Jump to content

སའུཐ་ཨཕ་རི་ཀ་

Wikipedia ལས།
སའུཐ་ཨཕ་རི་ཀ་

སའུཐ་ཨཕ་རི་ཀ་

སའུཐ་ཨཕ་རི་ཀ་འདི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ ཨཕ་རི་ཀ་གི་གླིང་ཆེན་ནང་ ལྷོ་ཁ་ཐུག་ལུ་གནས་ཏེ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་མཐའ་སྐོར་ཏེ་རྒྱ་མཚོ་ཡོདཔ་དང་ རྒྱལ་ཁབ་ནང་ན་ལུ་ ས་ཁ་མཐོ་ས་དང་དམའ་བའི་ཐང་དགའ་ཏོག་ཏོ་ལེ་ཤ་ཡོད། རྒྱལ་ཁབ་འདི་གིས་ས་མཚམས་འདི་ རྒྱལ་ཁབ་༥ དང་མཐུད་དེ་ཡོདཔ་དང་ དེ་ཚུ་ཡང་ མོ་ཛམ་བིཀ། བོཊསི་ཝ་ན། ན་མི་བི་ཡ། སོ་ཝ་ཛི་ལེནཌ། ཛིམ་ཝབ་ཝེ་ཚུ་ཨིན། རྒྱལ་ཁབ་དེ་གི་སའི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་ཞི་ ༡༢,༢༡,༠༠༠ ༼ས་ཡ་གཅིག་དང་ཉིས་འབུམ་ཉིས་ཁྲི་གཅིག་སྟོང་ཐམ་པ་༽ ཡོདཔ་ཨིན།

རྒྱལ་ཁབ་འདི་ནང་ སྤྱི་ལོ་༢༠༢༡ ལོའི་ཐོ་དང་འཁྲིལཝ་དང་ མི་རློབས་བསྡོམས་ས་ཡ་༦༠ ཡོདཔ་ཨིན། རྒྱལ་ཁབ་འདི་ལུ་རྒྱལ་ས་ལྟེ་བ་གསུམ་ཡོདཔ་དང་ དེ་ཡང་བདག་སྐྱོང་གི་རྒྱལ་ས་ལྟེ་བ་འདི་ པིརི་ཊོ་རི་ཡ་དང་ དྲང་ཁྲིམས་ཀྱི་རྒྱལ་ས་ལྟེ་བ་འདི་ བུལུམ་ཕཱོན་ཊེན་ དེ་ལས་ ཁྲིམས་བཟོའི་རྒྱལ་ས་ལྟེ་བ་འདི་ ཀེཔ་ཊའུན་ཨིན། ཨིན་རུང་ ཁྲོམ་སྦོམ་ཤོས་འདི་ ཇོ་ཧ་ནེསི་བརག་ཨིན། རྒྱལ་ཁབ་ནང་ གཞུང་འབྲེལ་དུ་ཁ་སྐད་༡༡ ལག་ལེན་འཐབ་དོ་ཡོདཔ་ཨིན།

མི་ཚུ་གིས་ཆོས་ལུགས་ཁག་དག་པ་ཅིག་རང་ལག་ལེན་འཐབ་ཡོད་རུང་ མི་རློབས་བརྒྱ་ཆ་ ༨༠ དེ་ཅིག་གིས་ཡེ་ཤུ་པའི་ཆོས་ལུགས་འདི་ལུ་མོས་གུས་བསྐྱེད་དེ་ལག་ལེན་འཐབ་སྲོལ་འདུག།

རྒྱལ་ཁབ་འདི་ནང་ཁོང་རའི་མི་རིགས་གནགཔོ་ཚུ་མང་སུ་ཡོདཔ་དང་ཕྱི་གླིང་པ་དཀརཔོ་ཚུ་ཡང་ཡོདཔ་ཨིན། མི་གནགཔོ་འདི་བརྒྱ་ཆ་༨༡ ། སླ་བསྲེ་མི་རིགས་བརྒྱ་ཆ་༩ ། ཕྱི་གླིང་པ་བརྒྱ་ཆ་༨ ། ཨེ་ཤི་ཡ་ལས་བརྒྱ་ཆ་༢ ཡོདཔ་ཨིན། དུས་རབས་༡༧ པའི་ཕྱེད་མཚམས་ལས་ ཕྱི་གླིང་པ་ཚུ་འོང་སྟེ་གཞིས་ཆགས་འབད་ཡོདཔ་དང་ དེ་ཡང་གཙོ་བོ་ར་ ནི་དར་ལེནཌ་རྒྱལ་ཁབ་ཀྱི་མི་ཁུངས་ཚུ་ཨིན་པས། ཕྱི་གླིང་པའི་མི་གཞན་ཡང་ ཇར་མ་ནི་དང་ ཕ་རནསི་ དེ་ལས་བིརི་ཊེན་རྒྱལ་ཁབ་ཚུ་ལས་འོང་ཡོདཔ་ཨིན་པས། ཕྱི་གླིང་པའི་མི་ཚུ་གིས་ རྒྱལ་ཁབ་འདི་དུས་རབས་༢༠ པ་ཚུན་དབང་ཡོདཔ་ཨིན། སྤྱི་ལོ་༡༩༩༠ གི་ལོ་གྲངས་ནང་མི་གནགཔོ་ཚུ་གིས་རང་དབང་འཐོབ་སྟེ་ དམངས་གཙོའི་གཞུང་གཞི་བཙུགས་འབད་ཡོདཔ་དང་ དེ་བསྒང་སྲིད་འཛིན་དང་པ་འདི་ ནེལ་སཱོན་མཱན་ཌེ་ལ་གིས་ སྤྱི་ལོ་༡༩༩༤ ལུ་མཛད་ཡོདཔ་ཨིན། སྤྱི་ལོ་༡༩༩༦ ལུ་རྩ་ཁྲིམས་ཅིག་ཡང་གསར་རྩོམ་འབད་ནུག།

རྒྱལ་ཁབ་འདི་ ས་འོག་གི་རང་བཞིན་ཐོན་སྐྱེད་སྐྱི་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། སྤྱི་ལོ་༡༨༦༧ ལུ་རྡོ་རྗེ་ཕ་ལམ་དང་ སྤྱི་ལོ་༡༨༨༦ ལུ་གསེར་ཐོབ་སྟེ་ དེ་བསྟུན་པའི་ས་གཏེར་ལཱ་ཚུ་འགོ་བཙུགས་ཏེ་ དེ་ནང་ཕྱི་རྒྱལ་ལས་སྤྲོ་བ་བསྐྱེད་མི་མི་ཚུ་ཡང་གཞིས་སྤོ་སྟེ་འོང་ནུག། དེ་གིས་མ་དོ་བར་ ཟངས། དངུལ། ལྕགས། ཚྭ། མེ་རླུང་ཚུ་གི་ས་གཏེར་ལཱ་ཡང་འབད་དེ་ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན། ས་ནམ་གྱི་ལཱ་ལུ་ཡང་བརྩོན་དོ་ཡོདཔ་ཨིན། རྒྱལ་ཁབ་དེ་གིས་ ཕྱིར་ཚོང་དང་ནང་འདྲེན་འདི་མང་ཤོས་རང་ རྒྱ་ནག། ཇར་མ་ནི། ཡིའུ་ཨེསི། ཡིའུ་ཀེ། རྒྱ་གར་རྒྱལ་ཁབ་ཚུ་དང་འབད་དོ་ཡོདཔ་ཨིན། ཕྱིར་ཚོང་འདི་མང་ཤོས་ས་གཏེར་དང་རྡོ་སོལ་ཚུ་ཨིནམ་དང་ ནང་འདྲེན་འདི་ས་སྣུམ་མར་ཁུ་རིགས། སྣུམ་འཁོར། འཕྲུལ་ཆས། བཞེས་སྒོའི་རིགས་ཚུ་ཨིན་པས།

"https://dz.wikipedia.org/w/index.php?title=སའུཐ་ཨཕ་རི་ཀ་&oldid=31266" ལས་ སླར་འདྲེན་འབད་ཡོདཔ།