངས་ཡུལ་ཨིན་པ་གིས་མ་ཚད་ སྐྱབས་མགོན་རིན་ཆེའི་ཞབས་སོར་བཀོད་པའི་འབྱོན་ལམ་ཡང་ བོད་འབྲུག་གཉིས་ཀྱི་བར་ཡོད་པའི་ཝ་སྐད་ལ་བརྒལ་ཏེ་ ལ་ཡག་ལུང་མགོ་ལས་བརྒྱུད་དེ་དགའ་ས་རྫོང་ཁག་ནང་ལུ་བྱོན་བྱོནམ་ཨིན་མས། སྡེ་སྲིད་དབུ་མཛད་ཆེན་མོ་བསྟན་འཛིན་འབྲུག་རྒྱལ་འདི་ གྲུབ་ཐོབ་གཏེར་ཁུངས་པའི་བརྒྱུད་འཛིན་དགོན་འོབ་འཚོ་བླ་མའི་བརྒྱུད་པ་ཨིནམ་ལས་ དེ་གི་རྫོང་ཤུལ་འདི་ད་ལྟོའི་བར་ན་ཡང་མཇལ་ཚུགསཔ་ཨིན།
སྤ་རོ།
[ཞུན་དག]༉ སྤ་རོ་རྫོང་ཁག་འདི་ རྒྱལ་ས་ལྟེ་བ་ལས་ནུབ་བྱང་ཁ་ཐུག་ལུ་ རྒྱ་མཚོ་མཐའ་མ་ལས་མཐོ་ཚད་མི་ཊར་ ༢,༢༥༠ གི་ས་གནས་ཁར་ཆགས་ཏེ་ཡོདཔ་ཨིན། དེ་ཡང་ ཧཱ་དང་ཐིམ་ཕུག་རྫོང་ཁག་གཉིས་ཀྱི་ས་མཚམས་ཚུ་མཐུད་ཡོདཔ་མ་ཚད་ བྱང་ཁ་ཐུག་ལུ་ ཡོངས་གྲགས་ཅན་གྱི་ཇོ་མོ་ལྷ་རི་གངས་དང་ སྔོན་མ་བོད་འབྲུག་གཉིས་ཀྱི་བར་ན་ ཚོང་འབྲེལ་འཐབ་སའི་ས་གནས་གཙོ་བོ་ཅིག་ཨིན་མི་ ཕག་རི་ཟེར་མི་དེ་ཁར་འགྱོ་སའི་ལམ་འདི་ཡང་ རྫོང་ཁག་འདི་ནང་ལས་སྦེ་འགྱོ་དགོཔ་ཨིན། སྤ་རོ་རྫོང་ཁག་གི་སའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡༢༩༣ དེ་ཅིག་ཡོདཔ་དང་ རྒེད་འོག་ ༡༠ ནང་ལུ་ མི་རློབས་ཡོངས་བསྡོམས་ ༣༥,༢༦༠ ཡོདཔ་ཨིན། བསིལ་དྲོད་ཀྱི་ཐད་ལུ་འབད་བ་ཅིན་ གནམ་བྱཱར་ལུ་ དྲོད་ཚད་ཌི་གི་རི་ ༢༦ ལས་ ༡༤ ཚུན་དང་ གནམ་དགུན་ལུ་ དྲོད་ཚད་ཌི་གི་རི་ ༡༤ ལས་ མའི་ནསི་ ༥ ཚུན་ལུ་འབབ་ཨིན།
སྤ་རོ་འདི་ ཚ་དྲོད་ལྡན་པའི་ས་གནས་ཅིག་འབདཝ་ལས་ ཤིང་འབྲས་དང་འབྲུ་སྣ་དགུའི་རིགས་ཚུ་ག་ཅི་ར་བཙུགས་རུང་ ཚོ་ཚུགས་པའི་ཁར་ འབྲུག་གཞུང་གི་ཁ་ཐུག་ལས་ སོ་ནམ་འཕྲུལ་ཆས་ཀྱི་རྒྱབ་སྐྱོར་རྒྱ་ཆེ་དྲགས་སྦེ་ གནང་ཡོད་མི་ལས་བརྟེན་ མི་སེར་སོ་ནམ་པ་མང་ཤོས་ར་ ཞིང་ལཱ་འབད་ནིའི་ནང་གཙོ་བོ་བཏོན་ཏེ་ཡོད། ང་བཅས་རའི་རྒྱལ་ཁབ་ནང་ལུ་ རྒྱལ་སྤྱིའི་གནམ་གྲུ་ཐང་ཕུད་རྡོག་གཅིག་ལས་མེད་མི་འདི་ རྫོང་ཁག་འདི་ནང་ཨིནམ་ལས་བརྟེན་ རྒྱལ་སྤྱི་དང་མཐུད་འབྲེལ་འབད་སའི་ས་ཁོངས་གལ་ཅན་ཅིག་ཡང་ཨིན། དེ་གིས་སྦེ་ སྤ་རོ་གྱི་ཚོང་པ་དང་ སོ་ནམ་པ་ཚུ་ལུ་ཡང་ ལག་བཟོ་དང་སོ་ནམ་གྱི་ཐོན་སྐྱེད་ཚུ་ ཕྱི་ནང་གི་ལྟ་བཤལ་པ་ཚུ་དང་གཅིག་ཁར་ཚོང་འབྲེལ་འཐབ་སྟེ་ ཁེ་ཕན་སྦོམ་སྦེ་བྱུང་སྟེ་ཡོདཔ་ཨིན།
སྤ་རོ་རྫོང་ཁག་འདི་ འབྲུག་པའི་རྒྱལ་རབས་ནང་ལུ་ ག་ནི་བ་རྩ་བའི་རྫོང་ཁག་ཅིག་སྦེ་ཚུད་དེ་ཡོདཔ་ཨིན། དེ་ཡང་ སྔོན་བྱོན་རྒྱལ་བ་གོངམ་མང་རབས་ཅིག་གི་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ལེ་ཤ་ཡོད། དཔེར་ན། སྔོན་དུས་རབས་བདུན་པའི་ནང་ལུ་ བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ བཞེངས་གནང་བའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་གྲས་ལས་ སྐྱེར་ཆུ་ལྷ་ཁང་དང་།
དུས་རབས་བརྒྱད་པའི་ནང་ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་གིས་ བྱིན་གྱིས་བརླབས་པའི་གནས་ཆེན་ སྟག་ཚང་སེང་གེ་བསམ་གྲུབ་ཀྱིས་གཙོས་པའི་ཆུ་མོ་ཕུག། འབུམ་བྲག། ར་རྒོད། སེང་གེ་བྲག་ལ་སོགས་པ་དང་ ཤུལ་ལས་རྒྱལ་དབང་ཆོས་རྗེ་དང་། འབྲུག་ཆེན་ངག་དབང་ཆོས་རྒྱལ། ཆོས་རྗེ་ཀུན་དགའ་ལེགས་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། གཏེར་སྟོན་ཚེ་རིང་རྡོ་རྗེ། གཏེར་སྟོན་ཚེ་བརྟན་རྒྱལ་མཚན། གཏེར་སྟོན་ཤེས་རབ་མེ་འབར་ལ་སོགས་པ་ གསར་རྙིང་རིས་སུ་མ་ཕྱིས་པའི་སྐྱེས་ཆེན་དམ་པ་ཚུ་གིས་ གདན་ས་ལེ་ཤ་ཕྱག་བཏབ་ཡོད་མི་ཚུ་ད་ལྟོའི་བར་ན་ཡང་ ཕྱག་གི་གནས་དང་མཆོད་པའི་ཡུལ་ལུ་ཀུན་གྱིས་མཇལ་ས་ཡོདཔ་ཨིན།
ལྷག་པར་དུ་ དུས་རབས་བཅོ་བདུན་པའི་ནང་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་འབྲུག་པ་རིན་པོ་ཆེ་ ངག་དབང་བདུད་འཇོམས་རྡོ་རྗེ་གིས་ རྒྱལ་ཁབ་འདི་ནང་ ཆོས་སྲིད་ལུགས་གཉིས་ཀྱི་ཆབ་སྲིད་སྐྱོང་བའི་སྐབས་ལུ་ འབྲུག་ནུབ་ཕྱོགསཔ་ཡོངས་ཀྱི་སྐྱིད་སྡུག་གི་རྒྱབ་ཞུ་ས་དང་ ལེགས་ཉེས་ཀྱི་གཤན་འབྱེད་ས་ འདི་ཕྱི་གི་རེ་བའི་སྐྱབས་བསྟེན་སའི་རྫོང་གཞི་ལྟེ་བ་ ནོརབུ་རིན་ཆེན་སྤུངས་པའི་དབྱིབས་དང་འདྲ་བའི་སྒང་གུར་ རྫོང་གཞི་གསར་བཞེངས་གནང་སྟེ་ འབྲུག་རིན་ཆེན་སྤུང་རྫོང་ཟེར་མཚན་གསོལ་ཡོད་མི་འདི་ ད་ལྟོའི་བར་ན་ཡང་ལུགས་གཉིས་ཀྱི་ཆབ་སྲིད་བསྐྱང་སའི་ལྟེ་བ་སྦེ་ བརྒྱུད་པའི་ཕྱག་སྲོལ་མ་ཉམས་པར་ཡོདཔ་ཨིན།
ད་རེས་ རྫོང་ཁག་འདི་གི་མངའ་འོག་ལུ་ ནང་འཁོད་སྡེ་ཚན་ ༡༧ དང་ རྒེད་འོག་ ༡༠ དེ་ལས་ རང་བཞིན་སླར་བྱུང་ཐོན་སྐྱེད་ཀྱི་རྒྱ་སྐྱེད་ཡིག་ཚང་ ༡༠ ། དེ་བཟུམ་སྦེ་ འབྲིང་རིམ་སློབ་གྲྭ་གོང་མ་ ༢ དང་། སློབ་གྲྭ་ལྟེ་བ་ ༢ ། འབྲིང་རིམ་བར་མ་ ༤ ། འབྲིང་རིམ་འོག་མ་ ༥ ། སློབ་གྲྭ་ཆུང་བ་ ༧ ། སྒེར་གྱི་སློབ་གྲྭ་ ༩ བརྩིས་ཏེ་སློབ་གྲྭ་ཡོངས་བསྡོམས་ ༢༩ ཡོདཔ་ཨིན།
དེང་སང་དུས་ཀྱི་འཕོ་འགྱུར་དང་བསྟུན་ མི་སྡེའི་ཞབས་ཏོག་ཚུ་ དགོས་མཁོ་དང་འཁྲིལ་ ཁྱད་རིག་དང་ལྡན་པའི་ཐོག་ལས་ མི་སྡེའི་དཔལ་འབྱོར་འདྲ་མཉམ་ཐོག་ལས་སྤུས་ཚད་ཅན་དང་ དུས་ཐོག་ལུ་ཕུལ་ཚུགས་ནི་གི་འཆར་སྣང་། མི་སེར་ཚུ་གིས་ དབང་ཚད་ཕྱིར་སྤེལ་ལུ་རང་དབང་སྤྱོད་ཐོག་ལས་ རང་ལུགས་ལམ་སྲོལ་གྱི་ཕྱུག་པའི་ཁར་ དགའ་སྐྱིད་དང་ལྡན་པའི་ཐོག་ལུ་ མི་སྡེའི་དཔལ་འབྱོར་གོང་འཕེལ་འགྱོ་སྟེ་ཡོདཔ་བཟོ་ནི་གི་དམིགས་གཏད་བསྐྱེདཔ་ཨིན།
སྤུ་ན་ཁ།
[ཞུན་དག]༉ སྤུ་ན་ཁ་རྫོང་ཁག་འདི་ རྒྱལ་ས་ལྟེ་བ་ལས་ནུབ་བྱང་ཁ་ཐུག་ལུ་ རྒྱ་མཚོ་མཐའ་མ་ལས་མཐོ་ཚད་མི་ཊར་ ༡༡༠༠ ལས་ ༢༥༠༠ གི་ས་གནས་ཁར་ཆགས་ཏེ་ཡོདཔ་ཨིན། དེ་ཡང་ བྱང་ཕྱོགས་ལུ་དགའ་ས་དང་ ནུབ་ཕྱོགས་ལུ་ཐིམ་ཕུག། ཤར་དང་ལྷོ་ཕྱོགས་ལུ་དབང་འདུས་ཕོ་བྲང་རྫོང་ཁག་ཚུ་གིས་བསྐོར་ཏེ་ཡོད། སྤུ་ན་ཁ་རྫོང་ཁག་གི་སའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡༢༤༢ དེ་ཅིག་ཡོདཔ་དང་ རྒེད་འོག་ ༡༡ ནང་ལུ་ མི་རློབས་ཡོངས་བསྡོམས་ ༦༢༦༢ ཡོདཔ་ཨིན། རྒེད་འོག་བཅུ་གཅིགཔོ་འདི་ཡང་ བརཔ་དང་ཆུ་སྦུག། འཛོམས་མི། དགོན་ཤར་རི། གུ་མ། དཀར་སྦི་ས། གླིང་མུ་ཁ། ཤེལ་རྔ་ན། རྟ་ལོག། སྟོད་པའི་ས། སྟོད་ཝང་ཚུ་ཨིན།
སྤུ་ན་ཁ་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ ག་ནི་བ་རྩ་ཆེ་བའི་རྒྱལ་རབས་ཅན་གྱི་རྫོང་ཁག་ཅིག་སྦེ་རྩིཝ་ཨིན། དེ་ཡང་ དཔལ་འབྲུག་པ་རིན་པོ་ཆེ་སྐྱབས་མགོན་གོང་མ་ངག་དབང་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གིས་ སྤྱི་ལོ་ ༡༦༣༧ ལུ་གྲུ་འཛིན་གཉིས་པ་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་མེ་ཏོག་མདངས་འཕྲོག་འདི་བཞེངས་གནང་ཞིནམ་ལས་ ང་བཅས་ར་ཁ་བཞི་ལྷོའི་རྒྱལ་ཁབ་འདི་ དུམ་བུ་གཅིག་ལུ་བསྒྱུར་ཏེ་ ཆོས་སྲིད་ལུགས་གཉིས་ཀྱི་ལམ་སྲོལ་འགོ་ཐོག་དབུ་བཙུགས་གནངམ་མ་ཚད་ ཆོས་ཁྲིམས་དར་གྱི་མདུད་པ་བཞིན་དུ་བསྡོམས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་ལྗིད་ཀྱིས་མནན་ཏེ་ ཆབ་སྲིད་ཀྱི་འཁོར་ལོ་བསྒྱུར་གནང་སའི་ལྟེ་བ་ཅིག་འབད་ནི་དེ་གིས་ཨིན། དུས་དེ་ལས་ཚུར་ རིམ་པ་བཞིན་དུ་ ད་ཚུན་གྱི་བར་ན་བརྒྱུད་པའི་བར་མ་ཆད་པར་ དཔལ་འབྲུག་པ་རིན་པོ་ཆེ་གི་རྒྱལ་ཚབ་ མཁན་རབས་རིམ་བྱོན་གྱིས་གཙོས་པའི་སློབ་དཔོན་ལྷན་རྒྱས་ཚུ་དང་ འཕགས་པ་དགེ་འདུན་འདུས་པ་རྒྱ་མཚོའི་གནམ་དགུན་གྱི་བཞུགས་གནས་དང་ ལྷག་པར་དུ་ སྤྱི་ལོ་ ༡༩༠༧ ལུ་ང་བཅས་ར་ སྨན་ལྗོངས་ལྷ་མི་ཡོངས་ཀྱི་སྤྱི་མཐུན་དགེ་བའི་བསོད་ནམས་ཀྱི་འཐུ་ལས་བསྐྲུན་པའི་ མི་རྗེ་གོང་ས་ཨྱོན་དབང་ཕྱུག་མཆོག་ རྒྱལ་རབས་དང་པའི་གསེར་གུར་ཕེབས་ཏེ་ ལྗོངས་འདི་ནང་དབང་ཕྱུག་བརྒྱུད་འཛིན་གྱི་རིང་ལུགས་ཐོག་མ་དབུ་བརྙེས་ས་ཡང་ སྤུངས་ཐང་བདེ་བ་ཆེན་པའི་ཕོ་བྲང་འདི་ནང་ལུ་ཨིན།
སྤུ་ན་རྫོང་ཁག་འདི་ བསིལ་དྲོད་རན་ཏོག་ཏོ་ཡོདཔ་ལས་ ཆུམ་དང་ཚོད་བསྲེ། ཤིང་འབྲས་ཀྱི་རིགས་ཚུའཐོན་ས་ཅིག་ཨིནམ་ད་ དེ་གི་ནང་ལས་ དངུལ་ཐོག་གཙོ་བོ་འདི་ བྱཱ་དང་ཀར། གེ་ཟ། པད་ཀར་ཚུ་ཨིན། རྫོང་ཁག་འདི་ ལྟ་བཤལ་གྱི་ས་གནས་ཡོངས་གྲགས་ཅན་ཅིག་ཡང་ཨིན་མི་འདི་ཡང་ བྱིན་རླབས་ཅན་གྱི་སྤུ་ན་བདེ་བ་ཆེན་པའི་ཕོ་བྲང་དང་ རྟ་ལོག་གསང་སྔགས་ཆོས་གླིང་། ཁྱི་མེད་ལྷ་ཁང་། ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། ཀོ་མ་ཚ་ཆུ། ཆུ་སྦུ་ཚ་ཆུ་ཚུ་ནང་ཕྱི་ནང་གི་ལྟ་བཤལཔ་ཚུ་ནམ་ཟླ་དུས་བཞི་དང་བསྟུན་ཏེ་འོངམ་ཨིན།
རྒེད་འོག་ལྟེ་བ་ཆ་མཉམ་གྱིས་མ་ཚད་པར་ གཡུས་སྒོ་སྦོམ་ཤོས་ཚུ་ཡང་ སོ་ནམ་ཞིང་ལམ་མཐུད་སྦྲེལ་འབད་དེ་ཡོདཔ་ལས་ མི་སེར་བརྒྱ་ཆ་ ༩༨ ལྷགཔ་ཅིག་ སྣུམ་འཁོར་ལམ་ཁ་ལས་ རྐང་སྟོང་གི་དུས་ཡུན་ ཆུ་ཚོད་གཅིག་མ་ལངམ་ཅིག་ལུ་ མར་ཕབ་སོང་ཡོདཔ་ཨིན། དེ་མ་ཚད་ ཞབས་ཏོག་ཚུ་འདི་འཕྲོ་ལས་བྱིན་ཚུགས་ནི་གི་དོན་ལུ་ རྒེད་འོག་ག་རའི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དང་ གཞི་རྟེན་གསོ་བའི་སྨན་ཁང་ དེ་ལས་ སློབ་གྲྭ་ཚུ་སྟབས་བདེ་བའི་ས་གོ་ཚུ་ནང་ ལངམ་སྦེ་གཞི་བཙུགས་འབད་དེ་ཡོད།
སྤྱི་ལོ་ ༢༠༡༥ ལོའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཞིབ་འཇུག་སྙན་ཞུ་དང་འཁྲིལཝ་ད་ སྤུ་ན་ཁ་རྫོང་ཁག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཚད་གཞི་ ༠.༧༥༨ ཐོབ་སྟེ་ དབྱེ་ཁག་འབྲིང་ནང་ཚུད་ཡོདཔ་ཨིན། རྫོང་ཁག་འདི་ནང་ གློག་མེ་དང་འགྲུལ་འཕྲིན་གྱི་ཁྱབ་ཚད་ བརྒྱ་ཆ་ ༡༠༠% ཡོདཔ་དང་ མི་སེར་ཚུ་གིས་ དངུལ་གཏོང་ལེན་གྱི་ཞབས་ཏོག་དང་ སྐྱིན་འགྲུལ་གྱི་ཞབས་ཏོག་ལེན་ནིའི་དོན་ལུ་ རྒེད་འོག་ཆ་མཉམ་ནང་ མི་སྡེ་ལྟེ་བ་ཚུ་གཞི་བཙུགས་འབད་དེ་ཡོད།
རྫོང་ཁག་འདི་གི་འཆར་སྣང་འདི་ གཞུང་སྐྱོང་ལེགས་ལྡན་དང་ལམ་སྲོལ་ཕྱུགཔོ་ དེ་ལས་ རང་བཞིན་གནས་སྟངས་ཉམས་པ་མེད་པའི་སྒོ་ལས་ཞི་བདེ་དང་ རང་མགོ་རང་འདྲོང་གི་མི་སྡེ་བཟོ་ནི་དང་། རྫོང་ཁག་གི་མི་སེར་ཚུ་གི་དགོས་མཁོ་དང་ རེ་འདོད་ཚུ་སྒྲུབ་ཐབས་ལུ་ སྤུས་ཚད་ཅན་གྱི་ཞབས་ཏོག་ཚུ་ མི་སྡེ་དཔལ་འབྱོར་གོང་འཕེལ་ཆ་སྙོམས་པའི་སྒོ་ལས་ ལྷག་བསམ་རྣམ་དག་གི་ཁྱད་རིགཔ་ཚུ་བརྒྱུད་དེ་ འཕྲལ་མགྱོགས་སྦེ་བྱིན་ནི་ལུ་དམིགས་གཏད་བསྐྱེད།
ཐིམ་ཕུག།
[ཞུན་དག]༉ ཐིམ་ཕུག་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཨིན་པའི་ཁར་ རྒྱལ་ཁབ་ནང་འཁོད་ཀྱི་ཁྲོམ་སྡེ་ཚུ་ལས་སྦོམ་ཤོས་ཅིག་ཡང་ཨིན། རྫོང་ཁག་འདི་ཤར་ནུབ་དབུས་གསུམ་ལས་ ནུབ་ཕྱོགས་ཁ་ཐུག་ལུ་ རྒྱ་མཚོ་མཐའ་མ་ལས་མཐོ་ཚད་མི་ཊར་ ༢༣༣༠ གི་ས་གནས་ཁར་ཆགས་ཏེ་ཡོདཔ་ཨིན། དེ་ཡང་ ནུབ་ཁ་ཐུག་ལུ་འབད་བ་ཅིན་ སྤ་རོ་དང་ ཤར་ཁ་ཐུག་ལུ་འབད་བ་ཅིན་སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་རྫོང་ཁག་ཚུ་གིས་བསྐོར་ཏེ་ཡོད། ཐིམ་ཕུག་རྫོང་ཁག་གི་སའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༡,༧༩༥,༨༦༨ དེ་ཅིག་ཡོདཔ་དང་ དྲུང་ཁག་ ༡ རྒེད་འོག་ ༨ སྤྱི་འོག་ ༤༠ གཡུས་ཚན་ ༡༩༤ དང་ ཁྱིམ་གུང་ ༡༨༩༠ ཡོདཔ་ཨིན། རྒེད་འོག་བརྒྱདཔོ་འདི་ཡང་ ལྕང་། ཀ་ཝང་། དར་དཀར་ལ། དགེ་བསྙེན། སྨད་ཝང་། གླིང་བཞི། སྲོས། ན་རོ་ཚུ་ཨིནམ་དང་ དེ་གི་ནང་ལས་ སྲོས་དང་གླིང་བཞི། ན་རོ་གསུམ་འདི་ གླིང་བཞི་དྲུང་ཁག་གིས་ལྟ་རྟོག་དང་འཛིན་སྐྱོང་འབད་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ འབྲུག་གི་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༠༥ ཅན་མ་དང་འཁྲིལ་བ་ཅིན་ རྫོང་ཁག་འདི་ནང་ མི་འབོར་ཡོངས་བསྡོམས་ ༡༣,༧༤༤ ཡོདཔ་དང་ དེ་གི་ནང་ལས་ ༨,༠༤༡ ཕོ་སྐྱེས་དང་ ༥༧༠༣ ཨམ་སྲུ་ཨིན་མས།
རྫོང་ཁག་འདི་ནང་གི་ཁྲོམ་འདི་ རྒྱལ་ཁབ་ནང་འཁོད་ཀྱི་ཁྲོམ་ཚུ་གི་གྲས་ལས་སྦོམ་ཤོས་ཅིག་ཨིན། དེ་ཡང་སའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༢༢༤༨ ལས་ ༢༦༤༨ གི་བར་ན་ཡོདཔ་དང་ རྫོང་ཁག་ཤར་ནུབ་ག་ཏེ་ལས་ཀྱི་མི་ཚུ་ཡང་ ཁྲོམ་འདི་ནང་འཛོམས་ཏེ་ཡོདཔ་ཨིན། ཁྲོམ་འདི་གིས་ ལུང་ཕྱོགས་ནང་ལུ་ ལམ་སྲོལ་སྲ་བརྟན་དང་ གོང་འཕེལ། ཉེན་སྲུང་ལྡནམ་སྦེ་སྡོད་ཚུགས་པའི་དཔེ་སྟོན་གྱི་ཁྲོམ་ཅིག་བཟོ་ནིའི་ནང་ འཆར་སྣང་བསྐྱེདཔ་ཨིན་མས། དེ་བཟུམ་སྦེ་ ཁྲོམ་སྡེའི་ཞབས་ཏོག་དང་མཐུན་རྐྱེན་ཚུ་ འཇམ་ཏོང་ཏོ་དང་ ཕན་ནུས་ཅན་ དེ་ལས་འདྲ་མཉམ་གྱི་ཐོག་ལས་བྱིན་ནི་དང་། འབྲུག་པའི་མི་སྡེ་ལམ་སྲོལ་དང་ དཔལ་འབྱོར། རང་བཞིན་གནས་སྟངས། ཁྲོམ་སྡེའི་མ་དངུལ་ཡུན་བརྟན་ཚུ་ཡར་རྒྱས་གཏང་ནི་ལུ་དམིགས་གཏད་སྐྱེད་དོ་ཡོདཔ་ཨིན།
ཐིམ་ཕུག་འདི་ འབྲུག་གི་རྒྱལ་ས་ལྟེ་བ་འབད་ནི་དེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐུ་འཁོར་ལྷན་རྒྱས་ཀྱི་བཞུགས་གནས་ རྗེ་མཁན་རིན་པོ་ཆེ་གིས་གཙོས་པའི་གཞུང་དགེ་འདུན་གྲྭ་ཚང་གི་གནམ་བྱཱར་གྱི་བཞུགས་གནས་དང་ བཙག་འཐུ་ལས་གྲུབ་པའི་གཞུང་སྐྱོང་དབུ་ཁྲིདཔ་ བློན་ཆེན་གྱིས་གཙོས་པའི་བློན་པོ་ལྷན་རྒྱས་དང་ མི་སེར་སྐུ་ཚབ་ཆེ་བསྟོད་ཅན་གྱི་འཐུས་ཚུ་གི་ཡིག་ཚང་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ལྷན་ཁག་བཅུ་ཐམ་དང་ གཞུང་དང་སྒེར་གྱི་ཞི་དྲག་ཁག་གི་ཡིག་ཚང་ཆ་མཉམ་ར་རྒྱལ་ས་ཐིམ་ཕུག་ལུ་ཆགས་ཏེ་ཡོད།
སྤྱིར་བཏང་ཐིམ་ཕུག་འདི་ ང་བཅས་རའི་རྒྱལ་རབས་ནང་ལུ་ ག་ནི་བ་རྩ་ཆེ་བའི་ས་གནས་ཁྱད་པར་ཅན་ཅིག་སྦེ་རྩིཝ་ཨིན། དེ་ཡང་ བྱིན་རླབས་ཆེ་བའི་གནས་ཆེན་མང་རབས་ཅིག་ཡོད་པའི་གྲས་ལས་ བཀའ་བརྒྱུད་བསྟན་པའི་ཆུ་འགོ་ཐོག་མ་དྲངས་མི་རྟོགས་ལྡན་ཕ་ཇོ་རིན་པོ་ཆེ་ལུ་ ཨྱོན་རིན་པོ་ཆེ་གིས་ལུང་བསྟན་པའི་སྒྲུབ་གནས་བཅུ་གཉིས་ཀྱི་གྲས་ལས་ རྟ་མགོ་ཆོས་དབྱིངས་རྫོང་དང་ གླིང་བཞི་བྱ་རྒོད་རྫོང་། གླང་ཐང་ཕུག། རྩེ་དོང་དོ་བ་ཕུག། དགའ་བ་ཕུག། ཐུགས་རྗེ་བྲག་ དང་བསྟན་སྲུང་ཆེན་པོ་དགེ་བསྙེན་ཇག་པ་མེ་ལེན་གྱི་གནས་ཁང་བདེ་ཆེན་ཕུག། དེ་བཟུམ་སྦེ་འབྲུག་ཆེན་གོང་མ་ཡབ་སྲས་ཚུ་གི་གདན་ས་འབྲུག་ཕོ་བྲང་སྡིང་དང་ རྟ་ལང་ཁ་ལ་སོགས་པ་ལེ་ཤ་ཡོད་པའི་ཁར་ ལྷག་པར་དུ་ དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་བསྟན་འཛིན་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་ ཉི་མ་ལྷོའི་ཕྱོགས་ལུ་ཆིབས་ཁ་བསྒྱུར་ཏེ་ཕེབས་ལམ་ཡང་ ལ་ཡག་ལས་སྦེ་གླིང་བཞི་བརྒྱུད་དེ་འགོ་ཐོག་ཐིམ་ཕུག་སྤང་རི་ཟམ་པ་ལུ་ཕེབས་གནང་ནུག། སྐྱབས་མགོན་ཁོང་གི་གདན་དང་པ་ ལྕགས་རི་རྡོ་རྗེ་གདན་གྱིས་གཙོས་པའི་ཕྱི་ནང་གསང་གསུམ་གཡུལ་ལས་རྒྱལ་བའི་སྒྲུབ་གནས་ རྟ་མགོ་བདུད་འདུལ་ཕུག་ ལུགས་གཉིས་བསྟན་པ་གསལ་བར་བྱེད་པའི་ཆ་རྐྱེན་ དཔལ་འབྲུག་པའི་སྲོག་རྫོང་ཆེན་མོ་ཚུ་གི་གྲས་ལས་དང་པ་ གསང་སྔགས་ཟབ་དོན་ཕོ་བྲང་འདི་ཡང་ རྫོང་ཁག་འདི་ནང་ཡོདཔ་ཨིན།
དེ་མ་ཚད་ སྤྱི་ལོ་ ༡༩༦༡ རྒྱལ་ས་ལྟེ་བ་འདི་ཐིམ་ཕུག་ལུ་སྤོ་ཞིནམ་ལས་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་བརྒྱུད་རིམ་བྱོན་ཚུ་གིས་ རྒྱལ་ཁབ་གོང་འཕེལ་དང་ མི་སེར་བདེ་སྐྱིད་ཀྱི་ཆབ་སྲིད་སྐྱོང་སའི་ལྟེ་བ་འདི་ཡང་ བཀྲིས་ཆོས་རྫོང་ཕོ་བྲང་ནང་ལུ་འབདཝ་ལས་ རྫོང་འདི་ནང་མི་དབང་བདག་རིན་པོ་ཆེ་མཆོག་ཡིག་ཚང་དང་ ལྷན་ཁག་གི་ཡིག་ཚང་། དེ་བཟུམ་སྦེ་ རྗེ་མཁན་རིན་པོ་ཆེ་གི་གཟིམ་ཅུང་དང་ སློབ་དཔོན་ལྷན་རྒྱས་ཀྱིས་གཙོས་པའི་གཞུང་དགེ་འདུན་འདུས་པ་རྒྱ་མཚོའི་བཞུགས་གནས་ཡང་ཨིན།
ཁུངས་གཏུག།
[ཞུན་དག]- Wikipedia contributors. (2021). Daga, Bhutan. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Daga,_Bhutan&oldid=1033941705.
- Wikipedia contributors. (2021). Lhuntse District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Lhuntse_District&oldid=1036483754
- Wikipedia Contributors. (2021). Mongar District. In Wikipedia. The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Mongar_District&oldid=1036483996
- Wikipedia contributors. (2021). Samtse District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Samtse_District&oldid=1059818481
- Wikipedia contributors. (2021). Sarpang District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Sarpang_District&oldid=1053149274
- Wikipedia contributors. (2021). Trongsa District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Trongsa_District&oldid=1053335734
- Wikipedia contributors. (2021). Zhemgang. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Zhemgang&oldid=1012781228
- Wikipedia contributors. (2021). Chukha District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Chukha_District&oldid=1053307238
- Wikipedia contributors. (2021). Haa district. In Wikipedia, The Free Encyclopedia. Retrieved from https://nl.wikipedia.org/w/index.php?title=Haa_(district)&oldid=49239570.
- Wikipedia contributors. (2021). Pemagatshel District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Pemagatshel_District&oldid=1055317735
- Wikipedia contributors. (2021). Samdrup Jongkhar. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Samdrup_Jongkhar&oldid=1052289019
- Wikipedia contributors. (2021). Trashiyangtse District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Trashiyangtse_District&oldid=1061611825
- Wikipedia contributors. (2021). Trashigang. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Trashigang&oldid=1052260622
- Wikipedia contributors. (2021). Tsirang District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Tsirang_District&oldid=1053320229
- Wikipedia contributors. (2021). Bumthang District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Bumthang_District&oldid=1054708894
- Wikipedia contributors. (2021). Gasa District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Gasa_District&oldid=1057304309
- Wikipedia contributors. (2021). Paro District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Paro_District&oldid=1036482740
- Wikipedia contributors. (2021). Punakha District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Punakha_District&oldid=1036483190
- Wikipedia contributors. (2021). Thimphu. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Thimphu&oldid=1062389807